ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ནོ་པེལ་གྱི་བྱ་དགའ་ཐོབ་པའི་རྩོམ་པ་པོ་མའོ་ཡན་གྱི་ཚོགས་གཏམ། དབུལ་ཕྱུག་དང་འདོད་སྲེད།

2016-05-03

༼སྐྱ་བོས་བོད་ཡིག་ཏུ་བསྒྱུར།༽

 

                         ___རྩོམ་འདི་༢༠༡༠ལོའི་ཟླ་༡༢པའི་ཚེས་༤ཉིན་ཉི་ཧོང་དུ་བསྡུས་པའི་ཤར་ཨེ་ཤ་ཡའི་རྩོམ་རིག་གླེང་སྟེགས་ནས་གཏམ་བཤད་པ་ཡི་གེར་ཕབ་པའོ།།

         ཐོག་མར་གླེང་སྟེགས་འདིར་དེ་འདྲའི་བརྗོད་དོན་གྱ་ནོམ་པ་ཞིག་གིས་ཕྱུག་པར་བྱས་པ་ལ་ཉི་ཧོང་གི་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞིང་རྗེས་སུ་ཡི་རངས་ཞུ་བ་ཡིན། མིའི་རིགས་ཀྱི་འཇིག་རྟེན་ནི་ཕྱི་ནས་བལྟས་ན་ཚ་ཚ་འུར་འུར་དང་། མགོ་མེད་མཇུག་མེད། ཁྲ་ཁྲ་རིག་རིག བག་མེད་ལང་ཤོར་ཡིན་པ་འདྲ་མོད། འོན་ཏེ་ཞིབ་ཏུ་བསམ་ན་རྩ་བའི་ཆ་ནས་དབུལ་བོ་རྣམས་ཀྱིས་འབྱོར་ཕྱུག་ལ་རེ་བ་དང་། འབྱོར་ལྡན་རྣམས་ཀྱིས་སྐྱིད་པའི་ལོངས་སྤྱོད་དང་རྩེད་མོར་རེ་བ་ལས་མ་འདས། རྒྱ་ནག་གི་གནའ་དུས་ཀྱི་མཁས་པ་ཆེན་མོ་སི་མ་ཆན་དུ་གྲགས་པ་དེས། “སྐྱེ་འགྲོ་མ་ལུས་ལང་ལོང་དུ།། འདོད་པ་འཐོབ་ཕྱིར་ཡོང་བ་དང་།། སྐྱེ་འགྲོ་མ་ལུས་ཟང་ཟིང་དུ།། འདོད་པ་འཐོབ་ཕྱིར་འགྲོ་བའོ”ཞེས་གསུང་། རྒྱ་ནག་གི་སྐྱེས་བུ་དམ་པ་ཁུང་ཙིས། “འབྱོར་རམ་མཆོག་པ་གང་ཡིན་པ་དེ་ནི། སྐྱེ་བོ་རྣམས་ཀྱིས་འདོད་པ་གང་དེ་དང་། དབུལ་ལམ་དམན་པ་གང་ཡིན་པ་དེ་ནི་སྐྱེ་བོ་རྣམས་ཀྱིས་མི་འདོད་པ་གང་དེའོ”ཞེས་གསུང་། རྒྱ་ནག་གི་ཡུལ་མི་ཚོས“དབུལ་ཚེ་སྲང་དུ་ཉུལ་ཡང་མཐོང་མཁན་དཀོན་ལ། འབྱོར་ཚེ་རི་ཁྲོད་བསྡད་ཀྱང་གཉེན་ཉེ་མང”ཟེར། དེ་བས་སྐྱེས་བུ་དམ་པའམ་ཡུལ་མི་ཕལ་བ་དང་། ཤེས་ཡོན་པའམ་ཡིག་རྨོངས་པ་གང་ཡིན་ཡང་དབུལ་ཕོངས་དང་འབྱོར་ཕྱུག་གི་འབྲེལ་བའི་ཕྱོགས་ནས་གོ་བ་གསལ་བོ་བླངས་ཡོད། དེས་ན་ཅིའི་ཕྱིར་མི་རྣམས་དབུལ་ཕོངས་ལ་ཞེད་པ་ཡིན་ཞེ་ན། དབུལ་བོ་དག་གིས་ནི་སོ་སོའི་འདོད་པ་ཡག་པོར་བསྐང་མི་ཐུབ་པས་སོ།། ཟས་སྲེད་དམ་ཆགས་སྲེད། ཚུལ་འཆོས་ཀྱི་བསམ་པའམ་མཛེས་པར་འདོད་པའི་བསམ་པ། དེ་མིན་སྨན་ཁང་ནས་གྲལ་བསྒྲིག་མི་དགོས་པའམ་ཡང་ན་གནམ་གྲུའི་འདུག་སྟེགས་མགོ་མ་ནས་སྡོད་པ་སོགས་གང་ཡིན་ཡང་དངུལ་ལོར་ལ་བརྟེན་ནས་མངོན་དུ་འགྱུར་དགོས་པ་དང་འགྲུབ་དགོས་པ་རེད། གལ་སྲིད་རྒྱལ་བོའི་ཁྱིམ་དུ་སྐྱེས་པ་དང་། དཔོན་ས་མཐོན་པོར་བསྡད་ཚེ་གོང་གི་འདོད་པ་དག་འགྲུབ་པར་མ་ཟད་དངུལ་སྟེར་མི་དགོས་པ་ནི་སྨོས་ཅི་དགོས། ཡང་འབྱོར་བས་ཕྱུག་པ་ནི་དངུལ་ཡོད་པ་དང་། མཆོག་ཏུ་གྱུར་བ་ནི་རིགས་རྒྱུད་དང་སྐྱེ་ཁུངས། དབང་ཤུགས་བཅས་ལ་བརྟེན་པའོ།། དེ་བཞིན་དུ་དངུལ་ཡོད་པས་མཆོག་ཏུ་གྱུར་བར་འགྱུར་ལ། དབང་ཤུགས་ཡོད་པས་དངུལ་ཡོད་པར་འགྱུར་བའང་སྨོས་མ་དགོས། འབྱོར་དང་མཆོག་གཉིས་སོ་སོར་འབྲལ་དུ་མི་བཏུབ་པས། ཁྱབ་ཁོངས་གཅིག་ཏུ་བསྡུ་ཆོག
        དབུལ་ཅིང་ཕོངས་པ་དག་གིས་འབྱོར་ཅིང་མཆོག་པར་རེ་བ་དང་། དེ་ནི་ཀུན་ལ་སྲིད་ཅིང་ཚུལ་དང་མཐུན་པའི་འདོད་ཧམ་ཞིག་ཀྱང་རེད། དེའི་ཕྱོགས་ནས་ཁུང་ཙི་མཆོག་གིས་གནང་བ་བཀྲོལ་ཡོད། ཡིན་ཡང་ཁོང་ཙི་མཆོག་གིས། འབྱོར་ཅིང་མཆོག་པར་རེ་བ་ནི་ཚུལ་དང་མཐུན་པའི་འདོད་ཧམ་ཡིན་མོད་ཀྱང་། འོན་ཏེ་ཚུལ་དང་མི་མཐུན་པའི་ཐབས་ལ་བརྟེན་ནས་བྱུང་བའི་འབྱོར་བ་དང་མཆོག་པ་ནི་ལོངས་སུ་སྤྱོད་པར་མི་བྱ།། དབུལ་ཅིང་ཕོངས་པ་ལ་ཀུན་གྱིས་ཁྲེལ་བར་སྲིད་ཀྱང་། ཚུལ་དང་མི་མཐུན་པའི་ཐབས་ཀྱིས་དབུལ་བ་ལས་ཐར་བར་བྱ་བ་ནི་མི་རུང་ཞེས་གསུང་། དུས་ད་ལྟ་ལ་ཐུག་གི་བར་དུ། སྐྱེས་བུ་དམ་པས་བགྲང་བྱ་སྟོང་གཉིས་ཀྱི་སྔོན་དུ་གསུང་བའི་ལེགས་བཤད་ནི་དམངས་ཕལ་བའི་ཁྲོད་ཀྱི་རྒྱུན་ཤེས་སུ་གྱུར་བ་སུ་ཡིས་བསྙོན། འོན་ཏེ་མངོན་སུམ་གྱི་འཚོ་བའི་ནང་དུ། ཚུལ་དང་མི་མཐུན་པའི་ཐབས་ཀྱིས་དབུལ་ཐར་ཕྱུག་འགྱུར་བྱུང་བ་ནི་བགྲང་གིས་མི་ལང་ལ། ཚུལ་དང་མི་མཐུན་པའི་ཐབས་ཀྱིས་དབུལ་ཐར་ཕྱུག་འགྱུར་བྱུང་ཡང་ཉེས་ཆད་མ་ཁེལ་བའི་སྐྱེ་བོའང་ཤིན་ཏུ་མང་། དེ་བཞིན་དུ་ཚུལ་དང་མི་མཐུན་པའི་ཐབས་ཀྱིས་དབུལ་ཐར་ཕྱུག་འགྱུར་བྱུང་བ་དག་ལ་དྲག་ཏུ་གཤེ་ནའང་། ནམ་ཞིག་རང་ཉིད་ལ་གོ་སྐབས་བྱུང་ཚེ་ཡང་ལས་དེ་འདྲ་སྒྲུབ་མཁན་ཡང་ག་ས་ག་རུ་ཡོད་དོ།། འདི་ནི་ཏག་ཏག“སྲོལ་རྣམས་རྒུད་ཅིང་མི་སེམས་སྔོན་བཞིན་མིན”ཞེས་པ་དེའོ།།

        གནའ་དུས་ཀྱི་སྐྱེས་བུ་དམ་པ་མང་པོ་ནི། རྒྱུ་ནོར་ལ་མི་རྔམ་པ་དང་འབྱོར་ཕྱུག་ལ་མི་སྨོན། དཔེར་ན། ཁུང་ཙི་མཆོག་གི་སྲས་ཀྱི་ཐུ་བོ་ཡན་ཧེ་ལྟ་བུ་སྟེ“ཟས་སླེའུ་གང་དང་ཆུ་ཐོམ་བུ་གང་ལས་མེད་པར་ཤིན་ཏུ་དམན་པའི་སྤྱིལ་བུ་ལ་གནས་ཤིང་། སྐྱེ་བོ་གཞན་གྱིས་ནི་དེ་འདྲའི་སྡུག་མྱོང་བར་མི་ནུས་པས་ངལ་བར་འགྱུར་ཀྱང་ཁོ་ནི་དེ་ལས་མི་ལྡོག་པར་དེ་ལ་གཡེང་བ”བཞིན་ནོ།། རྒྱལ་ཁབ་གསུམ་སྐབས་ཀྱི་དྲང་སྲོང་ཀོན་ཉེན་གྱིས་ཡུར་མ་ཡུར་སྐབས་གསེར་རྙེད་ཀྱང་ཏོག་ཙེ་ཡར་གཡུག་སྟེ་ཁ་ཡ་མ་བྱས་པར་སོང་བ་རེད། ཡང་དྲང་སྲོང་ཧྭ་ཞེན་གྱིས་ཀྱང་དེ་བཞིན་དུ་གསེར་རྙེད་ནའང་། ཡར་བླངས་ཏེ་བལྟས་རྗེས་ཕྱིར་བཞག་པ་རེད། ཁོང་གི་སེམས་ལ་སྲེད་པ་སྐྱེས་ནའང་རང་གི་ངོ་སོ་བསམ་བཞིན་དེ་དོར་བ་རེད། དེའང་བསྒྲུབ་སླ་བ་མ་ཡིན་ནོ།། ཀྲོང་ཙི་མཆོག་གིས་ཡུལ་ཕོའུ་ཧྲེའུ་ན་ཉ་འཛིན་བཞིན་པའི་སྐབས་སུ། ཁྲུའུ་རྒྱལ་བོའི་ཕོ་ཉ་གཉིས་དེར་སླེབས་ཏེ་ཁོང་དཔོན་གནས་སུ་གདན་འདྲེན་ཞུས། ཁོང་གིས་ཕོ་ཉ་དེ་གཉིས་ལ། ཁྲུའུ་རྒྱལ་ཁབ་ལ་རུས་སྦལ་མཆོག་ཏུ་གྱུར་བ་ཞིག་ཡོད་ཅིང་། དེ་ཤི་བའི་རྗེས་སུ་ཁྲུའུ་རྒྱལ་བོས་དར་གོས་ཀྱིས་བཏུམས་ཏེ་ལྷ་ཁང་དུ་བཤམས་ཡོད། རུས་སྦལ་དེ་ལ་མཚོན་ན། ལྷ་ཁང་དུ་བཤམས་པས་ལེགས་སམ་ཡང་ན་འདམ་རྫབ་ཀྱི་ནང་ནས་མཇུག་མ་གཡུག་བཞིན་གསོན་ན་ལེགས་ཞེས་གསུང་། ཕོ་ཉས་དེ་ནི་འདམ་རྫབ་ཀྱི་ནང་ནས་མཇུག་མ་གཡུག་བཞིན་གསོན་ན་མི་ལེགས་སམ་ཞེས་སྨྲས། ཀྲོང་ཙིས་གསུང་བའི་གཏམ་རྒྱུད་འདིས་ནི་བསམ་ཤེས་བྱས་ཏེ་ཆག་སྒོར་གཡོལ་བའི་དྲན་འཕྲུལ་ཉིད་ཤུགས་སུ་བསྟན་ཡོད།
        གནའ་མི་ཚོས་དེ་ལྟར་ངེད་ཅག་ལ་སེམས་ཞི་བར་བྱས་ཏེ་འདོད་པ་སྡོམ་པ་དང་། ཚུལ་ལྡན་བག་ཕེབས་སུ་འཚོ་བའི་ཀུན་སྤྱོད་ཀྱི་དཔེ་གསལ་པོར་བསྟན་ཡོད་ནའང་། དེ་ཡིས་ཕན་འབྲས་ཆེན་པོ་བསྐྱེད་མ་ནུས། འཇིག་རྟེན་སྐྱེ་བོ་རྣམས་ཀྱིས་ཁེ་དང་མིང་གྲགས་འཚོལ་བ་ནི་དུག་སྦྲང་ཁྲག་ལ་རྔམ་པ་དང་། འབུ་ནག་གིས་དྲི་ངན་སྙེག་པ་དང་མཚུངས་ཤིང་། གནའ་ནས་ད་ལྟའི་བར་དུ། དེས་སྐྱོ་གར་ཚད་མེད་ཅིག་བསགས་པར་མ་ཟད། སྤྲོ་གར་ཡང་གྲངས་མེད་པ་ཞིག་བཟོས་ཡོད། རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས། དེས་ཏག་ཏག་གནད་དོན་དེ་ནི་ཞིབ་འཇུག་གི་ཡུལ་དང་ཞིབ་འབྲི་བྱེད་པའི་རྒྱུ་གཙོ་བོ་ཞིག་ཏུ་འཛིན་སྲིད། རྩོམ་མཁན་མང་པོ་ཞིག་ཀྱང་རྒྱུ་ནོར་ལ་དགའ་ཞིང་མིང་གྲགས་ལ་རེ་ནའང་། རྩོམ་རིག་གིས་ནི་རྟག་པར་ཕྱུག་པོར་རྒོལ་ཅིང་དབུལ་བོར་བསྟོད་པར་བྱེད། དེའང་རྩོམ་རིག་གིས་རྒོལ་ཡུལ་དུ་གྱུར་བའི་ཕྱུག་པོ་དག་ནི་འབྱོར་བའི་ཆེད་དུ་བསམ་གནག་བྱེད་པ་དང་། ཚུལ་མིན་གྱི་ཐབས་ལ་བརྟེན་ནས་འབྱོར་བ་རྒྱས་པའི་ཕྱུག་པོ་དག་ཡིན་ཅིང་། རྩོམ་རིག་གི་བསྟོད་ཡུལ་དུ་གྱུར་བའི་དབུལ་བོ་ནི་འབྱོར་བ་མེད་ཀྱང་མི་གཤིས་ཀྱི་གཟི་རྔམས་སྲུང་ཐུབ་པའི་དབུལ་བོ་དག་ཡིན་པ་སྨོས་ཅི་དགོས། གལ་སྲིད་ངེད་ཅག་གིས་ཕྱིར་དྲན་ཅུང་ཙམ་བྱས་ན། རྩོམ་རིག་བརྩམས་ཆོས་མང་པོའི་ནང་གི་དཔེ་མཚོན་གྱི་མི་སྣ་ཅི་སྙེད་པ་ཞིག་དྲན་འོང་སྟེ། རྩོམ་པ་པོས་ཁོ་ཚོའི་གཤིས་རྒྱུད་འབྲི་བཞེངས་བྱེད་དུས། སྐྱེ་འཆི་དང་དགའ་སྡུག ཞེ་འཁོན་སོགས་ཀྱིས་ཁོ་ཚོར་ཚོད་བགམ་པ་ལས་གཞན། དུས་རྒྱུན་པར་སྤྱོད་པའི་ལག་ཐབས་ཤིག་ནི་འབྱོར་ཕྱུག་ཉིད་མི་གཤིས་ཀྱི་བཟང་ངན་བརྟག་བྱེད་བྱེད་པ་ཡིན། གལ་སྲིད་འབྱོར་ཕྱུག་གི་བསླུ་བྲིད་དུ་མ་ཚུད་ཚེ་མི་སྣ་གང་དེ་སྐྱེས་བུ་དམ་པ་ཡིན་ལ། དེར་ཚུད་ཚེ་ཐ་ཤལ་བ་དང་། རྐུབ་གཡོག ངོ་ལོག་པ། ངན་རོགས་པ་སོགས་སུ་འགྱུར་བ་ཡིན། དེ་བཞིན་རྩོམ་རིག་བརྩམས་ཆོས་མང་པོའི་ནང་དུ་རྩོམ་པ་པོས་རང་གི་མི་སྣ་གཙོ་བོ་དེར་དངུལ་ལོར་གྱི་སྟོབས་ལ་བརྟེན་ནས་དགྲ་ཤ་བླངས་ཏེ་སྙིང་ནད་སངས་ཤིང་དམིགས་ཡུལ་འགྲུབ་པར་བྱས་པའང་མང་། ཡང་རྩོམ་རིག་བརྩམས་ཆོས་འགའ་ཞིག་ཏུ། རྩོམ་པ་པོས་རང་གི་གཤིས་རྒྱུད་བཟང་བའི་མི་སྣ་གཙོ་བོ་དེར་འབྱོར་ཕྱུག་ལྡན་པའི་མཇུག་འབྲས་བཟང་པོ་ཞིག་ཡོད་དུ་འཇུག་ལ། དེ་ནི་བཟང་ཕྱོགས་ནས་རྒྱུ་ནོར་གྱི་རིན་ཐང་ཁས་བླངས་པ་ཉིད་དོ།།
        མིའི་རིགས་ཀྱི་འདོད་སྲེད་ནི་གཏན་ནས་འགེང་ཐབས་མེད་པའི་དོང་ཞབས་རྡོལ་ཞིག་རེད། དབུལ་བོར་དབུལ་བོའི་འདོད་སྲེད་དང་ཕྱུག་པོར་ཕྱུག་པོའི་འདོད་སྲེད་ཡོད། ཉ་བའི་ཆུང་མའི་འདོད་པ་དང་པོ་ནི་ཤིང་གི་ཀ་ཏོ་ར་སོ་མ་ཞིག་འཐོབ་པ་དེ་ཡིན་ཡང་། ཤིང་གི་ཀ་ཏོ་ར་སོ་མ་ཞིག་ཐོབ་རྗེས། མོས་མྱུར་བར་ཤིང་གི་སྤྱིལ་བུ་ཞིག་ཡོད་ན་སྙམ་པ་རེད། ཤིང་གི་སྤྱིལ་བུ་ཡོད་རྗེས་མོས་འབྱོར་ལྡན་མ་བྱེད་སྙམ་པ་དང་འབྱོར་ལྡན་མ་བྱས་རྗེས་མོས་རྒྱལ་མོ་བྱ་སྙམ་པ་རེད། ཡང་རྒྱལ་མོ་བྱས་རྗེས་མོས་མཚོ་ཐོག་གི་དྲེགས་ལྡན་མ་བྱ་འདོད་པར་མ་ཟད། མོ་རང་གི་འདོད་པ་རྣམས་རེ་རེ་ནས་སྐོང་བའི་གསེར་ཉ་དེ་མོའི་བྲན་དུ་བཀོལ་ན་སྙམ་སྟེ་ཚོད་མ་ཟིན་པ་རེད། དེ་ནི་འདག་རྫས་ཀྱི་ཝུ་བ་སྤུར་བ་དང་འདྲ་སྟེ། སྤུར་ཆེ་དྲགས་ན་ཅིས་ཀྱང་དགད་ངེས་པ་བཞིན་ནོ།། དོན་ཅི་ཞིག་བསྒྲུབས་ཀྱང་དེ་ལ་ཚད་ཅིག་ཡོད་པ་དང་དེ་ལས་འདས་ཚེ་ཉེས་ཆད་འཁེལ་སྲིད། འདི་ནི་སྤྱིར་བཏང་གི་མི་ཚེའི་གནས་ལུགས་ཤིག་ཡིན་ལ་རང་བྱུང་ཁམས་ནང་གི་ཀུན་ལ་ཁྱབ་པའི་ཆོས་ཉིད་ཅིག་ཀྱང་ཡིན། དམངས་ཁྲོད་ནས་བརྒྱུད་པའི་གདམས་ངག་གི་དོན་ཅན་གྱི་གཏམ་རྒྱུད་མང་པོ་ཞིག་གིས་མི་རྣམས་ལ་འདོད་པར་ཚོད་འཛིན་པའི་དྲན་སྐུལ་བྱེད་ཀྱིན་ཡོད། ཡོངས་གྲགས་སུ་རྒྱ་གར་བ་ཚོས་སྤྲེའུ་འཛིན་པའི་ཕྱིར་ཏུ་ཤིང་གི་གཟེབ་ཅིག་བཟོ་ཞིང་དེའི་ནང་དུ་ཁ་ཟས་འཇོག་པ་རེད། སྤྲེའུས་ལག་པ་བརྐྱངས་ཏེ་ཁ་ཟས་འཛིན་པར་བྱེད་ཅིང་གལ་སྲིད་ཁ་ཟས་མ་བཏང་ཚེ་ལག་པ་དེ་ལས་ཐར་མི་ཐུབ། ཡིན་ཡང་སྤྲེའུས་ཁ་ཟས་གཏན་ནས་གཏོང་བར་མི་བྱེད་དེ་སྤྲེའུའི་སེམས་ན“གཏོང་བར་བྱེད་པའི”བློ་གྲོས་མེད། དེས་ན་མིའི་རིགས་ལ“གཏོང་བར་བྱེད་པའི”བློ་གྲོས་ཡོད་དམ། མི་ལ་ལར་ཡོད་ཅིང་མི་ལ་ལར་དེ་མེད། འགའ་ཞིག་གིས་དངུལ་ལོར་གྱི་བསླུ་བྲིད་བཟློག་ཐུབ་ཀྱང་མཛེས་མའི་བསླུ་བྲིད་བཟློག་ཐུབ་པའི་ངེས་པ་མེད། འགའ་ཞིག་གིས་མཛེས་མའི་བསླུ་བྲིད་བཟློག་ཐུབ་ཀྱང་དབང་ཤུགས་ཀྱི་བསླུ་བྲིད་བཟློག་ཐུབ་པའི་ངེས་པ་མེད། མི་རྣམས་ལ་རྟག་པར་བློས་གཏོང་མི་ཐུབ་པའི་ཆོས་འགའ་ཞིག་ཡོད་ཅིང་དེ་ནི་ཏག་ཏག་མི་ཡི་ཞན་ཆ་ཡིན་པ་དང་། མི་ལ་དབྱེ་ན་རིགས་ཇི་སྙེད་པ་ཡོད་པའི་གནད་ཀྱང་དེའོ།།
        ཀྲུང་གོའི་མཚན་ཉིད་རིག་པའི་ནང་དུ། དེའི་སྐོར་གྱི་གཏན་ཚིགས་དང་ཤེས་རབ་ནི་མ་མང་ན་ཉུང་མེད་མོད། འོན་ཀྱང་འཇིག་རྟེན་སྐྱེ་བོ་རྣམས་ཀྱི་ངང་ཚུལ་ནི“ཇི་སྙེད་ཐོབ་ཀྱང་ལག་པས་མི་གཏོང་ཞིང་།། ཐར་བའི་ལམ་མེད་ཕྱིར་ཀྱང་ལྡོག་མི་བྱེད”ཅེས་པ་བཞིན་ནོ།། བརྣབ་སེམས་ནི་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་ཡིན་ལ་ཡང་ན་མི་གཤིས་ཀྱི་མི་སྡུག་པའི་ཆ་དེ་རེད་ཅེས་ཟེར་ཆོག ཀུན་སྤྱོད་ཀྱི་བསླབ་བྱ་དང་རྩོམ་རིག་གི་སློབ་གསོས་མི་རྣམས་ལ་དེའི་སྐོར་གསལ་བོར་ཤེས་སུ་འཇུག་མོད། འོན་ཀྱང་རྩ་བའི་ཆ་ནས་སྐྱོན་རྣམས་སེལ་ཐུབ་པ་མ་ཡིན། དེའི་ཕྱིར་ནང་བསྟན་གྱི་གཞུང་གིས་ནི“ཆོས་ཐམས་ཅན་སྟོང་བ་ཉིད་དང་། གཟུགས་ཐམས་ཅད་མེད་པའོ”ཞེས་མི་རྣམས་ཀྱི་འདོད་པ་སྡོམ་པར་བརྩོན། དེའང་འདོད་པ་ནི་མ་རིག་པ་ཐམས་ཅད་ཀྱི་རྩ་བ་དང་། འཇིག་རྟེན་ཐམས་ཅད་སྡུག་བསྔལ་བའི་རྒྱུ་གཙོ་བོ་ཡིན་པས་སོ།། དེའི་ཕྱིར《ཐོག་ཁང་དམར་པོའི་རྨི་ལམ》ནང་དུ་《ལེགས་རྫོགས་གླུ》བྱུང་བ་སྟེ།
        དྲང་སྲོང་གནས་སུ་འཁོད་འདོད་བསམ་པ་སུ་དང་སུ་ལ་ཡོད་གྱུར་ཀྱང་།།
        ཁེ་དང་གྲགས་པ་གོ་འཕང་དག་ལ་ཆགས་སེམས་འདོད་ཞེན་སྙིང་ནས་སྐྱེ།།
        སྔར་དང་དེང་གི་དྲག་དཔོན་ཞི་བློན་གང་དུ་མཆིས་སམ་ཞེས་ཟེར་ན།།
        པུར་ཁང་དག་ཀྱང་རྩྭ་ངན་སྟུག་པོས་རབ་ཏུ་བཀབ་ཅིང་ནུབ་པར་འགྱུར།།
        དྲང་སྲོང་གནས་སུ་འཁོད་འདོད་བསམ་པ་སུ་དང་སུ་ལ་ཡོད་གྱུར་ཀྱང་།།
        རིན་ཆེན་གསེར་དངུལ་ནོར་བུའི་རིགས་ལ་ཆགས་སེམས་འདོད་ཞེན་སྙིང་ནས་སྐྱེ།།
        ཉིན་མཚན་འཁོར་མོར་འདུ་འདུ་འཛོམས་འཛོམས་ཇི་ལྟར་བྱས་ཀྱང་ཆོག་མི་ཤེས།།
        ནོར་དང་ལོངས་སྤྱོད་གྱ་ནོམ་ཐོབ་མཚམས་འདྲེན་བྱེད་ཟུང་ནི་ཟུམ་པར་བྱེད།།
        དྲང་སྲོང་གནས་སུ་འཁོད་འདོད་བསམ་པ་སུ་དང་སུ་ལ་ཡོད་གྱུར་ཀྱང་།།
        གཏན་གྱི་འདུན་མ་བཞིན་མཛེས་དགའ་མར་ཆགས་སེམས་འདོད་ཞེན་སྙིང་ནས་སྐྱེ།།
        གང་ཁྱེད་འཚོ་ཞིང་གསོན་པའི་ཚེ་ན་ཁྱེད་ལས་དགའ་བ་ཅི་མེད་ཟེར།།
        ཚེ་ཡི་འདུ་བྱེད་སྟོངས་པའི་མཇུག་ཏུ་ཁྱོ་གཞན་རང་གི་གྲོགས་སུ་བསྟེན།།
        དྲང་སྲོང་གནས་སུ་འཁོད་འདོད་བསམ་པ་སུ་དང་སུ་ལ་ཡོད་གྱུར་ཀྱང་།།
        ཤ་ཁྲག་ལས་མཆེད་བུ་ཚ་དག་ལ་ཆགས་སེམས་འདོད་ཞེན་སྙིང་ནས་སྐྱེ།།
        ཕ་མར་རྙེད་བཀུར་ཞབས་འགྱུར་སྒྲུབ་པའི་བློ་ལྡན་བུ་ཚ་སུ་ཡིས་རིག།
        ཤེས་རབ་བྲལ་བའི་ཕ་མ་གླེན་པ་དེ་དང་དེ་འདྲ་སྔར་ནས་མང་།།
      (བོད་ཡིག་ཏུ་སྒྱུར་བ་བོའི་མཆན། འགྱུར་ཚིག་ཚན་པ་འདི་ལོ་ཙཱ་བ་བསོད་ནམས་དཔལ་འབྱོར་གྱིས་བསྒྱུར་བའི༼ཐོག་ཁང་དམར་བོའི་རྨི་ལམ༽ལས་ཇི་བཞིན་དུ་བཀོད་པའོ)
        གལ་སྲིད་མིའི་རིགས་ཀྱི་འདོད་སྲེད་ལ་ཚོད་འཛིན་དགོས་ན། གོ་ཆེན་པོ་ཆོད་པའི་བྱེད་ཐབས་ནི་ཁྲིམས་ལུགས་རེད། ཁྲིམས་ལུགས་ནི་གཟེབ་དྲ་དང་འདྲ་ཞིང་། འདོད་སྲེད་ནི་གཅན་གཟན་གཏུམ་པོ་དང་འདྲ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བགྲང་བྱ་ཁྲི་སྟོང་མང་པོའི་དོན་རྣམས་མདོར་དྲིལ་ན་ཁྲིམས་ལུགས་དང་། ཆོས་ལུགས། ཀུན་སྤྱོད། རྩོམ་རིག་བཅས་དང་མིའི་འདོད་སྲེད་བར་གྱི་དམར་འཛིང་ལས་མ་འདས། དེའང་སྐབས་འགར་གཅན་གཟན་འགའ་ཞིག་གཟེབ་ལས་ཤོར་ཏེ་གཞན་ལ་འཚེ་བའི་དོན་ཡང་ཡང་འབྱུང་ནའང་། རྩ་བའི་ཆ་ནས