ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

རྒྱལ་ཡོངས་ལ་མཚམས་སྦྱོར་བྱས་པའི་མི་རིགས་ཀྱི་དཔེ་ཆ་ཁྱད་འཕགས་པེ་ཅིན་དུ་བཀྲམས་སྟོན་བྱས།

2016-04-01 བྱམས་པ།
        ཟླ་4ཚེས་1ཉིན། མི་རིགས་རིག་གནས་ཕོ་བྲང་། མི་རིགས་དཔེ་སྐྲུན་ཁང་། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཞིས་ཁྲིན་ཁུལ་དྲིལ་བསྒྲགས་པུའུ་སོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་“སྐབས་དང་པོ་ནས་གསུམ་པའི་རྒྱལ་ཡོངས་ལ་མཚམས་སྦྱོར་བྱས་པའི་མི་རིགས་ཀྱི་དཔེ་ཆ་ཁྱད་འཕགས་བཀྲམས་སྟོན་”པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འགོ་ཚུགས་མཛད་སྒོ་སྤེལ།
        “རྒྱལ་ཡོངས་ལ་མཚམས་སྦྱོར་བྱས་པའི་མི་རིགས་ཀྱི་དཔེ་ཆ་ཁྱད་འཕགས་”ཀྱི་བྱེད་སྒོ་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཁང་གཉིས་ཀྱིས་2011ལོ་གནས་བཟུང་སྤེལ་བ་དང་། ལོ་གཉིས་རེའི་ནང་ཐེངས་གཅིག་སྤེལ་བ་ཡིན། དམིགས་ཡུལ་ནི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་དམངས་ཡོངས་ཀྱིས་དཔེ་ཀློག་གི་བྱ་འགུལ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཀྱི་དཔེ་ཆ་ཁྱད་འཕགས་ཀྱིས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་བླ་ལྷག་གིས་མངོན་རྒྱུ། མི་རིགས་པར་སྐྲུན་ལས་དོན་དར་རྒྱས་གཏོང་ཆེད་ཡིན།
         “རྒྱལ་ཡོངས་ལ་མཚམས་སྦྱོར་བྱས་པའི་མི་རིགས་ཀྱི་དཔེ་ཆ་ཁྱད་འཕགས་”གྱི་མཚན་སྙན་ཐོབ་པའི་དཔེ་ཆ་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་དམིགས་འབེན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྲོག་སྙིང་། མི་རིགས་ས་ཁུལ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་ལེགས་པོ་ཡོང་བ་བཅས་ཀྱིས་ནང་དོན་ཕུན་སུམ་ཚོགས་ལ་བརྗོད་དོན་འབུར་དུ་ཐོན་ཡོད། ཡིག་རིགས་ལ་རྒྱ་ཡིག་དང་བོད་ཡིག སོག་ཡིག ཡུ་གུར་གྱི་ཡི་གེ་སོགས་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཡི་གེ་རིགས་ཉི་ཤུ་ཉེ་བ་ལྷག་གི་དཔེ་ཆ་འདུས་ཡོད།
        ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྲིད་གཞུང་གི་དམངས་ཡོངས་དཔེ་ཀློག་ལ་གོམས་པ་དང་རིག་གནས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ཡོང་བ། སྐབས་20པའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་(ཟླ་4ཚེས་23ཉིན།)ཐོན་ལ་ཉེ་བའི་སྐབས་འདིར། “རྒྱལ་ཡོངས་ལ་མཚམས་སྦྱོར་བྱས་པའི་མི་རིགས་ཀྱི་དཔེ་ཆ་ཁྱད་འཕགས་”བཀྲམས་སྟོན་གྱི་བྱེད་སྒོ་སྤེལ་ནས།  བསྡོམས་པའི་དཔེ་སྣ་299དང་དཔེ་དེབ་1200ལྷག་གཅིག་བསྡུས་ཀྱིས་བཀྲམས་ཡོད། རྒྱ་ཆེའི་སྤྱི་ཚོགས་དམངས་མང་གིས་ཉེ་བའི་ལོ་དྲུག་རིང་གི་རང་རྒྱལ་གྱི་མི་རིགས་པར་སྐྲུན་ལས་རིགས་ཀྱི་གྲུབ་འབྲས་གསར་བ་ཤེས་རྟོགས་བྱེད་པ་དང་གྲངས་ཉུང་མི་རིགས་ཁག་གི་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། 
        བཀྲམས་སྟོན་འགོ་ཚུགས་ཀྱི་མཛད་སྒོའི་སྟེང་དཔེ་ཀློག་དང་དཔེ་ཆ་སྦྱིན་པ་སོགས་ཀྱི་བྱ་འགུལ་རིམ་པར་སྤེལ། པེ་ཅིན་གྱི་ལས་རིགས་ཁག་གི་ལས་བྱེད་པ་དང་གསར་འགོད་པ། གྲོང་མི་སོགས་མི་བརྒྱ་ལྷག་མཛད་སྒོར་ཞུགས་ཡོད།
བཀྲམས་སྟོན་ཟླ་4ཚེས་10ཉིན་བར་སྤྱི་ཚོགས་ཡོངས་ལ་སྒོ་ཕྱེ་ཡོད།
 
འབྲེལ་ཡོད་རྩོམ་ཡིག