ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

གསང་སྒྲོག་བདེ་ཆེན་བཤད་སྒྲུབ་དར་རྒྱས་གླིང་།

2016-05-25

 

       གསང་སྒྲོག་དགོན་པ་ནི་གཅན་ཚ་རྫོང་མཁར་ནུབ་ཕྱོགས་ཀྱི་སྤྱི་ལེ༣༨མཚམས་ཀྱི་སྐྱ་རྒྱའི་གསང་སྒྲོག་སྒང་དུ་ཆགས་ཤིང་། མཆོད་གཞིས་ལྷ་སྡེ་གཙོ་བོ་ནི་ཨ་འབྱུང་གནམ་སྟེང་དང་། སྐྱ་རྒྱ། གླེ་རིང་ཡང་གླེ། གཡག་བཅས་ཀྱིས་མཚོན་པའི་སྐྱ་ནག་ཕྱོགས་ཀ་ཡིན།
       རབ་བྱུང་བཞི་བ༼སྤྱི་ལོ1206ནས་སྤྱི་ལོ1240༽ཙམ་ལ་གཙང་ས་སྐྱ་ནས་ཤངས་བ་བཀའ་རྒྱུད་པའི་གྲུབ་མཐའ་ནང་མ་འཆམས་པར་སིལ་བུར་གྱེས་པ་ལས། དེའི་བླ་མ་ཀུན་མཁྱེན་ཤེས་རབ་དཔལ་བཟང་ཟེར་བ་ཞིག་གིས་ཕྱོག་ས་མཐུན་གྲྭ་བ་སྐོར་ཞིག་ཁྲིད་དེ་དགོན་གནས་འཚོལ་བ་ལ་ཁྲི་ཀ་བརྒྱུད་ས་དེ་ཤད་དུ་སླེབས་པ་ན། དེར་སའི་ཡོན་ཏན་དུ་མ་དང་ལྡན་ཞིང་གནས་ཉམས་དགའ་བ་ཞིག་ཏུ་གཟིགས་ཏེ་ཡུལ་དེའི་སའི་ཆགས་དབྱིབས་ལྟར་ཆུའི་ཕར་ཚུར་གཉིས་ལ་རི་ཁྲོད་ཀྱི་དགོན་པ་རེ་བཏབ། བཤད་སྒྲུབ་ཀྱི་བསྟན་པ་ཆུ་རྒྱུན་ལྟར་སྤེལ་ནས་རིང་པོ་ཞིག་སོང་ཚེ། དེར་གནས་པའི་གཞི་བདག་ཤིན་ཏུ་གཉན་པོ་ཞིག་འདུག་པ་ལ། རི་ཁྲོད་པ་གཉིས་ཀྱིས་སྔ་ཕྱི་ལྟར་གཅིག་གིས་བསང་བཏང་རྗེས་ད་གཟོད་ཅིག་ཤོས་ཀྱིས་གཏོང་དགོས་པ་ལ། ཉིན་བསང་ཕུལ་མཁན་བན་དེ་གཉིས་བགྲོས་ཏེ་བསང་མཉམ་དུ་གཏོང་བར་གནས་བདག་གིས་ཅི་བྱེད་བལྟ་ཞེས་ཚོད་བགམ་ཕྱིར་བསང་མཉམ་དུ་བཏང་བ་ན། གནས་བདག་དེ་ཆུའི་ཕར་ཚུར་དུ་རྒྱུག་ནས་གཅིག་གི་སྣེ་ཡང་མ་ཟིན་པར་ཉིན་དེའི་གསོལ་སྐལ་ཤོར་བས། དྲག་ཏུ་ཁྲོས་ཏེ་ས་གཡོ་ཆེན་པོ་བསླངས་ནས་དགོན་པ་བསྣུབས་ཞེས་དང་། ཡང་ཁ་ཅིག་གིས་དུས་འཁྲུག་གིས་འཇིག་པར་ཡང་བཤད།གཞན་ཡང་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་འགྲོ་མགོན་འཕགས་པ་ཁྲི་ཀར་ཕེབས་ཏེ་ཆོས་རྒྱུན་སྤེལ་བ་ནས་བཟུང་ས་སྐྱའི་ཆོས་རྒྱུན་ཡང་འདྲེས་པར་བཤད། གནས་དེ་ནི་མཁས་གྲུབ་ཀྱི་དབང་ཕྱུག་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་འཇའ་ལུས་སུ་འཐིམས་པའི་གནས་འགངས་ཆེན་ཞིག་ཡིན་ལ། ད་ལྟའང་གནས་དེ་ལ་གསང་སྒྲོག་གི་མ་དགོན་དུ་གྲགས།
       རི་ཁྲོད་འཇིགས་རྗེས་སུ་དེའི་གྲྭ་བ་འགའ་སླར་འདུས་ནས་སྐྱ་རྒྱའི་ཐང་མགོ་འམ་སྒར་གོང་འོག་བར་གསུམ་དུ་གཞི་བཏིང་སྟེ་སྒྲུབ་པ་བྱས་པས་ཤུལ་དུ་སྒར་གོང་མ་དང་། སྒར་བར་མ། སུམ་ཅུའི་སླ་ང་ཞེས་པའི་ཚོགས་སླང་ཞིག་དང་སྦུབ་ཆ། ཌ་དྲིལ། བྱམས་སྐུ་ཀྲུང་མ་ཁྲི་གང་བ་སོགས་རྟེན་རྙིང་འགངས་ཆེན་མང་པོ་ཡང་དེ་དུས་སུ་མ་དགོན་ནས་ཞུས་པར་བཤད། དེར་རིང་བོ་མ་ལོན་པར་གནས་འདི་གྲོང་ཚོ་དང་ཁད་ཉེ་ཞིང་ཤིང་ཆུ་སོགས་ཡུལ་བབ་ཀྱི་ཆ་རྐྱེན་ཞན་པས་ཡང་གསང་སྒྲོག་སྒང་ཞེས་པའི་ས་དེར་གནས་སྤར། ཆོས་རྗེས་དོན་གྲུབ་རིན་ཆེན་གནས་འདིར་ཐོག་མར་ཕེབས་ཏེ་བྱིན་གྱིས་བརླབས། དེ་ནས་རབ་བྱུང་བཅུ་བའི་ཤིང་ཡོས་ཏེ་སྤྱི་ལོ1615ལོར། གཡེར་གཤོང་ཆེ་བ་རིན་པོ་ཆེ་དགོང་ལོ་སོ་ལྔའི་སྟེང་ཁྲི་ཀའི་དགོན་རོང་གི་གནས་བཙལ་རྗེས། ཕྱིར་ཕེབས་ལམ་དུ་དགོན་འདིར་རེ་ཞིག་བཞུགས་ཏེ་གྲྭ་མང་གིས་ཆེར་ཞུས་པ་ལ། ཁོང་གིས་ཀྱང་ཐུགས་བརྩེ་བའི་ངང་ནས་ཞལ་བཞེས་གནང་། ཆོས་བཀའ་ཡང་མང་དུ་བསྩལ་ཏེ་དད་ལྡན་རྣམས་དབུགས་དབྱུང་བར་མཛད། དེ་ནས་ཕྱིར་ཕེབས་སྐབས་སུ་ཆིབས་རྟ་བོར་བ་བཙལ་བས་གནས་དེའི་ཕྱོགས་ཀྱི་ཤུག་གསེབ་ཏུ་ཉལ་འདུག་པ་ལ་ཐབས་ཅི་བྱས་ཀྱང་སློང་མ་ནུས་པས། ས་འདི་དགོན་གནས་མ་ནོར་བ་ལྷའི་ལུང་བསྟན་དུ་མཁྱེན་ནས་ཡུལ་དེའི་ཕྱོགས་དེར་གཟིགས་པ་ན། ས་དཔྱད་རྩིས་ཀྱི་གཙུག་ལག་ལས་གསུངས་པ་ཇི་ལྟར། གནམ་འཁོར་ལོ་རྩེ་བརྒྱད། ས་པདྨ་འདབ་བརྒྱད། ཁོར་ཡུག་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མ་ཀུན་ནས་ཚང་བ་ལ་དབུས་དུང་དཀར་གཡས་འཁྱིལ་གྱི་ཁོག་པ་འདྲ་བ་ཞིག་ཡོད་པ་དེར་དགོན་སྡེ་འདེབས་པའི་ལུང་བསྟན། དེ་ལྟ་བུའི་སའི་ཡོན་ཏན་དུ་མ་ལྡན་པའི་གནས་མཆོག་དེའི་ཤར་ཕྱོགས་སུ་དགེ་ཚོགས་གཡང་གི་བང་མཛོད་བསྐྱལ་བའི་བརྡར།  བ་ཡན་ཡི་རྒྱུད་ཕྱུགས་པོ་རི་བདུན་དུ་འབོད་པ་སྤང་རི་ཟླུམ་པོར་འཁྲིལ་བ།  ལྷོ་ཕྱོགས་སུ་གྲགས་སྙན་གྱི་བ་དན་སྲིད་རྩེར་གཡོ་བའི་དོད་དུ། མདུན་རི་ནགས་ཚལ་སྟུག་པོ་དགུང་དུ་འཕྱུར་བ།ཡན་ལག་བརྒྱད་ལྡན་གྱི་ཆུ་བོར་ཅོ་འདྲི་བ་སྲིན་པོའི་རྫ་ཆུ་མི་བསྲུན་ཕས་རྒོལ་སྲུང་བའི་མཚོན་བྱེད་སྐྱེས་ལྷ་སྲིན་པོ་རི་བོ་རྔམ་ཞིང་བརྗིད་པ། བྱང་ཕྱོགས་སུ་སངས་རྒྱས་བསྟན་པ་ཕྱོགས་བཅུར་འཕེལ་བའི་རྟེན་འབྲེལ་དུ་ཙོང་ཁའི་སྐྱེས་རི་ར་བ་ས་དབྱིངས་ཕུན་སུམ་ཚོགས་པས་ཕྱོགས་མཚམས་ཡོངས་སུ་བཟུང་བ་དེར་དགོན་པའི་གཞི་སྤོར་ཚུལ་གྱི་ཞལ་བཀོད་གནང་སྟེ་ཕེབས་སོ།།
        བོད་རབ་བྱུང་བཅུ་བའི་མེ་འབྲུག༼སྤྱི་ལོ1616༽ལ། མཁས་གྲུབ་ཀྱི་དབང་ཕྱུག་གཡེར་ཤོང་རིན་པོ་ཆེས་སྔོན་ལོའི་དམ་བཞག་པ་ལྟར་དགོན་འདིར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། སྔར་ཆིབས་རྟ་ཉལ་ཉལ་ཤུལ་དུ་ཐོག་མར་མཆོད་ཁང་བཞེངས་ནས་སྐབས་དེའི་འདུ་ཁང་ཡང་དེ་ལ་བྱས། ཁོང་གིས་ཁྲི་ཀའི་དགོན་རོང་ནས་བཞེངས་པའི་བདེ་མཆོག་ཡབ་ཡུམ་གྱི་སྨན་སྐུ་ཁྲི་གང་བ་དེ་གའི་བློས་བསླངས་སུ་མ་ཤོང་བ་ཡང་གནས་འདིར་ཞུས་ནས།  