་བཤད་ན་དེ་གཉིས་བར་ཅུང་དོ་མཉམ་པར་གྱུར་ཡོད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཞི་བདེའང་འདོད་སྲེད་ལ་ཚོད་བཟུང་བ་ཁོ་ནས་མངོན་དུ་འགྱུར་བ་ཡིན། སྐྱེས་བུ་གང་གི་འདོད་སྲེད་ལ་ཚོད་མེད་པར་གྱུར་ཚེ། གཞན་སྲོག་འཕྲོག་པའི་སྦྱོར་བ་རྩོམ་པ་ཡིན་ལ་རྒྱལ་ཁབ་ཅིག་གི་འདོད་སྲེད་ལ་ཚོད་མེད་པར་གྱུར་ཚེ། གཡུལ་གྱི་འཇིགས་པ་འབྱུང་ངོ་།། དེ་བས། རྒྱལ་ཁབ་ཅིག་གི་འདོད་སྲེད་ལ་ཚོད་འཛིན་པ་ནི། སོ་སོའི་སྐྱེ་བོ་དག་གིས་འདོད་པར་ཚོད་འཛིན་པ་ལས་ཀྱང་གལ་ཆེ་བ་ཤེས་སོ།།
        མིའི་རིགས་ཀྱི་སྤྱི་ཚོགས་སུ། ནོར་ལོངས་སྤྱོད་དང་། མཚན་སྙན། དབང་ཤུགས་སོགས་ཀྱི་བསླུ་བྲིད་ལས་གཞན། ད་དུང་ཤིན་ཏུ་བཟློག་དཀའ་བའི་བསླུ་བྲིད་ཆེན་པོ་ཞིག་ཡོད་པ་ནི་མཛེས་མའི་བསླུ་བྲིད་རེད། གནད་དོན་འདི་ནི་བུད་མེད་དང་འབྲེལ་བ་མེད་པ་འདྲ་མོད་དོན་དུ་ཡོད་པ་ཡིན། མཛེས་མ་ཞིག་རྩོད་པའི་ཕྱིར་ཏུ་གཡུལ་ཆེན་པོ་བཀྱེས་པའི་ལོ་རྒྱུས་ཡོད་ལ། མཛེས་མའི་ཕྱིར་ཏུ་དབང་སྒྱུར་མཁན་གྱི་མངའ་ཐང་ཤོར་བའི་ལོ་རྒྱུས་ཀྱང་ཡོད། སྤྱིར་མཐའ་གཅིག་ཏུ་ཆགས་སྲེད་ཉིད་རིས་སུ་བོར་ན་མི་ལེགས་ཏེ་འདོད་པའི་རིགས་དེ་མེད་ན་མིའི་རིགས་ཀྱི་སྤྱི་ཚོགས་མུ་ནས་མུ་རུ་གནས་མི་ཐུབ། ཀྲུང་གོའི་རྒྱལ་རབས་རེ་རེའི་དབང་སྒྱུར་མཁན་དག་གིས་ཆེ་ཕྱོགས་ནས་ཆགས་སྲེད་ལ་དགག་པའི་ཚུལ་བྱེད་མོད། འོན་ཀྱན་ཁོང་ཚོ་ཕལ་མོ་ཆེ་ནི་ཁ་ཁོག་མི་མཚུངས་པ་སྟེ། རང་ཉིད་ནི་ཕོ་བྲང་དུ་བཙུན་མོའི་འཁོར་གྱིས་བསྐོར་ཀྱང་། དམངས་ཕལ་བ་རྣམས་ཀྱིས་བདེན་པ་བསྲུངས་ཏེ་ཆགས་པའི་མགོ་གནོན་པ་དང་། ཕོ་མོའི་བརྩེ་དུང་ནི་ཤྭ་འོད་དང་གཅན་གཟན་གཏུམ་པོ་ལྟ་བུར་བརྩི་དགོས། དེ་ལྟ་བུའི་འདོད་ཚུལ་ནི་ཏག་ཏག་བཀས་བཀོད་རྒྱུད་འཛིན་རྒྱལ་རབས་ཀྱི་ཁྲིམས་ལུགས་དང་ཀུན་སྤྱོད་ཀྱི་ཁྲོད་དུ་མངོན་པར་གསལ།
        མིའི་རིགས་ཀྱི་ངོམ་པ་མེད་པའི་བརྣབ་སེམས་དང་ཧམ་པ་དྲག་པོའི་མདུན་དུ། རྩོམ་རིག་དང་ཁྲིམས་ལུགས། ཀུན་སྤྱོད་བཅས་ནི་ཅུང་འདྲ་བར་འདུག་མོད། འོན་ཏེ་ཆགས་སྲེད་དམ་ལྷག་པར་དུ་བརྩེ་དུང་གི་ངོ་བོར་གྱུར་བའི་ཆགས་སྲེད་ཀྱི་ཕྱོགས་ནས་རྩོམ་རིག་བརྩམས་ཆོས་ནི་གཞན་དག་ལས་ལྡོག་པ་སྟེ། སྐབས་འགར་ད་དུང་དེའི་རྒྱབ་དཔུང་དུ་ལང་བར་བྱེད། དཔེར་ན་ཀྲུང་གོར《ཤིང་པདྨའི་ལྡིང་ཁང》དང་《གཞོགས་ཁང་ནུབ་མའི་གཏམ་རྒྱུད》 《ཐོག་ཁང་དམར་བོའི་རྨི་ལམ》བཅས་ཡོད་ལ་ཕྱི་གླིང་དུ《ལྕམ་ཆ་ཐི་ལེའི་ཟུར་ཕོ》ཡོད། དེ་ནི་དུས་རྟག་པར་རྩོམ་རིག་བརྩམས་ཆོས་ཀྱི་ཉམས་པ་མེད་པའི་བརྗོད་གཞིའང་ཡིན། དེའང་ཕོ་མོའི་བར་གྱི་ཆགས་སྲེད་དང་འདོད་པ། དུང་བ་བཅས་མེད་ཚེ་རྩོམ་རིག་ཀྱང་ཡོད་མི་སྲིད་པ་འདྲ།
        དབུལ་ཕྱུག་དང་འདོད་སྲེད་ནི་སྔར་མུས་བཞིན་ད་སྐབས་ཀྱི་འཛམ་གླིང་གི་འགལ་བ་གཙོ་བོ་དང་། མིའི་རིགས་ཀྱི་སྡུག་བསྔལ་ལམ་བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པ་བསྙོན་དུ་མེད། ལོ་འདི་གར་ཀྲུང་གོ་བ་ཚོའི་རྒྱུ་འབྱོར་གྱི་འཚོ་བ་ཇེ་ལེགས་སུ་སོང་ཡོད་ལ། མི་སྒེར་ལ་རང་དབང་ཡོད་མེད་ཀྱི་ཕྱོགས་ནས་སྔོན་དང་བསྡུར་ན་ཤིན་ཏུ་ལྷོད་པོར་གྱུར་ཡོད་མོད། འོན་ཀྱང་མི་རྣམས་ཀྱི་བདེ་ཞིང་སྐྱིད་པའི་སྣང་བ་དེ་གོང་མཐོར་དེ་ཙམ་ཕྱིན་མེད། དེའི་རྒྱུ་མཚན་ནི་རྒྱུ་ནོར་བགོ་འགྲེམ་བྱས་པ་མི་སྙོམས་པ་དང་། མི་ཉུང་ཤས་ཤིག་ནི་ཚུལ་མིན་གྱི་ཐབས་ལ་བརྟེན་ནས་ཕྱུག་པོར་གྱུར་ཅིང་། དེ་ལས་བྱུང་བའི་དབུལ་ཕྱུག་གི་བར་ཁྱད་ནི་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་རྒྱུ་གཙོ་བོར་གྱུར་བས་སོ།། དེའི་ཁར་ཁྲིམས་མཐུན་མིན་པར་གློ་བུར་ཏུ་ཕྱུག་པོ་ཆགས་པ་དག་གི་བག་མེད་རྒྱས་སྤྲོས་དང་ཁྲོས་འཁྲིགས་གཏུམ་དྲག་གི་སྦྱོར་བ་ཉིད་དམངས་ཕལ་བ་རྣམས་ཀྱིས་འཁོན་དུ་བཟུང་སྟེ་ཕྱུག་པོར་སྡང་བའི་སེམས་ཁམས་ཤིག་ཆགས་པ་དང་། འབྱོར་ལྡན་དང་དབང་ཤེད་ཅན་གཉིས་ཁྱི་སྤྱང་འོ་ཟེའུའི་ཁ་ནས་མཐུན་པ་ལས་སྲིད་ལུགས་ངན་པ་དང་ཉེས་མེད་ཉེས་འགེལ་གྱི་གྱོད་དོན་མང་པོ་བྱུང་བས་དམངས་ཕལ་བ་རྣམས་ཀྱི་ཕྱུག་པོར་སྡང་བའི་སེམས་ཁམས་ཀྱི་ཁར་དཔོན་རིགས་ལ་སྡང་བའི་སེམས་ཁམས་ཤིག་ཆགས་པར་གྱུར། དེ་གཉིས་ཀའང་དྲ་རྒྱར་གྲགས་པའི་དེང་རབས་ཀྱི་སྨྱན་བྱེད་དེར་བརྟེན་ནས་ཕོན་ཆེན་པོ་དང་ཟམ་མི་ཆད་པར་ཀུན་ལ་ཁྱབ་པར་གྱུར། སྐྱེ་བོ་འགའ་ཞིག་དང་ཚོགས་སྐོར་འགའ་ཞིག་གིས་དྲ་རྒྱའི་མདུན་ནས་བཟང་མདོག་བསྟན་ཏེ་སྤྱོད་ལམ་ངན་པ་བཅོས་ཙམ་བྱས་ནའང་། དྲ་རྒྱ་ཉིད་ཀྱང་ངན་པ་དང་ཉེས་པ་སྦ་སའི་གནས་ཤིག་ཏུ་གྱུར་འདུག་པ་རེད།
        བགྲང་བྱ་བརྒྱ་ལྷག་གི་སྔོན་དུ། ཀྲུང་གོའི་སྔོན་ཐོན་ཤེས་ཡོན་པ་དག་གིས་ཚན་རྩལ་གྱིས་རྒྱལ་ཁབ་སྐྱོབ་པའི་ཁ་གཡང་བོས་པ་དང་། བགྲང་བྱ་སུམ་ཅུ་ལྷག་གི་སྔོན་དུ། ཀྲུང་གོའི་ཆབ་སྲིད་པ་ཚོས་ཚན་རྩལ་གྱིས་རྒྱལ་ཁབ་དར་བར་བྱེད་པའི་ཁ་གཡང་བོས་པ་རེད། ཡིན་ཡང་ཁོ་བོས་བསམ་ན་དེང་གི་དུས་འདིར་མིའི་རིགས་ཀྱི་ཉེན་ཁ་ཆེ་ཤོས་ནི། ཉི་མ་རེ་རེ་བཞིན་གོང་དུ་འཕེལ་བའི་ཚན་རྩལ་དང་རྟ་ཁ་སྒོག་ཐབས་བྲལ་བའི་མིའི་རིགས་ཀྱི་བརྣབ་སེམས་གཉིས་གཞི་གཅིག་ཏུ་འདྲེས་པ་དེ་རེད། མིའི་རིགས་ཀྱི་བརྣབ་སེམས་དང་འདོད་སྲེད་ཀྱིས་གཟིར་བའི་མཐུ་ཡིས། ཚན་རིག་དང་ལག་རྩལ་དེ་མིའི་རིགས་ཀྱི་བདེ་ཐང་གི་འདོད་འདུན་ལ་མཐུན་རྐྱེན་ཞུ་བ་ལས་ལྡོག་སྟེ་ལོག་པའི་ལམ་དུ་ཞུགས་ཤིང་། ཁེ་ཕན་གྱིས་དྲག་ཏུ་བསྐུལ་བ་ལས་ཚད་མེད་པར་འཕེལ་བར་བྱས་ལ་དེས་དོན་དུ་མི་ཕྱུག་པོ་ཉུང་ཤས་ཀྱི་ཚུལ་མིན་གྱི་འདོད་པ་སྐོང་བཞིན་ཡོད། དེ་ལྟར་མིའི་རིགས་ཀྱིས་སྨྱོས་པ་ལྟར་སའི་གོ་ལས་ཅི་སྙེད་པ་ཞིག་ལེན་གྱིན་ཡོད། ངེད་ཅག་གིས་སའི་གོ་ལ་བརྐོས་ཏེ་རྨ་དང་བུ་གས་གང་བར་བྱས་ལ། གཙང་བོ་དང་། རྒྱ་མཚོ། མཁའ་དབུགས་བཅས་བཙོག་པར་བཏང་། ངེད་ཅག་གིས་འཚང་ཁ་རྒྱག་བཞིན་དུ་རྣོ་ལྕགས་དང་ཨར་འདམ་གྱི་རྩིག་པ་མང་པོ་བཟོས་པ་དང་། དེའི་མིང་ལ་གྲོང་ཁྱེར་ཅེས་པའི་མིང་སྙན་མོ་ཞིག་བཏགས། ང་ཚོས་གྲོང་ཁྱེར་ནས་རང་གི་འདོད་པ་ཉིད་བག་མེད་པར་བྱས་ཏེ་གཏན་དུ་བརླག་ཐབས་མེད་པའི་གད་སྙིགས་བཟོ་བཞིན་ཡོད། དེ་བས་གྲོང་གསེབ་པ་ཚོ་དང་བསྡུར་ན། གྲོང་ཁྱེར་བ་དག་ལ་ཉེས་པ་ཡོད་པ་དང་། དབུལ་བོ་ཚོར་བསྡུར་ན། ཕྱུག་པོ་ཚོར་ཉེས་པ་ཡོད། དམངས་ཕལ་བ་དང་བསྡུར་ན། དཔོན་པོ་ཚོར་ཉེས་པ་ཡོད། རྒྱུ་མཚན་གཞན་ཞིག་གི་ངོས་ནས་བལྟས་ན། དཔོན་ས་ཅི་ཙམ་མཐོ་ན་ནག་ཉེས་དེ་ཙམ་ཆེ་བ་སྟེ། དེའང་དཔོན་ས་ཅི་ཙམ་ཆེ་ན་རྒྱས་སྤྲོས་བཤམས་པ་དང་། འདོད་རྔམ་དེ་ཙམ་ཆེ་ལ། ཐོན་ཁུངས་བརླག་པའང་དེ་ཙམ་མང་བ་ཡིན་ནོ།། ཡང་དར་རྒྱས་སུ་སོང་མེད་པའི་རྒྱལ་ཁབ་དང་བསྡུར་ན། དར་རྒྱས་ཅན་གྱི་རྒྱལ་ཁབ་ཀྱི་ཉེས་པ་ཆེ། དེ་ཅིའི་ཕྱིར་ཞེ་ན། དར་རྒྱས་སུ་སོང་བའི་རྒྱལ་ཁབ་ཀྱི་འདོད་རྔམ་དེ་ལས་ཆེ་བ་སྟེ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རང་གི་རྒྱལ་ཁོངས་ནས་དོན་མེད་རྙོག་དྲ་སློང་བར་མ་ཟད། རྒྱལ་ཁབ་གཞན་པའི་རྒྱལ་ཁོངས་དང་། སྤྱི་ལ་དབང་བའི་མཚོ། ལྷོ་སྣེ་གླིང་དང་བྱང་སྣེ་གླིང་། དེ་མིན་ཟླ་བའི་གོ་ལ་དང་སྟོང་ཁམས་ཆེན་པོ་སོགས་སུ་སོང་ནས་རྙོག་དྲ་སློང་བ་རེད། དེ་བས་སའི་གོ་ལའི་ཕྱོགས་ཐམས་ཅད་དུ་བས་དཀྲིས་ཤིང་འདར་ཅིང་སྐྱོམས་པར་བྱེད། རྒྱ་མཚོ་ཆེན་པོས་ངར་སྐད་སྒྲོག་པ་དང་། རྡུལ་རླུང་གང་སར་མཆེད་པ། ཆར་ཆུ་དུས་སུ་མི་འབབ་ཅིང་སད་སེར་ཆེ་བ་སོགས་རྟགས་མཚན་ངན་པ་མང་པོ་མངོན། དེ་ཐམས་ཅད་འཕེལ་རྒྱས་སུ་སོང་བའི་རྒྱལ་ཁབ་དག་གིས་བརྣབ་སེམས་དང་འདོད་སྲེད་ཀྱི་དབང་དུ་གྱུར་ཏེ་ཚུལ་དང་མི་མཐུན་པའི་ངང་དུ་ཚན་རྩལ་འཕེལ་རྒྱས་སུ་བཏང་བ་དང་འབྲེལ་བ་ཡོད་དོ།།
        འདི་ལྟ་བུའི་དུས་ཤིག་ཏུ། ངེད་ཅག་གི་རྩོམ་རིག་གིས་དོན་དུ་ལས་འགན་རླབས་པོ་ཞིག་ཕྲག་ཏུ་བཞེས་ཡོད་དེ། དེ་ནི་སའི་གོ་ལ་དང་མིའི་རིགས་སྐྱོབ་པའི་ལས་འགན་ཉིད་དོ།། ངེད་ཅག་གིས་རང་གི་བརྩམས་ཆོས་ལ་བརྟེན་ནས་འཇིག་རྟེན་སྐྱེ་བོ་ཡོངས་དང་ལྷག་པར་དུ་ཚུལ་མིན་གྱི་ཐབས་ལ་བརྟེན་ནས་ཕྱུག་པོ་དང་དབང་ཤེད་ཅན་དུ་གྱུར་བ་དག་ལ་ཁོ་ཚོ་ནི་ཉེས་ཅན་ཡིན་པ་དང་། ལྷས་ཁོང་ཚོར་མགོན་སྐྱབས་གནང་མི་སྲིད་པའི་གསལ་གདབ་དགོས། ངེད་ཅག་གིས་རང་གི་བརྩམས་ཆོས་ཀྱིས། རྫུ་བག་ཅན་གྱི་ཆབ་སྲིད་པ་ཚོར། རྒྱལ་ཁབ་ཀྱི་ཁེ་ཕན་དུ་འབོད་པ་དེ་ནི་ཆེས་མཆོག་ཏུ་གྱུར་བ་དེ་མ་ཡིན་པར་ངེས་དོན་གྱི་མཆོག་ཏུ་གྱུར་བ་ནི་མིའི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་ཉིད་ཡིན་པའི་གསལ་གདབ་དགོས། ངེད་ཅག་གིས་རང་གི་བརྩམས་ཆོས་ཀྱིས། སྨད་གཡོགས་སྟོང་གཅིག་དང་ལྷམ་ཁྲི་གཅིག་ཡོད་པའི་བུད་མེད་དེ་ཚོར་ཁོ་ཚོ་ལ་ཉེས་པ་ཡོད་ཚུལ་བཤད་དགོས། ངེད་ཅག་གིས་རང་གི་བརྩམས་ཆོས་ཀྱིས། སྒེར་གྱི་གནམ་གྲུ་དང་སྒེར་གྱི་མཚོ་གྲུ་ཉོས་ཡོད་པའི་སྐྱེས་པ་དེ་ཚོར་ཁོ་ཚོ་ལ་ཉེས་པ་ཡོད་ཚུལ་བཤད་དགོས། དེའང་འཇིག་རྟེན་འདི་ན་དངུལ་ལོར་ཡོད་པས་གང་འདོད་འདོད་ཅིག་བྱ་ཆོག་པ་དང་། དངུལ་ལོར་དེའང་ཁྲིམས་མཐུན་དུ་ཐོབ་པ་ཡིན་སྲིད་ཀྱང་། ཁོ་ཚོའི་བྱ་སྤྱོད་དེས་མིའི་རིགས་ལ་ནག་ཉེས་ཚབས་ཆེན་བསགས་ཡོད། དེ་བས་ངེད་ཅག་གིས་རང་གི་བརྩམས་ཆོས་བརྒྱུད་ནས་རྒྱུ་ནོར་ཧོབ་ཀྱིས་ཐོབ་པའི་ཕྱུག་གསར་དང་། མགོ་བདེ་གླགས་འཚོལ་མཁན། ཁྲམ་པ། ཨ་ཙ་ར། དཔོན་ངན་། རུལ་སུངས་པ་རྣམས་ལ་ཐམས་ཅད་གྲུ་བོ་ཆེ་གཅིག་ཏུ་ཡོད་པ་དང་། གལ་སྲིད་གྲུ་ནུབ་ཚེ་ཁྱོད་ཀྱིས་ཆ་ལུགས་ཅི་འདྲའི་རྩ་ཆེན་སྤྲས་ཤིང་ལུས་ཡོངས་རིན་པོ་ཆེས་བརྒྱན་པའམ། ཡང་ན་གྱོན་གོས་ངན་ངོན་དང་དངུལ་སྐར་ལི་གང་མེད་པ་གང་ཡིན་རུང་མཇུག་འབྲས་ནི་གཅིག་ཡིན་པ་གསལ་པོར་བཤད་འདོད།
         ངེད་ཅག་གིས་རང་གི་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་མི་རྣམས་ལ་ཆེས་སྤྱིར་བཏང་གི་གནས་ལུགས་དག་ངོ་སྤྲོད་པར་འོས། དཔེར་ན། སྡོད་ཁང་རྩིག་པ་ནི་གཞིས་སྡོད་བྱེད་པའི་ཆེད་དུ་ཡིན་པ་ལས་ཕར་འཚོང་ཚུར་འཚོང་བྱེད་པའི་ཆེད་དུ་མིན་པ་ལྟ་བུའོ།། གལ་སྲིད་སྡོད་ཁང་བརྩིགས་ཏེ་ནང་དུ་སྡོད་མཁན་མེད་ཚེ་དེ་ནི་སྡོད་ཁང་མིན་པ་དང་ཁྱད་ཅི་ཡོད། དེ་བཞིན་དུ་ངེད་ཅག་གིས་མི་རྣམས་ལ། མིའི་རིགས་ཀྱིས་དྲོད་སྙོམས་གསར་གཏོད་མ་བྱས་པའི་སྔོན་དུ། ཚ་བ་མ་བཟོད་པར་ཤི་བའི་མི་ནི་ད་ལྟ་ལས་མང་བ་ཞིག་མིན་པ་དང་། མིའི་རིགས་ཀྱིས་གློག་སྒྲོན་གསར་གཏོད་མ་བྱས་པའི་སྔོན་དུ། མིག་རྒྱང་སྒྲིབ་ཅན་ནི་ད་ལྟ་ལས་ཉུང་བ།  