མཆོད་ཁང་གི་རྟེན་གཙོ་བོར་ཞུས་ནས་ཁོང་ཉིད་ཀྱིས་རབ་གནས་མཛད། དགེ་འདུན་རྣམས་ལ་ཆོས་སྤྱོད་བཅུའི་སྒྲུབ་པ་ཉམས་ལེན་དང་། བསླབ་བྱ་གཙིགས་ཆེར་གནང་ནས་དགེ་བའི་ལས་ལ་བསྐུལ། དེ་ནས་བཟུང་དགོན་པའི་མཚན་ལ་ཡང་གསང་སྒྲོག་བཤད་སྒརྭབ་འཕེལ་རྒྱས་གླིང་ཞེས་བཏགས།གཞན་ཡང་ཡུལ་འདིའི་ཕྱིའི་བཀོད་པ་ནི་གནས་གཞན་དང་མི་མཚུངས་པར།  དེའི་གསང་བའི་ངོ་བོ་ལ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་རང་བཞིན་རྒྱབ་རི་རྩ་དབུ་མའི་ཚུལ་དང་། གཡས་རི་གཡོན་རི་གཉིས་ནི་རྩ་རོ་རྐྱང་གི་ཚུལ་དུ་གནས་པ། གཡས་གཡོན་གྱི་ཆུ་རྒྱུན་བཞི་དང་ལམ་ཕྲན་བཞི་ནི་རྩ་ཆེན་བརྒྱད་ཀྱི་ཚུལ་དུ་གནས་ཤིང་།ལམ་ཕྲན་རྣམས་ལམ་ཆེན་ལ་ཐུག་པ་དང་རི་ཆུང་རྣམས་རི་རྒྱུད་ཆེན་པོ་གསུམ་དང་འབྲེལ་བ། ཆུ་ཕྲན་རྣམས་ཆུ་ཆེན་ལ་འབབ་པ་སོགས་རླུང་དང་ཁམས་རྒྱུ་བའི་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་ཚང་བའི་དཔལ་འཁོར་ལོ་བདེ་མཆོག་གི་ཡུལ་ཉེར་བཞིའི་གཅིག་ཏུ་བགྲང་བའི་གནས་མཆོག་དེར་གཡེར་གཤོང་ཆེ་བ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་དགུང་ལོ་སོ་དྲུག་སྟེང་མཆོད་ཁང་རྟེན་བརྟེན་པ་རྣམས་ལེགས་པར་བཞེངས་གྲུབ་སྟེ་དགེ་འདུན་པ་སྤྲིན་གྱི་འདུ་འགོད་ལྟར་འདུས་པ་ལ་སྔར་མེད་ཀྱི་ཆོས་སྦྱིན་གསར་དུ་བཙུགས། དགོན་པ་དེའི་ལོ་རྒྱུས་རྣམས་ཀྱང་བླ་བྲང་གི་རྩིག་ངོར་ལྡེབས་རིས་སུ་བྲིས་པ་ཕྱིས་རིག་གསར་གྱི་དུས་མཐའི་མེ་དཔུང་གིས་ཐལ་བའི་རྡུལ་དུ་བརླགས། འདི་ཉིད་བླ་རབས་ཀྱི་ཐོག་མར་བཞུགས་ཏེ་དགོན་པ་ཚུལ་བཞིན་བསྐྱངས་པ་སོགས་སྐུ་དྲིན་ཤིན་ཏུ་ཆེའོ།  །
        གཞན་ཡང་གནས་འདིར་དམ་པ་མང་པོས་བྱིས་བརླབས་ཚུལ་ནི། བོད་རབ་བྱུང་དྲུག་པའི་ཤིང་ཕག༼སྤྱི་ལོ1335༽ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་གི་གནས་འཚོལ་སྐབས་སྟོད་ཚང་སྡར་བར་ཕེབས་ཏེ། ཡུལ་མི་ལྷ་བྱམས་ཚེ་རིང་ཟེར་བ་ཞིག་ལ་གནས་ཚང་གཡར་ནས་ཕྱོགས་འདིའི་གནས་ཚུལ་དྲིས་པར། ཡ་གིའི་ནགས་ཚལ་ན་་དགོན་སྡེ་ཞིག་ཡོད་ཞུས་པས་ཕྱི་ཉིན་དེར་ཕེབས། དེག་འདུན་རྣམ་ལ་ཆོས་བཀའ་མང་དུ་བསྩལ། ལྷུང་བཟེད་རྟེན་སྐལ་དུ་གནང་བ་སོགས་བྱིན་རླབས་རྒྱ་ཆེན་པོ་མཛད།
        རབ་བྱུང་བཅུ་བའི་མེ་སྟག༼སྤྱི་ལོ1626༽ལོར་ཀོའུ་བ་ཆོས་རྒྱ་མཚོ་དགུང་ལོ་ང་དྲུག་ལ་གནས་འདིར་ཕེབས་ཏེ་ཁྲི་ཐོག་དང་པོར་བཞུགས། སྒར་ཁ་བཏབ། དགེ་འདུན་རྣམས་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་སོགས་ཆོས་བཟའ་ཅི་རིགས་གནང་། 