བརྙན་འཕྲིན་མེད་པའི་སྔ་རོལ་ཏུའང་མིའི་རིགས་ཀྱི་ངལ་གསོའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོད་པ། དྲ་རྒྱ་དར་རྗེས་སུ་མིའི་རིགས་ཀྱི་སེམས་ནང་ལ་སྔོན་ལས་མང་བའི་ཤེས་བྱ་འཛིན་ཐུབ་ཀྱིན་མེད་ལ། དྲ་རྒྱ་མ་དར་བའི་སྔོན་དུ། བླུན་པོ་ནི་ད་ལྟ་ལས་ཉུང་བ་སོགས་དྲན་དུ་འཇུག་དགོས། ངེད་ཅག་གིས་རང་གི་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་འགྲིམ་འགྲུལ་སྟབས་བདེར་གྱུར་བས་མི་རྣམས་ཀྱི་གནས་སྐོར་གྱི་སྤྲོ་སྣང་ཉམས་པ་དང་། འཕྲིན་ལམ་ཇེ་མྱུར་ཏུ་གྱུར་བས་མི་རྣམས་ཀྱི་འཕྲིན་སྐུར་བའི་འདུན་པ་ཉམས་པ། བཟའ་བཅའ་མང་ཞིང་ལྷག་པས་མི་རྣམས་ཀྱི་ཟས་བཟའ་བའི་ཡི་ག་ཉམས་པ། འཁྲིག་སྤྱོད་སྟབས་བདེར་གྱུར་བས་མི་རྣམས་ཀྱི་རོགས་སྒྲིག་པའི་ནུས་པ་ཉམས་པ་སོགས་ཤེས་སུ་འཇུག་དགོས། ངེད་ཅག་གིས་རང་གི་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་དེ་འདྲའི་མགྱོགས་པོའི་ངང་དུ་འཕེལ་རྒྱས་སུ་འགྲོ་དགོས་དོན་མེད་པ་དང་། སྲོག་ཆགས་དང་རྩི་ཤིང་ཡང་དེ་འདྲའི་མགྱོགས་པོར་སྐྱེད་དགོས་དོན་མེད་པ་ཤེས་སུ་འཇུག་དགོས། དེའང་སྲོག་ཆགས་དང་རྩི་ཤིང་འཚར་བ་དང་སྐྱེས་པ་མགྱོགས་དྲགས་ན་ཞིམ་པོ་མེད་ལ་འཚོ་བཅུད་ཀྱང་མེད་པ་དང་། ནང་དུ་སྐུལ་རྒྱུ་དང་དུག་སྨན་ཡོད་པ་རེད། ངེད་ཅག་གིས་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་མི་རྣམས་ལ། མ་རྩ་དང་། འདོད་རྔམ། དབང་ཤུགས་སོགས་ཀྱིས་དྲག་ཏུ་བསྐུལ་བ་ལས་ཚན་རིག་སྐྱོན་ཅན་དུ་འཕེལ་ཅིང་། དེས་མིའི་རིགས་ཀྱི་འཚོ་བའི་སྤྲོ་འདུན་མང་པོ་ཉམས་དམས་སུ་བཏང་སྟེ་གང་སར་ཉེན་ཁ་ཡོད་པར་བྱས་འདུག དེ་བས་ངེད་ཅག་གིས་རྩོམ་རིག་བརྩམས་ཆོས་ལ་བརྟེན་ཏེ། ལྷོད་པོ་གྱིས། དལ་མོ་བྱོས། སྤྱང་ཞིང་གྲུང་པོ་ཡིན་ན་དེའི་ཕྱེད་ཀ་དེང་འདིར་བཀོལ་ཏེ་ཕྱེད་ཀ་བུ་རབས་ཚ་རྒྱུད་ལ་ཞོགས་ཤིག་ཅེས་བཤད་པར་འདོད།
        ངེད་ཅག་གིས་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་མི་རྣམས་ལ། མིའི་རིགས་ཀྱི་ཚེ་སྲོག་གི་རྩ་བའི་རྩ་བར་གྱུར་བ་ནི་མཁའ་དབུགས་དང་། ཉི་འོད། ཁ་ཟས་དང་ཆུ་བཅས་ཡིན་ཅིང་གཞན་དག་ནི་བག་མེད་རྒྱས་སྤྲོས་བྱེད་སྤྱད་ཡིན་པ་བཤད་འདོད། དེ་མིན་གྱོན་གོས་དང་སྡོད་ཁང་ཡང་དགོས་པ་སྨོས་ཅི་དགོས། ངེད་ཅག་གིས་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་མི་རྣམས་ལ། མིའི་རིགས་ཀྱི་སྐྱིད་པའི་ཉི་མ་དེ་འདྲའི་མང་པོ་ཞིག་མེད་པ་གསལ་བོར་བཤད་འདོད།  མི་རྣམས་བྱེ་ཐང་དུ་ཡོད་དུས་ཆུ་དང་བཟའ་བཅའ་ནི་གསེར་དང་རྣོ་རྡོ་རྗེ་ཕ་ལམ་ལས་རྩ་ཆེ་བ་ཤེས་སྲིད་ལ། ས་གཡོ་བ་དང་མཚོ་འཕྱུར་བའི་དུས་སུ། མི་རྣམས་ཀྱིས་ད་གཟོད་གཞལ་ཡས་ཁང་དང་རྣམ་སྲས་བང་མཛོད་ཡིན་ཡང་རང་བྱུང་ཁམས་ཆེན་མོའི་ལག་མཐིལ་ནས་ལྕི་འདམ་ལས་ཅི་ཡང་མིན་པ་ཤེས་སྲིད། ཡང་མིའི་རིགས་ཀྱིས་ས་སྒང་རིལ་མོ་འདི་ཉིད་འཚོ་སྡོད་བྱ་རུང་བའི་གནས་ཤིག་ཏུ་མིན་པར་བསྒྱུར་བའི་ཚེ་ན། རྒྱལ་ཁབ་དང་། མི་རིགས། ཆབ་སྲིད་ཚོགས་ཁག མ་རྐང་འཛིན་ཤོག་སོགས་ཐམས་ཅད་སྙིང་བོས་སྟོང་བར་འགྱུར་སྲིད། རྩོམ་རིག་ཉིད་ཀྱང་དེ་བཞིན་དུ་འགྱུར་བ་སྨོས་ཅི་དགོས། དེས་ན་ངེད་ཅག་གི་རྩོམ་རིག་གིས་མིའི་རིགས་ཀྱི་འདོད་རྔམ་དང་ལྷག་པར་དུ་སྲིད་དབང་གི་འདོད་རྔམ་ལ་ཅུང་ཙམ་ཚོད་འཛིན་ནུས་སམ་ཞེ་ན། དེའི་མཇུག་བསྡོམས་ནི་སྐྱོ་དགོས་པ་ཞིག་རེད། དེ་ལྟ་ནའང་ངེད་ཅག་གིས་འབད་པ་མི་བྱེད་པར་བསྐྱུར་མི་རུང་སྟེ། དེ་ནི་སྐྱེ་བོ་གཞན་དག་སྐྱོབ་པ་ཙམ་མིན་པར་ངེད་ཅག་རང་ཉིད་སྐྱོབ་པ་ཡང་ངོ་།།

    (མ་རྩོམ་སྦྲེལ་ཐགhttp://mt.sohu.com/20150529/n414102145.shtml)

༼རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།༽

འབྲེལ་ཡོད་རྩོམ་ཡིག