        རབ་བྱུང་བཅུ་གཉིས་པའི་མེ་བྱི༼སྤྱིལོ1691ལོར༽ལོར་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཁྲི་ཐོག་གཉིས་པར་བཞུགས། བླ་བྲང་ལ་ལྔ་བཅུ་མ་ཞེས་པའི་གཙག་ལག་ཁང་དེ་བཞེངས་ཤིང་། ནང་རྟེན་དུ་གསུང་གི་རྟེན་ལ་མཐིང་ཤོག་ལ་གསེར་ཞུན་གྱིས་བྲིས་པའི་བཀའ་འགྱུར་དང་སངས་རྒྱས་སྟོང་སྐུ་བཞུགས་པའི་མདོ་སྡེ་བསྐལ་བཟང་ཆེན་མོ་གསེར་བྲིས་མ་ཀ་རྟ་ཚེག་ལུག་ཏུ་གྲགས་པའི་དཔེ་མི་སྲིད་་པ་དེ་རྣམས་བཞུགས། སྐུ་རྟེན་ལ་ཙན་ཏན་དམར་པོའི་ཐུགས་རྗེ་ཆེན་པོ་མི་ཚད་ཙམ་དང་ཇོ་སྐུ་བྱིན་ཅན་ཁྲི་གང་མ། ཞལ་ཐང་གྲགས་ཅན་མང་པོ། ཐུགས་རྟེན་ལ་གསེར་ཟངས་ཀྱི་མཆོད་རྟེན་སྒོ་བརྒྱ་མ་མི་ཚད་ཙམ་ཞིག་བཞེངས་པར་གཟུངས་གཞུག་ཏུ་རྒྱ་བལ་གྱི་པཎ་གྲུབ་མང་པོའི་ན་བཟའ་དང་།  གདུང་རུས། རྗེ་ཡབ་སྲས་ཀྱི་དབུ་ཞྭ་དང་ཕྱག་ཕྲེང་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྟེན་རྣམས་བཞུགས།
        ཁོང་གིས་བཞེངས་པའི་བྱམས་ཁང་གི་ནང་རྟེན་གཙོ་བོ་བྱམས་པའི་གཟུངས་གཞུག་ལ་སངས་རྒྱས་འོད་སྲུངས་ཀྱི་རིང་བསྲེལ་བྱ་སྒོང་ཙམ་ཞིག་དང་།  མགོན་པོ་ཀླུ་སྒྲུབ་ཀྱི་ན་བཟའ། རྒྱ་གར་ཕ་དམ་པ་སངས་རྒྱས་ཀྱི་ཞབས་ཕྱག རྒྱ་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་དབུ་སྐྲ་དང་ཤངས་མཚལ། སྐུ་ལྕུག་ན་བཟའ། པྲོག་ཞུ་སོགས་རིང་བསྲེལ་ཕུན་སུམ་ཚོགས་པ་བཞུགས་པར་རྟེན་ཡིག་ལས་གསུངས། གཞན་གསེར་ཟངས་ཀྱི་སྟོན་སྐུ་བྱིན་ཅན་བདུད་རྩི་རང་འབབ་ཞིག་ཀྱང་ཡོད་པ་ད་ལྟའི་བར་བཞུགས་པ་སོགས་དགོན་པར་ཕྱག་རྗེས་ཆེ།
        རབ་བྱུང་བཅུ་གཅིག་པའི་ཆུ་རྟ༼སྤྱི་ལོ1702༽ལོར་གཡེར་གཤོང་སྤྲུལ་བའི་སྐུ་སྔགས་འཆང་འཇམ་དབྱང་བློ་གྲོས་དགོན་འདིར་ཕེབས་གནས་ཡུན་རིང་བཞུགས། བདེ་གསང་འཇིགས་གསུམ་གྱི་བཀའ་ཆོས་མང་དུ་བསྩལ།  གཞི་གསུམ་གྱི་ཆོ་ག་ཐོག་མར་བཙུགས་ཤིང་།  བདེ་མཆོག་དང་གསང་འདུས། འཇིགས་བྱེད་ཀྱི་ཆོ་ག་དང་ལྔ་མཆོད་ཆེན་མོ་སོགས་ཚོགས་འདོན་རྣམས་རྒྱུད་སྨད་ཀྱི་ཕྱག་ལེན་ལྟར་བཙུགས་པ་དང་།སྨན་མཆོག་ཆེན་མོ་ཚོགས་འདོན་བྱེད་པ་ཐུན་མོང་ལ་མི་སྣང་བའི་སྲོལ་བཏོད། ཉིད་ཀྱི་སྐུ་གཟན་ལ་བཞེངས་པའི་མགོན་པོའི་སྐུ་བརྙན་ནི་འགངས་ཆེ་བར་གྲགས། གཉན་ཐོག་རབ་འབྱམས་པ་བླ་ཚབ་ཏུ་བསྐོས། 
       རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ༼སྤྱི་ལོ1713༽ལོར་བསེ་ངག་དབང་བཀྲ་ཤིས་ཁྲིར་བཞུགས། ལོ་རེའི་ཧོར་ཟླ་བཞི་བའི་ཚེས་བདུན་ནས་ཉིན་བདུན་རིང་ལ་ཀླུ་དབང་རྒྱལ་བོའི་བུམ་སྒྲུབ་ཐུན་མོང་ལ་མེད་པའི་སྲོལ་བླ་ན་མེད་པ་བཏོད། 
       རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག༼སྤྱི་ལོ1784༽ལོར་གཡེར་གཤོང་དེག་འདུན་ཟླ་གྲགས་ཁྲིར་བཞུགས། གསང་སྒྲོག་དགོན་པའི་ལོ་རྒྱུས་མ་ལུས་པ་གཡེར་གཤོང་བླ་བྲང་གི་རྩིསག་ལྡེབས་ལ་རི་མོར་བཀོད་པ་སོགས་མཛད་འཕྲིན་ཆེ། ཁོང་གི་སྐུ་མཆེད་བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་དགོན་འདིར་གདན་སར་བཀོད་དེ་བླ་ཚབ་ཏུ་བཞག
       མཚན་ཡང་བརྗེས་ནས་གསང་སྒྲོག་བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་ཞེས་པར་གསོལ། སྐབས་དེ་ནས་བཟུང་གཡེར་གཤོང་སྐུ་ཕྲེང་རིམ་བྱོན་དང་གསང་སྒྲོག་སྤྲུལ་སྐུ་ན་རིམ་ཟུང་འབྲེལ་གྱིས་དགོན་འདི་བསྐྱངས་ནས་ཆོས་སྲིད་ཟླ་སྒྲིལ་གྱི་བྱ་བ་ཡར་ལྡན་དུ་སྤེལ། རབ་བྱུང་བཅུ་གསུམ་པའི་ཤིང་སྟག༼སྤྱི་ལོ1794༽ལོར་རྐ་ཕུག་བློ་བཟང་དོན་གྲུབ་ཁྲིར་བཞུགས། འཇིགས་བྱེད་དཔའ་གཅིག་གི་དབང་དང་རྒྱུད་ཀྱི་བཤད་པ་སོགས་ཆོས་བཀའ་ཅི་རིགས་གནང་ནས་ལྷ་རི་བ་བློ་བཟང་འབྱུང་གནས་ཀྱི་ཕྱག་ལེན་ཅི་ལྟ་བ་བཞིན་ལྕགས་མཁར་བདུད་དཔུང་འཇོམས་པའི་མཚོན་ཆའི་ཆོས་སྤྱོད་བླ་ན་མེད་པ་ཞིག་བཙུགས། འདུ་ཁང་ཆེན་མོ་གསར་བཞེངས་མཛད།གཞན་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་དང་སྐྱབས་རྗེ་གསར་ཁང་བ། ཞྭ་དམར་པཎ་ཌི་ཏ་དགེ་འདུན་བསྟན་པ་རྒྱ་མཚོ་སོགས་ཀྱང་སྔ་རྗེས་སུ་བྱོན་ནས་ཆོས་བཀའ་ཅི་རིགས་གནང་། རབ་བྱུང་བཅོ་ལྔ་བའི་ཤིང་སྟག༼སྤྱི་ལོ1914༽ལོར་ཞྭ་དམར་པཎ་ཌི་ཏ་དགེ་འདུན་བསྟན་པ་རྒྱ་མཚོའི་ལུང་བསྟན་ལྟར་མཁས་པའི་དབང་བོ་འཇུ་འོད་ཟེར་རྒྱ་མཚོ་དགོན་འདིའི་ཚོགས་ལ་ཞུགས།  སྒར་ཁ་བཏབ་ནས་བཅད་རྒྱ་དམ་པོས་སྐུ་མཚམས་ལ་བཞུགས།  དབང་ལུང་རྗེས་གསུམ་གྱི་ཆོས་ཆར་ཕབ།སྨན་དཔྱད་ལ་མངའ་རྙེས་པས་ངང་རོང་སྤྲུལ་སྐུ་འཇམ་དབྱངས་མཁྱེན་རབ་སོགས་སློབ་མ་གྲགས་ཅན་མང་པོ་བྱུང་། དེའི་ཕྱིས་སྐྱབས་རྗེས་འཇིགས་མེད་བསམ་གཏན་དང་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ཡབ་སྲས་གཉིས་དང་། ཐར་ཤུལ་སྐུ་ཕྲེང་བདུན་པ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་སོགས་ཀྱང་དགོན་འདིར་ཕེབས་ནས་ཕྱོགས་འདུས་སེར་སྐྱ་ཕོ་མོ་མང་བོར་དབང་ལུང་མན་ངག་གི་ཆོས་ཆར་ཕབ་པའོ།།
        སྤྱི་ལོ1958ལོར་དགོན་པ་འཇིགས། སྤྱི་ལོ1982ལོར་གཡེར་གཤོང་ཆེ་བ་རིན་པོ་ཆེའི་སྐུ་སྐྱེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་ཕེབས་ཏེ་ཆོས་ཀྱི་སྒོ་མོ་ཕྱེ་བའི་རྟེན་འབྲེལ་སྒྲིག་ཅིང་། དད་ལྡན་མང་པོར་དམིགས་བརྩེ་མ་དང་ཚེ་དབང་སསོགས་ཆོས་ཀྱི་ཆར་ཕབ་ལ་འདུ་ཁང་གསར་བཞེངས་ཀྱི་ཐུགས་བཀོད་གནང་། སྤྱི་ལོ1984ལོར་གསར་བཞེངས་འདུ་ཁང་ཆེན་མོའི་གྲུབ་སྟོན་མཛད།

        དགོན་བདག་བླ་མ་གསང་སྒྲོག་བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་ཀྱི་ལོ་རྒྱུས།
        གསང་སྒྲོག་བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་ཚང་གཡེར་གཤོང་དགེ་འདུན་ཟླ་གྲགས་པའི་གཅུང་དུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག༼སྤྱི་ལོ1784༽ལོར། གཡེར་གཤོང་བས་ཁོང་དགོན་འདིའི་གདན་སར་བཀོད།མཚན་ཡང་བརྗེས་ནས་གསང་སྒྲོག་བདེ་ཆེན་སྤྲུལ་སྐུ་ཞེས་པར་གསོལ། འདི་བ་ནས་བཟུང་གསང་སྒྲོག་སྐུ་ཕྲེང་རིམ་བྱོན་གྱིས་མདོ་སྔགས་ལུགས་གཉིས་ཟླ་སྒྲིལ་གྱིས་དགོན་པ་ཚུལ་བཞིན་བསྐྱངས་ཏེ་ཆོས་སྲིད་ཀྱི་བྱ་བ་ཡར་ལྡན་དུ་སྤེལ། ཁོང་དགུང་ལོ་ཉེར་བཞིའི་སྟེང་།  ཐོག་མར་དགོན་བདག་གི་འགན་ཁུར་བསྣམས་ཏེ་ལ་མོ་བདེ་ཆེན་དུ་སློབ་གཉེར་ལ་ཕེབས། ཁོང་གི་གཅེན་དགེ་འདུན་ཟླ་གྲགས་པ་སོགས་མཁས་གྲུབ་ཚད་ལྡན་གྱི་བླ་མ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མ་ལུས་པ་རྫོགས་པར་གསན། དེར་སྒར་ཁ་བཏབ་སྟེ་དགོན་ལག་གི་གྲས་སུ་ཞུགས་པ་དང་།ཚོགས་མང་ལ་མང་ཇ་སོགས་ཀྱིས་བསྙེན་འབུལ་བཏེགས་པས་སློབ་ཆུང་གི་ཁྲིར་བཞུགས། དགུང་ལོ་བཅུ་དྲུག་གི་སྟེང་། བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་ཕེབས། རྩ་བ་ངག་དབང་དགེ་ལེགས་སོགས་མཁས་དབང་དུ་མའི་ཞབས་པད་ཡུན་རིང་དུ་བསྟེན་ཏེ། མངོན་རྟོགས་རྒྱན་རྩ་འགྲེལ་སོགས་ལ་ཐོས་པ་རྒྱ་ཆེར་གནང་། ཉེར་གཅིག་གི་སྟེང་མདོ་སྨད་ཀྱི་ཆོས་སྡེ་དུ་མར་ཕེབས་ཏེ་རིག་པའི་གནས་ཆེ་ཆུང་གི་གསན་སྦྱོང་ལ་རྩེ་གཅིག་ཏུ་གཞོལ། དེ་ནས་སླར་བྱ་ཁྱུང་དུ་ཕེབས་ནས་བཀའ་བསྟན་སོགས་གཞུང་ཆེན་རྣམས་ལ་གཟིགས་རྟོགས་མཛད་པ་ལས། 《བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བའི་རྣམ་བཤད་རྐང་དྲུག་མྱོས་པའི་གླུ་དབྱངས།》《སྙན་ངག་གི་དཔེར་བརྗོད་ཚངས་སྲས་དགྱེས་པའི་འགྱུར་ཁུགས།》《བྱ་ཁྱུང་གདན་རབས་མཐོང་བ་དོན་ལྡན།》སོགས་རྨད་དུ་བྱུང་བའི་ལྗངས་རྩོམ་གྱི་ཕྱག་བྲིས་བསྟར་མ་མང་པོ་བཞུགས་པ་ཡང་དུས་དབང་གིས་བོར་བརླགས་སུ་སོང་། ཁོང་གཅེན་གཅུང་རྣམ་གཉིས་ཀྱིས་ལྷན་དུ་སྐུ་གོང་མ་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་འདོན་རྟ་དབྱངས་གསུམ་དང་།བཅའ་ཡིག་ཆེན་མོ་རྣམས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་སྒྲིག་ལམ་བཙུགས་ཤིང་ཆོས་སྤྱོད་འཕེལ་བའི་ཞིང་དམ་པར་བསྐྲུན། ཉིན་ལྔའི་རིང་གི་དགེ་ལྡན་ལྔ་མཆོད་ཆེན་མོར་བན་སྔགས་གཉིས་ཀ་འཚོག་དགོས་པའི་སྲོལ་ཡང་ཐོག་མར་ཕྱེས།རབ་བྱུང་བཅུ་བཞི་བའི་ལྕགས་ལུག༼སྤྱི་ལོ1811༽ལ་རོང་བོ་དགོན་ཆེན་རྒྱུད་པ་གྲྭ་ཚང་གི་མཁན་པོ་དགེ་འདུན་འཇིགས་མེད་རྣམ་རྒྱལ་རྒྱ་མཚོ་དང་། རོང་བོ་མཚན་སྒྲོག་སྤྲུལ་སྐུ་སོགས་དོན་གཉེར་ཅན་མང་བོར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལས་བཞིའི་འཕྲུལ་འཁོར་དང་ལྕགས་མཁར་གྱི་ཕྱག་ལེན་མཐའ་དག་ཞིབ་ཁྲིད་གནང་། མེ་བྱི༼སྤྱི་ལོ1816༽ལོར་སྐུ་འབུམ་བྱམས་པ་གླིང་དུ་ཤིང་བཟའ་པཎ་ཌི་ཏ་ལས་དུས་འཁོར་གྱི་དབང་དང་། རོང་བོར་རྗེ་གསེར་ཁང་བ་ལས་དུས་འཁོར་གྱི་དབང་གསན། དེ་ནས་དབུས་སུ་ཕེབས། རྒྱལ་བའི་བཀའ་འགྱུར་དང་། རྗེ་ཡབ་སྲས་གསུམ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལྕང་སྐྱ་སྐུ་ཕྲེང་གཉིས། འཇམ་བཞད་སྐུ་ཕྲེང་སྔ་ཕྱི་སོགས་སྔོན་བྱོན་ཐམས་ཅད་མཁྱེན་པ་རྣམས་ཀྱི་གསུང་འབུམ་རིན་པོ་ཆེ་གདན་ཞུས་པ་བཅས་འཕྲིན་ལས་ཤིན་ཏུ་རྒྱ་ཆེའོ། ཁོང་དགུང་ལོ་དོན་གཉིས་པ་རབ་བྱུང་བཅུ་བཞི་བའི་ལྕགས་ཡོས༼སྤྱི་ལོ1831༽ལོར། གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་སོ། །
        ནང་རྟེན་གྱི་རིམ་པ།
        འདུ་ཁང་ཆེན་མོའི་ནང་རྟེན་དུ། རྗེ་བཙུན་བྱམས་པ་མགོན་ཡབ་སྲས་སྤྱི་ཁྲུ་གསུམ་ཙམ། ཐུབ་དབང་གནས་བརྟན་བཅུ་དྲུག སྨན་བླ་བདེ་གཤེགས་བརྒྱད། ཚེ་ལྷ་རྣམ་གསུམ། རྗེ་ཡབ་སྲས་གསུམ།ལི་སྐུ་སྟོན་པ་བདུད་རྩི་རང་འབབ། གསུང་གི་རྟེན་ལ།  བཀའ་བསྟན།རྗེའི་གསུང་འབུམ། ཐུགས་ཀྱི་རྟེན་ལ་གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱི་སྐུ་གདུང་མཆོད་རྟེན་མཐོང་གྲོལ་མ་སོགས་བཞུགས། 
       བྱམས་པའི་ཁང་བཟང་བཀྲ་ཤིས་འོད་འབར་ནི་ཁང་བརྩེགས་བཞིའི་དབྱིབས་སུ་གྲུབ་ཡོད་པ་དང་། མཐོ་ཚད་ལ་སྤྱི་ཁྲུ་བཅོ་ལྔ་ལྷག་ཡོད་ལ། དེའི་ནང་རྟེན་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྟེན་སྐལ་དུ་གནང་བའི་ལྷུང་བཟེད་བྱིན་རླབས་ཀྱི་ཚན་ཁ་འབར་བ་དེ་དང་སངས་རྒྱས་ཀྱི་འཕེལ་གདུང་མང་པོ། བཀའ་བསྟན་སོགས་གླེགས་བམ་གྱི་སྐོར། འཕགས་བོད་ཀྱི་མཁས་གྲུབ་མང་པོའི་སྐུ་གདུང་དང་ན་བཟའ་དབུ་སྐྲ།  གྲུབ་རིལ་སོགས་བརྗོད་ཀྱིས་མི་ལང་བ་བཞུགས།  གཞན་ཇོ་བོ་རྗེ་དང་རྗེ་ཙོང་ཁ་པའི་འདྲ་སྐུ།  བྱམས་པའི་ཞིང་བཀོད་སོགས་གྱན་ཐང་སུམ་ཅུ་ལྷག་བཟོ་བོ་མཁས་པའི་པིར་རྩེ་ལས་ཐོན་པ་མང་པོ་བཞུགས། གཡེར་གཤོང་བླ་བྲང་ཐེག་ཆེན་ཕོ་བྲང་དུ། ཇོ་བོའི་སྐུ། འཇིགས་བྱེད་བཅུ་གསུམ་མ། མགོན་ཆོས་རྣམ་གསུམ། གཡེར་གཤོང་སྐུ་ཕྲེང་དྲུག་པའི་སྐུ་གདུང་མཆོད་རྟེན་མཐོང་བ་དོན་ལྡན། གཞན་བཀའ་བསྟན་དང་རྗེའི་གསུང་འབུམ་སོགས་མང་པོ་བཞུགས། 
       གསང་སྒྲོག་བླ་བྲང་བཀྲ་ཤིས་དགའ་ཚལ་གྱི་ནང་རྟེན་ལ། ཇོ་སྐུ། སྨན་བླའི་སྐུ། སྒྲོལ་མའི་སྐུ།གསང་སྒྲོག་སྐུ་ཕྲེང་རིམ་བྱོན་གྱི་འདྲ་སྐུ། བཀའ་བསྟན་དང་རྗེའི་གསུང་སོགས་མང་དུ་བཞུགས། འཇུ་བླ་བྲང་གི་མཆོད་ཁང་དུ་ཐུགས་རྗེ་ཆེན་མོ་བཅུ་གཅིག་ཞལ་སོགས་བཞུགས། ཀོའུ་བ་བླ་བྲང་གི་མཆོད་ཁང་དུ་སྒྲོལ་མ་ཉེར་གཅིག་སོགས་བཞུགས།

    ཆོས་ཐོག་གི་རིམ་པ།
        གཡེར་གཤོང་དགེ་འདུན་ཟླ་གྲགས་པས་རྒྱ་ལོའི་སྨོན་ལམ་ཉིན་བདུན་རིང་བཙུགས་པ་དང་། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོས་གསུམ་པའི་སྒྲུབ་མཆོད་རྡུལ་ཚོན་ཉིན་བདུན། བསེ་ངག་དབང་བཀྲ་ཤིས་ཀྱིས་བཞི་བའི་སྨོན་ལམ་ཉིན་བདུན། རང་དགོན་གྱི་དགེ་སློང་འཇམ་དབྱངས་རྒྱ་མཚོས་བཞི་བའི་སྨོན་ལམ་ཉིན་གཉིས། འཇུ་བློ་བཟང་འོད་ཟེར་རྒྱ་མཚོས་བཞི་བའི་མཆོད་པ་ཉིན་བདུན། རྗེ་གསེང་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོས་བཞི་བའི་གཏོེར་སྒྲུབ་ཉིན་བདུན། གསང་སྒྲོག་སྤྲུལ་སྙན་གྲགས་རྒྱ་མཚོས་བརྒྱད་པའི་སྐུ་རིམ་ཉིན་བདུན།འཇུ་བློ་བཟང་འོད་ཟེར་རྒྱ་མཚོས་བཅུ་བའི་སེང་གདོང་ཉིན་ལྔ། གསང་སྒྲོག་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་ཀྱིས་སྔགས་མང་དང་བཅས་པའི་བཅུ་བའི་ལྔ་མཆོད་ཆེན་མོ་ཉིན་ལྔ། རྐ་ཕུག་པཎ་ཌི་ཏ་བློ་བཟང་དོན་གྲུབ་ཀྱིས་བོད་ལོའི་ནང་གི་ཡ་མ་རཱ་ཚའི་སྦྱིན་སྲེག དེའུ་རྗེས་སུ་ལྷ་རི་སྔགས་རམས་པའི་ལུགས་ཀྱི་ལྕགས་མཁར་ནག་པོ་ཟུར་དགུ་བའི་འདོན་སྒྲིག་བདུད་དཔུང་འཇོམས་པའི་མཚོན་ཆ་ཉིན་བདུན། གཡེར་གཤོང་ངག་དབང་དགེ་འདུན་ཟླ་གྲགས་ཀྱིས་དབྱར་གནས་དྲུག་པའི་བཅོ་ལྔ་ནས་བཟུང་ཟླ་བ་ཕྱེད་དང་གཉིས། ཟླ་རེ་རེའི་དུས་བཟང་ཚེས་བརྒྱད་ལ་སྨན་མཆོག་ཆེན་མོ།བཅུ་ལ་བདེ་མཆོག བཅོ་ལྔ་་ལ་གསང་འདུས། ཉེར་ལྔ་ལ་བདེ་མཆོག ཉེར་དགུ་ལ་འཇིགས་བྱེད། ཟླ་རེའི་ཡར་མར་གྱི་ཕྱོགས་ལ་གསོ་སྦྱོང་སོགས་ཆོས་སྤྱོད་ལ་དཀྱུར་བཞིན་འཇུག་པའི་སྲོལ་མ་ཉམས་པར་ད་ལྟའི་བར་གནས་པ་འདི་ལགས་སོ།།

 

 

(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག