ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱི་འབོལ་རྩོམ《འཚོ་བའི་བདེན་པ།》

2016-12-22 འགྱན་སངས།

ཨ་མདོ་བྱམས་པ་ལགས་དང་ལྷན་དུ།

  གྲོ་བཏབ་པ་ལ་གྲོ་དང་ནས་བཏབ་པ་ལ་ནས་ལྟར་གང་ལ་དམིགས་པའི་ལས་དེར་རང་ངོས་ནས་གུས་རྟག་སྦྱོར་བའི་བརྩོན་པ་བསྐྱེད་པས། དེ་དང་མཚུངས་ལྡན་གྱི་ཕན་འབྲས་ཅི་རིགས་འབྱུང་ངེས་པ་ནི་འཚོ་བའི་བདེན་པར་ཁས་འཆེས་ལ། བདེན་པ་གང་ཞིག་དེ་ལྟ་བུའི་ལུས་སེམས་གཉི་གའི་སྟོབས་ལ་བརྟེན་ནས་མངོན་པར་འདུ་བྱེད་དགོས་པ་འཚོ་བའི་ཆོས་ཉིད་དོ། །འཚོ་བའི་བདེན་པའམ་འཚོ་བའི་ཆོས་ཉིད་བསྒྱུར་དུ་མེད་པ་དེ་རིས་སུ་མ་བོར་ཞིང་གནས་ལུགས་རྒྱུ་འབྲས་མིག་ལྟར་སྲུང་བའི་ཉེར་བསྡོགས་འོག རང་ཉིད་རང་ལ་བརྟེན་ཅིང་རང་ཉིད་རང་གིས་བརྩིས་ཏེ་འཐོབ་པར་འདོད་པའི་ལས་གང་དེར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་རྩོམ་ནུས་པའི་སྐྱེས་བུ་གང་དེ། ནམ་ཞིག་རང་ཉིད་རང་གི་མགོན་དུ་གྱུར་ནས་འདོད་པའི་འབྲས་བུ་བརྒྱ་ཚོགས་ལ་ལོངས་སྤྱད་པར་འགྱུར་བ་དངོས་པོའི་རྒྱུ་འབྲས་ཀྱི་ཆོས་ཉིད་དོ། །གནས་ལུགས་དེ་བཞིན། མངའ་མཛད་ཀྱི་སྐབས་དག་ལ་སྲིད་པའི་བོན་གྱི་རིག་གནས་བསམ་བློའི་ཁྱད་པར་དེས། དབུ་ནག་བོད་པ་རྣམས་འདི་སྣང་འཚོ་བར་རང་རྐྱ་འཕེར་བའི་སྒོ་ནས་འཇུག་ལ་སྤྲོ་ཞིང་དཔའ་བའི་འདུ་ཤེས་དེ་བསྐྱེད་པས། དཀའ་སྡུག་གི་འཚོ་བ་བདག་གིར་བྱས། གཞན་བརྟེན་ལྟོ་འཕུད་ཀྱི་བསམ་པ་རིང་དུ་དོར། རང་གི་རྩོལ་བ་དངོས་ལ་བརྟེན་ནས་སྒང་པ་བོད་ཀྱི་ལྗོངས་འདི་སྟོབས་དང་འབྱོར་པས་མངོན་པར་མཐོ་བར་བྱས། གངས་ལྗོངས་ལུས་ཅན་ཐུན་མོང་གིས་བདེན་པའི་ལྟོ་ཟོས། གཙང་མའི་གོས་གྱོན་ཏེ་འཇིག་རྟེན་གྱི་བདེ་སྐྱིད་སྙན་གསུམ་ལ་མངོན་པར་རོལ་བ་རིགས་སྤྱིའི་རྒྱུན་ལུགས་ཀྱི་འཚོ་སྟངས་ཡང་དག་ཏུ་གྲུབ་མྱོང་ནའང་། ཐུབ་བསྟན་གྱིས་བོད་མིའི་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ལ་མངའ་མཛད་པ་ནས་བཟུང་། དེའི་འཇིག་རྟེན་དགག་ཅིང་འཚོ་བ་སྤང་བའི་མཚན་རིག་གི་ལྟ་བས། བོད་མིའི་འཚོ་གནས་ལ་བརྩོན་པའི་འདུ་ཤེས་དང་རང་སྟེང་གི་འཚོ་སྟོབས་མཐའ་དག་གཞི་ནས་ཞ་འཐེང་དུ་བཏང་སྟེ་སྐྱིད་འདོད་སླ་འཆོས་ལ་དགའ་བའི་རང་གཤིས་དེ་བསྐྱེད་པ་ན། ཐམས་ཅད་ངལ་རྩོལ་གྱི་ལས་ལ་འཇིགས་ཤིང་འཚེར། ངལ་རྩོལ་གྱི་རྣམ་གྲངས་ལ་ཀུན་ནས་རྨོངས་ཤིང་གཏི་མུག་པར་གྱུར་པས། མཐའ་མར་ལྟོ་གོས་ཀྱིས་ཕོངས་ནས་འདོད་པའི་སྡུག་བསྔལ་གྱིས་ཅུང་ཟད་གདུངས་པར་གྱུར་པ་ན། སེར་སྐྱ་དབུལ་པོ་ཉམ་ཆུང་རྣམས་དུས་དང་རྣམ་པ་ཀུན་ཏུ་གཞན་སྒོའི་རྒྱུ་ནོར་ལ་མིག་ཅེར་ནས་འདུག་པའི་ནོར་སྲུང་རྒན་པོའི་འཚོ་བ་ལ་མོས་པར་གྱུར། གཞན་འབྱོར་ཕུན་ཚོགས་མཐོང་བས་མ་གསོག་མཆིལ་མའི་རྒྱ་མཚོ་བསྐྱིལ་ནས་ཁོག་པའི་བླ་སྲོག་ཀྱང་སྦངས་པར་གྱུར། རང་གི་རྣམ་ཤེས་མི་གཤིས་མི་གཞི་དང་བཅས་པ་དངོས་པོའི་འདུ་སྒོ་གང་རུང་ལ་བརྗེ་བའི་ཆགས་སྲེད་རབ་ཏུ་རྒྱས་པར་གྱུར། འགོང་པོ་ལག་ཟེད་ཀྱི་སྐྱེ་བ་མངོན་པར་བླངས་ཏེ་ཉམ་ཐག་སྐད་ངན་གྱི་ཞུ་བ་ཕྱོགས་དང་ཕྱོགས་མཚམས་མེད་པར་འབུལ་ཕོད་པར་གྱུར། ནང་ན་བྲེ་གང་མེད་ཀྱང་དཀའ་བ་མི་སྤྱོད་ལག་ལེན་ཟ་ཆོག་རྐྱང་པ་ལ་རེ་ཞིང་ཟ་དགའ་རྒྱ་འདྲེའི་མུག་ཁ་སྐྱུར་འགོང་ནག་ཆང་ལ་གཏོད་པའི་བག་མེད་ལ་གོམས་པར་གྱུར། བརྒྱ་སྡེ་ཁ་ལོག་སྟོང་སྡེ་ངོ་ལོག་ཀྱང་ད་དུང་ཁྲེལ་མེད་གཅེར་བུར་བུད་ནས་རྒྱལ་ཁམས་ཀྱི་སྒོ་གླེགས་བརྡུངས་ཏེ་མི་ཚེ་སློང་མོ་དང་ཇག་རྐུན་ལ་སྐྱེལ་བའི་ལོག་འཚོ་ལ་སྤྲོ་བར་གྱུར། དེས་མི་ཚད་ཁ་དྲག་སྟོབས་ཅན་རྣམས་ཀྱིས་ཀྱང་རང་གི་ཁེ་དང་གྲགས་པ་གང་ཡོད་རྙེད་པ་ངན་པ་གདོལ་སྤྱོད་ཀྱིས་བྱས་པའི་རྐང་སྟེགས་ལ་བརྟེན་པར་ངོ་གནོང་མི་ཤེས་པར་གྱུར། གང་གི་ནོར་རྗེས་འབྲང་ཕྱིར་གཞན་གྱིས་འཕྱ་བ་དང་སྨོད་པའི་གནས་གང་ལ་འཛེམ་མི་ཤེས་པར་གདོང་སྤགས་ཀོ་བ་མཐུག་པོས་གཡོགས་པར་གྱུར། དངུལ་གྱི་གནང་སྦྱིན་ཕྲ་མོ་ཙམ་གྱི་ཆེད་དུའང་སྤང་བླང་གི་དམིགས་མི་ཕྱེ་བར་ཕ་མེས་ཀྱི་བླ་འཚོང་ཞིང་རིགས་ཀྱི་རྐང་འདྲེན་ཕོད་པར་གྱུར། མདོར་ན་དྲག་ཞན་བར་མ་ཐམས་ཅད་ལེ་ལོ་སྙོམས་ལས་ཀྱི་ངང་ལ་རེ་བའི་མིག་ཟུང་གཞན་གྱི་གནང་སྦྱིན་ལ་ཅེར་ནས་འདུག་པའི་འཚོ་ཚིས་ལ་གོམས་པ་ན། མཐའ་མར་རང་ཉིད་རང་གིས་བདག་མི་ཐུབ་ཅིང་རང་ཁ་རང་གིས་གསོ་མི་ཤེས་པར་གཞན་བརྟེན་ལྟོ་འཕུད་ཀྱི་ཐབས་ལ་བརྟེན་ནས་མི་ཚེ་འཕྱིད་ཐབས་བྱ་དགོས་བྱུང་བས། ཡིད་ཆད་དགུ་མཐུད་ཀྱི་ངང་ལ་རང་གི་སྐྱིད་སྡུག བཟང་ངན། ལེགས་ཉེས་རྣམས་གཞན་གྱི་ལག་ཏུ་བཞག་ནས་སྤྱང་ཀི་སྒོ་ཁྱིར་མི་རེ་བའི་ཐབས་དང་རང་ཉིད་རང་གིས་མི་བསླུ་བའི་དབང་ཐམས་ཅད་མེད་པར་གྱུར་ཅིང་། ཁབ་སྐུད་ཙམ་གྱི་གནང་སྦྱིན་གྱི་ཆེད་དུའང་ལེགས་ཉེས་ཀྱི་དཔྱོད་པ་མེད་པར་མཐའ་གཅིག་ཏུ་ཤིན་ཏུ་རབ་ཏུ་མགུ་བར་གྱུར་ནས་ཐམས་ཅད་བསྙེལ་ཏེ་ཕ་ཨ་ཁུ་རྣམས་ཀྱང་ངོ་མི་ཤེས་པར་འགྱུར་བཞིན་ལ། ལྷག་པར་དུ་ཇི་སྐད་ལུགས་ཀྱི་བསྟན་བཅོས་ལས། ཅུང་ཟད་ཙམ་གྱི་དྲིན་ལ་ཡང་། །དྲིན་གཟོ་བྱེད་པར་རིགས་མོད་ཀྱང་། །ཅུང་ཟད་ཙམ་གྱིས་མགུ་སླ་ན། །དེ་ཡང་ལུགས་ལས་གཡོ་བ་ཡིན། །ཞེས་པ་ལྟར་ཅུང་ཟད་ཙམ་གྱིས་ཀྱང་མགུ་བར་གྱུར་ནས་དྲིན་གཟོའི་ལུགས་ལས་འགོངས་ཏེ་བཀའ་དྲིན་གཏང་རག་གི་དོད་དུ་རང་གི་བླ་སྲོག་ཀྱང་ཟོང་ལ་བརྗེ་ཕོད་པ་འདི་ཇི་སྐད་རྒན་རབས་པའི་ཁ་དཔེ་ལ། ཁ་ལ་ཟས་བྱུང་ན་སྣ་ལ་སྒྱོགས་ཕོག་ཀྱང་ཆོག་པའི་རྣམ་ཐར་ངོ་མ་སྟེ་རང་དང་སྡེ་བས་ལྔ་བའི་གནས་སྐབས་མྱོང་ལ་འདི་ལས་ཐུ་བའི་ཆག་སྒོ་བྱུར་གྱི་སྣ་འདྲེན་ཞིག་མེད་པར་སྣང་ངོ་།།

  འཇིག་རྟེན་པ་རྣམས་ཁོ་ནར་མ་ཟད། ཆོས་པ་རྣམས་ཀྱང་རང་སྟོབས་ཀྱིས་འཚོ་བའི་ནུས་པ་ཡོངས་སུ་ཟད་པ་ན། དེ་སྐད། དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲགས་ན་ཐར་བའི་སྲོག་རྩ་གཅོད། །ཅེས་པ་ལྟ་བུའི་རྒྱུ་འབྲས་སྤང་བླང་གི་གདམས་པ་ངག་ནས་རྒྱུན་མི་ཆད་དུ་སྐྱོར་ནའང་། དགོས་དོན་ལག་ལེན་དུ་འདེབས་མཁན་ཉིན་མོའི་སྐར་མ་ཙམ་སྟེ། ས་པཎ་གྱིས། ཆོས་བརྒྱད་འདོད་པ་རྩ་ཡི་མེ་བཞིན་འབར། །ཁ་ཕྱིར་ཀུན་ཏུ་རྒྱུ་བའི་བརྩོན་འགྲུས་ཅན། །ལོག་པའི་འཚོ་བར་རྟག་ཏུ་འཚོ་བྱེད་པ། །ཁྱི་རྐུན་གྲོང་མཐའ་ཉུལ་བའི་སྒོམ་ཆེན་ཡིན། །གསུངས་པ་ལྟར་རང་གིས་རྩོལ་བ་མི་རྩོམ་པར་ཉམ་ཐག་སྐད་ངན་འདོན་ཞིང་སྤྲང་པོ་ལག་ཟེད་ཀྱི་བརྟུལ་ཞུགས་གཅིག་ཆར་སྤྱད་དེ། དབྱར་དགུན་སྟོན་དཔྱིད་མེད་པར་ལྟོ་གོས་ཀྱི་ཁ་ལ་ཁྱི་བཞིན་དུ་རྒྱུག་མྱོང་བ་དཔེར་ན་སྔོན་གྱི་རབས་དག་ལ། འུ་ཅག་གི་བླ་ཆེན་མི་དྲག་རྣམས་ཀྱིས་ལྟོ་ཁ་ལམ་ལྟག་ཕྱེ་ནས་རྙེད་ཐོབ་བསྒྲུབ་ཕྱིར། སྙུན་གསོལ་ཁམས་འདྲི་ལ་འབྱོན་ཁུལ་གྱིས་ཁོམ་དུས་མེད་པར་འཚང་ཁ་ཤིག་ཤིག་གིས་ཆེན་པོ་སྟོབས་ཅན་དག་གི་ཕོ་བྲང་དུ་ལམ་མི་ཐེམས་པར་རྒྱུག་ནས་ལུས་དར་ལྕེ་འདར་འདར། ངག་ཤིང་ལོ་འདར་འདར། ཡིད་ཆུ་ཟླ་འདར་འདར་གྱི་ངང་ལ་སྐྱབས་སྐྱབས་མཁྱེན་མཁྱེན་གནམ་ས་གང་བ་བྱས་ནས་བོས། ཐོབ་དང་གོ་ས་ཉི་ཚེ་བ་ཙམ་ཞིག་རང་ལ་དབང་བྱར་གྱུར་པ་ན། དབུགས་ཧལ་ཧལ། སྣབས་ལུག་ལུག མགྲིན་པ་བརྣངས་བརྣངས། ཁ་ལྕེ་དིག་དིག མཆི་མ་སྒོར་སྒོར་གྱི་ངང་ལ་མགོ་བཏེག་ལུས་འབུལ་ཞུས། རང་ཁོ་ནར་མ་ཟད་མཆོད་གཞིས་ཡུལ་འབངས་ཕ་ཞིང་དང་བཅས་པ་དགའ་བའི་གཏང་རག་གི་མཆོད་རྫས་སུ་སྒེར་འབུལ་སྤྱི་འབུལ་བྱེད་པར་ཁས་ལེན་དམ་བཅས་བྱས་པ་ལྟ་བུ་རེད་ལ། ཁ་སང་དེ་རིང་ཡིན་ཀྱང་འུ་ཅག་གི“ཆོས་མེད་བླ་གཟུགས་གསེར་ཞྭ་ཅན། སྡོམ་མེད་བཙུན་གཟུགས་རྫུན་ལབ་ཅན། མཐུ་མེད་སྔགས་པ་རལ་བ་ཅན”①རྣམས་རྒྱུ་ནོར་གྱི་ཆེད་དུ་ཕྱི་མའི་ལམ་ཆེན་འཕྲང་རིང་ནས་ལྕགས་གོང་མེ་འབར་ཟ་ལའང་མི་སྐྲག ཟངས་ཞུན་འབར་བ་འཐུང་ལའང་མི་འཇིགས། ཁྲོ་ཆུ་ཁོལ་མ་འཐུང་ལའང་མི་ཞེད་པར་སྟོད་འབྲོག་ཕྱོགས་ནས་སྨད་རྒྱ་ནག་གི་ཡུལ་འཁོར་དག་ཏུ་རྙང་རྐྱལ་རྒྱུག་རྒྱུག བྱ་རྒོད་འཁོར་འཁོར། ཁྱི་ལྟོགས་ཉུལ་ཉུལ། སྤྱང་ལྟོགས་འདུར་འདུར་གྱིས་ཕུ་རྒྱུག་མདའ་རྒྱུག ཡར་རྒྱུག་མར་རྒྱུག་བྱས་ཏེ་ངག་ནུས་དང་བྱིན་རླབས་ཆེ་བར་རྫུས་སྤྲད་ནས་ཕྱུག་པོའི་མཆོད་གནས་སུ་བཞུགས། ད་ནང་རང་གིས་ལྟོ་ཅི་ཟོས་པ་མི་དྲན་ཡང་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཡོད་ཁུལ་གྱིས་གཞན་ལ་སྔ་མ་གར་སྐྱེས་ཕྱི་མ་གར་འགྲོའི་ལུང་བསྟན་གནང་བར་བྱེད། རང་འདོད་ཕུགས་ནས་བསྒྲུབ་ཕྱིར་གསང་སྔགས་བསྒྲུབ་ལ་ཁག་བཞག་སྟེ་ཚོགས་འཁོར་ཤ་ཆང་གི་རྒྱ་མཚོ་བསྐྱིལ། ཐིག་ལེ་ཡར་འདྲེན་གྱི་དམ་ཆོས་འཆད་ལ་བསྙད་བཏགས་ཏེ་ཕྱག་རྒྱ་མཛེས་མ་བསྟེན་ནས་འཁྲིག་སྲེད་འདོད་ཆགས་ཀྱི་འཁོར་ལོ་རྒྱལ་ཁམས་ཡོངས་ལ་བསྐོར། ནུས་པ་མེད་ཀྱང་བགེགས་ཚོགས་འདྲེ་གདོན་སྐྲོད་ཁུལ་དང་གཤིན་པོའི་འདུལ་བ་བྱེད་ཁུལ་གྱིས་མི་ལ་ཁྲམ་བྱས་ཏེ་རང་ལ་མི་དབང་བའི་རྒྱུ་འབྱོར་ལོངས་སྤྱོད་སྤམ་མཐུག་པ། ནོམ་ཆེ་བ། རྒྱ་ཆེ་བ། གྲངས་མང་བ། དཔངས་མཐོ་བ་བལྟས་པ་ཙམ་གྱིས་སེམས་ཁ་གང་བར་བྱེད་ནུས་པ་དག་ཡོན་བདག་རྨོངས་པ་གཏོང་ཕོད་ཅན་ཚོའི་ལག་ནས་ཆོག་ཤེས་མེད་པར་བླངས་ཏེ་ཤཱཀྱ་ཐུབ་པའི་དབུ་རྣ་བཙོང་། ཤཱཀྱའི་རྗེས་འཇུག་གི་རོ་རུས་དྲུད། དབུ་ནག་བོད་པའི་ལ་རྒྱ་བརྫད། སྟོང་གསུམ་སྡེ་བའི་མི་ཁ་ཁུར་ནས་བསྟན་པའི་སྣང་བརྙན། རིགས་ཀྱི་སྣང་བརྙན་དང་བཅས་པ་ས་ལ་བསྲེས་བཞིན་པ་འདི་ཐམས་ཅད་རང་ཉིད་དཀའ་སྤྱད་རྩོལ་སྒྲུབ་ཀྱི་ལས་ལ་མི་འཇུག་པར་གཞན་བརྟེན་ཤིག་སྲོའི་སྐྱེ་བ་མངོན་པར་བཞེས་ཏེ་ལོག་པར་འཚོ་འདོད་པའི་བག་ཆགས་ངན་པ་དེས་མཚམས་སྦྱར་བའི་ལུས་ངག་གི་འདུ་བྱེད་དོ། །

  དེ་ལྟར་སྐྱ་སེར་གཉི་ག་རང་གི་རྩོལ་བའི་ལས་ལ་ཞུགས་ཏེ་འཚོ་བ་བསྒྲུབ་པའི་སྤོབས་པ་དང་མཐུ་གཉི་ག་ཡོངས་སུ་ཟད་པས། མཐའ་མཇུག་ཕོངས་པ་ནས་ཕོངས་པར་གྱུར་པ་ན། ལྟོགས་ཀྱིས་དོགས། འཁྱགས་ཀྱིས་དོགས། ན་ཡིས་དོགས། ཤི་ཡིས་དོགས་ནས་སྤང་བླང་མེད་པར་གཞན་ནས་སྐྱབས་དང་སྐྱོབ་པ། མགོན་དང་དཔུང་གཉེན་ཞིག་གམ་དུ་ཨེ་འབྱོན་ལ་མིག་རྡོལ་རག་བར་དུ་བལྟས་ནས་འདུག ཅི་འབྱོར་པའི་མུག་སྐྱོབ་བདོག་དངོས་རེ་ལག་ཏུ་ཨེ་ཡོང་ལ་རྟ་ཆུ་འཐུང་གི་རྣ་བ་སྒྲེང་བ་ལྟར་ཉན་སྒུག་བྱས་ཏེ་འདུག སེར་སྣས་བཅིངས་པའི་གནང་སྦྱིན་ཙམ་པོ་ཡང་བྱིན་ཀྱང་ཡང་སློང་། དེ་རིང་བྱིན་པ་སང་ཉིན་འཛད། གཞན་གྱིས་ཚུལ་དེ་མཐོང་བ་ན་ཇི་སྐད། ཝ་བོ་ལ་སྐྲག་སྣང་བཏོན་ན་མཚར། ལྟོ་ཆེ་ལ་ཟས་ངོམ་བྱས་ན་མཚར་བའི་གནས་ལུགས་ལ་ངེས་ཤེས་འདྲོངས་ཏེ་འབྲིད་བྱེད་ལྟར་སྣང་སྒྱུ་མའི་ཆོ་འཕྲུལ་མིག་སྔར་འཕྱར་བ་ན། མགོ་བྲེལ་བྲེལ། གཟུགས་སྒུར་སྒུར། ཞལ་འཛུམ་འཛུམ་གྱི་ངང་ལ་རང་གཤིས་དང་རང་ཚུགས་རྣམས་ཕར་གཡུགས་ཏེ་སྡུག་སྒུར་སྤྲང་སྒུར་མུག་སྒུར་སྐྲག་སྒུར་ཞུ་སྒུར་གྱི་ཤ་ཚུགས་ཡོད་ཚད་དུས་གཅིག་ལ་སྟོན་པར་བྱེད་དོ། །

  འདི་ལྟ་བུའི་འཚོ་སྟངས་ཐབས་ཆག་འདི་དངོས་དང་བརྒྱུད་པའི་སྒོ་ནས་གནས་སྐབས་ཀུན་ལ་འུ་ཅག་གི་གཏན་གྱི་འདུན་མ་གཅིག་ལ་མི་ཞོག་པའི་དཀྲུག་ཤིང་དང་། རང་དབང་དང་འདྲ་མཉམ། དམངས་གཙོའི་ཞབས་ཟུང་རིང་ནས་སྡོམ་པའི་ཐི་གུ། རིགས་ཞེན་གསེར་གྱི་ཐང་མ་གཞོམ་པའི་ཕྱགས་མ། རང་སྡེའི་མཐུན་ལམ་ཆིག་དྲིལ་གཏོར་བའི་ཕུང་ཁྲོལ་དུ་གྱུར་ཡོད་ལ། གཞན་དུ་ན་དེ་སྐད་ས་པཎ་གྱིས། རྒྱུན་དུ་གཞན་གྱིས་བསྐྱང་དགོས་པའི། །སྐྱེ་བོ་ནམ་ཞིག་ཅི་ནས་ཉམས། །བྱ་རོག་གིས་ནི་བཟུང་བ་ཡི། །རུས་སྦལ་ས་ལ་ལྷུང་ཞེས་གྲགས། །གསུངས་པ་ལྟར་རང་གིས་རྩོལ་བ་མི་བསྟེན་པར་ལྟོ་འཕུད་ས་ཡུལ་ལུང་གཞན་ལ་བྱས་ནས་ཁ་སོས་པའི་དུས་ཤིག་འབྱུང་མི་སྲིད་ལ། བརྒྱ་ལ་གཞན་ལ་བརྟེན་པས་གནས་སྐབས་ཙམ་ལ་མ་མཐའི་ལྟོ་གོས་ཙམ་འགྲོ་བའི་དབང་དུ་བཏང་ཡང་། གཞན་གྱི་བཀའ་དྲིན་རྗེས་འཛིན་མི་འབོར་བའི་ཆེད་དུ་སྐྱེ་བོ་སུ་ཞིག་ཡིན་ཀྱང་རང་གི་རང་གཤིས་དང་རང་ཚུགས། རང་དབང་། འདྲ་མཉམ་གྱི་ཐོབ་ཐང་ཐམས་ཅད་ཐོས་མེད་ལིང་བསྐྱུར་གྱིས་གཡུགས་ཏེ་ལྟོ་འཕུད་ས་གང་དེའི་གདོང་གི་དཀར་ནག་ལ་བལྟས་ནས་མི་འཚོ་བའི་ཐབས་མེད་པར་མ་ཟད། དེ་ལྟ་བུའི་འཚོ་རྐྱེན་ངན་པས་ཡུན་གྱིས་རང་སྟེང་གི་འཇོན་ཐང་དང་ནུས་པ་རྣམས་བཅོམ་ནས་མཐའ་མཇུག་ཞ་འཐེང་དུ་གཏོང་བར་བྱེད་པ་དཔེར་ན་འུ་ཅག་གི་ལས་བྱེད་ཕོགས་གཟན་དང་གྲྭ་པ་དཀོར་ཟན་རྣམས་ལྟ་བུའོ། །སྐབས་དེ་ལ་སྐྱབས་དང་སྐྱོབ་པ་གང་དེས་རྗེས་འཛིན་གྱི་བརྩེ་བ་མཐའ་གཅིག་ཏུ་ལྷོད་ནས་རང་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་གྱུར་ཚེ། འཆི་འཕོ་ལྟུང་བའི་སྡུག་བསྔལ་གྱིས་རང་ཉིད་ཀུན་ནས་མནར་བར་འགྱུར་བ་བཤད་ཡམས་ཙམ་མ་ཡིན་པར་འུ་ཅག་ལ་མིག་མཐོང་ལག་ཟིན་དུ་སྣང་བཞིན་པ་ལྟར་ལགས་པས། ནམ་ཞིག་དེ་ལྟ་བུའི་སེམས་ཁམས་ལ་འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་གྱིས་རྒྱུ་བྱས། ཉ་མོ་ཟས་ཀྱིས་བསླུ་བ་ལྟ་བུའི་འདོད་སྦྱིན་སྐྱེས་སུ་བཏགས་པའི་རྐྱེན་ངན་གྱི་རླུང་གིས་དེད། ལྟོགས་རྔབ་ཀྱིས་གདུངས་པ་ལས་མི་གཙང་བརྙས་དམོད་ཀྱི་ཟས་ནོར་ལ་བརྟེན་ནས་འཚོ་ཐབས་བྱེད་པ་དགའ་བའི་བག་ཆགས་ངན་པས་མཚམས་སྦྱར་པ་ན། རང་ཉིད་གཞན་བརྟེན་ལྟོ་འཕུད་ཀྱི་བཅིངས་པ་ལས་ཐར་ཏེ་མགོ་སྐེ་ཡར་འགྱོག་འདོད་ཀྱི་བསམ་པ་ནམ་ཡང་སྐྱེ་མི་ནུས་པར་མ་ཟད། ཐ་ན་ཞེ་བློ་བྲང་གསུམ་ཡང་ལྟོ་འཕུད་ས་གང་དེ་ལ་ཡོངས་སུ་གཏད་པར་འགྱུར་བ་འཇིག་རྟེན་སེམས་ཀྱི་གཤིས་ལུགས་སུ་རང་བཞིན་གྱིས་གྲུབ་པས། འདི་ལྟ་བུའི་འཚོ་སྟངས་འདི་རང་གི་ཇུས་རྩ་གཞན་ལག་ཏུ་སྤྲོད་པའི་ཉེན་སྒོ་ཡིན་པ་སྔ་རབས་ད་འབྱུང་གི་གནས་སྐབས་དག་ལ་མངོན་སུམ་མིག་ལ་ཚད་མར་སྣང་དང་སྣང་བཞིན་པ་ལྟར་རོ། །

  སྤྱིར་བཤད་ན་ཐོག་མར་རང་དབང་དམངས་གཙོ་ཡོད་པས་མི་རྣམས་འབྱོར་ཕྱུག་གི་ལམ་དུ་བགྲོད་ཅིང་། དེ་མེད་པར་སྒེར་གཅོད་བཙན་དྲག་གིས་གཅུམས་པས་མི་རྣམས་དབུལ་ཞིང་ཕོངས་པར་འགྱུར་བ་ཆོས་ཉིད་མི་འགྱུར་བདེན་པའི་རང་བཞིན་དུ་གྲུབ་ནའང་། རང་དབང་དམངས་གཙོའི་བགོ་སྐལ་གང་དེ་ལག་པས་བཅད་ནས་སྟེར་མཁན་སུ་ཡང་མེད་པས། དེ་མངོན་དུ་བྱ་བར་རྒྱུ་འབྱོར་གཙང་མའི་རྨང་གཞི་དེ་མེད་ཐབས་མེད་པ་དམིགས་བསལ་གྱི་སྤྱི་ཚོགས་ཁོར་ཡུག་དང་འཚོ་བའི་གནས་སྟངས་འདིས་བྱས་སོ། །དེ་ཡང་རྙེད་ཐོབ་ཀྱི་ལམ་དུ་མི་རྒྱུག་པར་རང་དབང་དམངས་གཙོའི་སྙིང་སྟོབས་ངོ་མ་ཡིན་ལུགས་དྲང་པོར་སྤྱད་ཕྱིར། རྒྱུ་འབྱོར་གཙང་མའི་འབྱུང་གནས་ཉག་གཅིག་པོ་གང་དེ་སྐྱེ་བོ་རང་སྟེང་ངམ་མི་རིགས་རང་སྟེང་གི་ངལ་རྩོལ་ལ་མི་བྱེད་པའི་ཐབས་གཞར་ཡང་མེད་པ་ཕྱི་ནང་གི་སྲིད་དོན་ལོ་རྒྱུས་ཀྱིས་བདེན་པར་བསྒྲུབས་ཏེ། དཔེར་ན་བཟོ་ལས་གསར་བརྗེ་སྔོན་གྱི་ནུབ་ཕྱོགས་པ་ཚོས། ཡེ་ཤུ་ཆོས་གསར་གྱི“འཚོ་བ་ལ་ཁུར་བརྩོན་མེད་པའི་མི་ཚེ་ནི་ཉེས་པ་ཡིན”ལ།“ངལ་རྩོལ་ནི་མི་ཚེའི་གཞི་མར་གྱུར་པའི་དམིགས་རྩེ་སྟེ། དཀོན་མཆོག་གི་གདམས་པ་མཆོག་ཀྱང་འདི་ལགས་པས། སྐྱེ་བོ་གང་ཞིག་ངལ་རྩོལ་ལ་སུན་སྣང་སྐྱེས་ནས་སྒྱིད་ལུག་པར་གྱུར་ན་དེ་ནི་ཕམ་ལྟུང་ཡིན”②ཞིང་།“འཚོ་བའི་ཁྲོད། སྐྱེ་བོ་གང་ཞིག རང་གི་ལས་ཀའི་ཆེད་དུ་འཚོ་བ་ལས་རང་གི་འཚོ་གཞེས་ཀྱི་ཆེད་དུ་ལས་གང་ཞིག་རྩོམ་པ་མ་ཡིན”③པ།“དཀོན་མཆོག་གིས་གནང་བའི་འཚོ་སྟངས་ཉག་གཅིག་ནི་མི་ཚོས་དཀའ་སྤྱད་ཆོག་ཤེས་བསྟེན་ནས་འཇིག་རྟེན་པའི་ཀུན་སྤྱོད་ལས་ཕར་འདའ་ལ་བརྩོན་ལུགས་དེ་མ་ཡིན་པར། རང་ཉིད་འཚོ་སའི་འཁོར་བའི་གནས་རིས་ཀྱིས་བསྩལ་བའི་འགན་འཁྲི་དང་བབ་ཁུར་གྱི་ལས་དེ་ཡོངས་སུ་རྫོགས་པར་བྱ་བ་དེ་ཡིན”④པ་སོགས་ཀྱིས་མཚོན་པའི་གཞི་མའི་མི་ཆོས་ལྟ་བ་ལེགས་པར་བདག་གིར་བཟུང་།“ཁྱོད་ཀྱིས་མིག་སྤུ་ནས་རྔུལ་ཆུ་ཐོན་གྱི་བར་ལ་ལས་བྱས་ཏེ་འཚོ་གོས་སྒྲུབས་ཤིག”⑤ཅེས་པའི་དཀོན་མཆོག་གི་བཀའ་གདམས་རིན་ཆེན་གང་དེ་ཉམས་སུ་བླངས་ནས་སྐྱེ་བོ་རེ་རེ་ཀུན་འབྱུང་སྲིད་པའི་ལས་ལ་ཧུར་གྱིས་ཞུགས་པས། འབྲས་བུ་ཁོ་ཚོའི་སྤྱི་ཚོགས་ལ་ཕྱོགས་རྣམ་ཀུན་ནས་སྐྱེ་བའི་རྩ་བ་ཟུག རྒྱས་པའི་ཡལ་འདབ་གཡོས་ཏེ་སྟོབས་དང་འབྱོར་པས་མངོན་པར་མཐོ་བའི་མ་རྩ་རིང་ལུགས་སུ་བསྙད་པའི་བཙན་ཕྱུག་ཁ་དྲག་གི་འཕེལ་ལམ་དུ་ཞུགས་ཚར་བ་ལྟ་བུ་རེད་ལ། བརྒྱ་ལོ་གོང་མའི་ལོ་རབས20པ་ནས40པའི་བར། རྒྱ་གར་པ་རྣམས་ཀྱིས་ཁོ་ཚོའི་གཞན་དབང་སྒྲོག་གཅོད་ཀྱི་ལས་སྒོ་ལམ་ལྷོངས་ཡོང་ལ་འབྱོར་པའི་རྨང་གཞི་དང་ཆ་རྐྱེན་ཅི་ལེགས་བསྐྲུན་ཆེད། གཞན་བརྟེན་ཉི་ཚེ་བའི་འཚོ་བ་སྤངས་ཏེ་རང་ཉིད་ཀྱི་དཀའ་སྤྱད་རྩོལ་སྒྲུབ་ལ་བརྟེན་ནས་ལྟོ་གོས་གཙང་མ་སྒྲུབ་པའི་ལས་ལ་དབུལ་ཕྱུག་རྒན་གཞོན་མཐོ་དམན་མེད་པར་ཧྲིལ་གྱིས་ཞུགས་པས། མཐའ་མཇུག་རྟེན་ས་གཞི་ལྟ་བུའི་ནུས་པ་ཐོན་ནས་མཐར་ཐུག་གི་རེ་འབྲས་གང་དེ་དོན་ཐོག་ཏུ་འཁྱོལ་བར་གྱུར་པ་ལྟ་བུའོ། །

  ཡེ་ཤུ་ཆོས་གསར་གྱི་མི་ཆོས་ཀུན་སྤྱོད་ཀྱིས་འུ་ཅག་གི་ཆོས་འདིའི་མི་ཆོས་ཀུན་སྤྱོད་ལྟར་འཚོ་བའི་རྩོལ་སྒྲུབ་ཀྱི་ལས་ཀ་གང་ཡིན་འཇིག་རྟེན་པ་རྣམས་ལ་གནང་ཞིང་ཆོས་པ་རྣམས་ལ་བཀག་པ་ལྟ་བུའི་གནང་བཀག་གི་ཁྱད་མ་ཕྱེ་བར། སྐྱེ་བོ་སུ་ཞིག་ཡིན་ཀྱང་དཀའ་སྤྱད་རྩོལ་སྒྲུབ་ཀྱི་ལས་ལ་ཞུགས་ཏེ་རང་ཁ་རང་གིས་གསོ་དགོས་པའི་བླང་བྱའི་དམིགས་གསལ་བོར་ཕྱེ་ནས་བསྟན་ཡོད་དེ། ཇི་སྐད་མར་ཐིན་ལུ་སིར གྱིས།“ལམ་སྒྲུབ་པ་ཚོའི་འདི་སྣང་དགག་པའི་འཚོ་བ་ལ་སྙིང་པོ་མེད་ཅིང། དེ་ཉིད་དཀོན་མཆོག་གི་མདུན་ནས་རང་ཉིད་ལ་དག་འབུད་པའི་སྒྲུབ་བྱེད་དུའང་མི་འགྲོ་བར་མ་ཟད། ཁོ་ཚོས་འཚོ་བ་དངོས་ཀྱི་ལས་ཁྲལ་ཐང་ལ་གཡུགས་པ་ནི་རང་དོན་ཁོ་ན་བསམ་ཞིང་འཇིག་རྟེན་གྱི་འགན་འཁྲི་ལ་གཡོལ་འདོད་པ་དེའོ”⑥གསུངས་པ་ལྟར་ཆོས་པ་ཡིན་ཀྱང་རྩོལ་སྒྲུབ་ཀྱི་ལས་ལ་མི་འཇུག་པར་བྱར་མེད་ངང་ལ་གཞན་ནོར་སྐར་གང་སྤྱད་ཀྱང་དེ་ཀུན་སྤྱོད་ཀྱི་སྟེང་ནས་ལོག་འཚོ་ཡིན་པར་འདོད་དོ། །ཧིན་རྡུའི་ཆོས་ལུགས་ལ་མཚོན་ནའང་དེ་བཞིན་ཏེ། ཇི་སྐད་དཔལ་ལེགས་ལྡན་ནག་པོས་བཅོམ་ལྡན་འདས་ཀྱི་གླུ་ཡི་ནང་།“གལ་ཏེ་བདག་གིས་གཉིད་སྤངས་ཏེ་ལས་ལ་བརྩོན་པར་མ་བྱས་ན། སྐྱེ་འགྲོ་ཡོངས་རྫོགས་ལ་དཔེ་སྲོལ་ངན་པ་ཞིག་སྟོན་སྲིད”⑦ཅེས་གསུངས་པ་ལྟར་དང་། གན་ངྷིས།“ལྟོགས་སྐོམ་ཅན་དང་སྒྱིད་ལུག་གི་མི་ལ་ལྷ་མཆོག་གིས་འོས་པའི་རྣམ་པ་གཅིག་རང་སྟོན་ཐུབ་པ་ནི། དེ་ངལ་རྩོལ་ལ་འཇུག་པ་དང་དེའི་བྱ་དགར་གཙོ་ཆེ་ཐོབ་པ་ཞིག་བྱ་རྒྱུ་དེ་ཡིན། ལྷ་ཆེན་ཚངས་པས་འཇིག་རྟེན་གསར་དུ་བཀོད་དེ། མི་ལ་ཁྱོད་ཀྱིས་རང་གི་འཚོ་སྐྱོང་གི་སླད་དུ་ངལ་རྩོལ་བྱེད་དགོས། དེ་ལ་བརྟེན་ནས་ཁྱོད་ཕུན་སུམ་ཚོགས་པར་འགྱུར་ཞེས་བཀའ་བསྩལ”⑧བར་གསུངས་པ་ལྟར། ཆོས་ལུགས་དེས་སྐྱེ་བོ་སུ་ཞིག་གིས་རང་གི་དཀའ་སྤྱད་རྩོལ་སྒྲུབ་ལ་བརྟེན་ནས་འབྱོར་པ་སྒྲུབ་པ་མཆོག་གི་བྱེད་པ་ཡིན་པས། དེ་ལ་བརྟེན་པ་ཁོ་ནས་རང་ཉིད་ལ་དལ་བདེ་ཞི་ལྷོད་དུ་སྡོད་པའི་གནས་སྐབས་འཐོབ་པར་གདམས་པ་དག་ནི། ནུབ་ཕྱོགས་པ་རྣམས་དང་ཧིན་རྡུའི་ལུས་ཅན་རྣམས་ཐུན་མོང་གི་ངོས་ནས་སྤྱི་ཚོགས་འཚོ་བ་ལ་ཁུར་བརྩོན་ཆེན་པོའི་སྒོ་ནས་འཇུག་སྤོབས་ཤིང་། སྐྱེས་བུ་རང་སྟེང་གི་འཚོ་བའི་འགན་ཁུར་དུ་བཟོད་པར་བྱ་ནུས་པའི་སྙིང་སྟོབས་ཀྱི་འབྱུང་གནས་སུ་མཐོང་། དེ་དང་ལྡོག་པར་གྱུར་པ་ནི་ཇི་སྐད་གན་ངྷི་མཆོག་གིས།“གལ་ཏེ་སྟོན་པ་བཅོམ་ལྡན་འདས་དངོས་སུ་མཇལ་བའི་བསོད་ནམས་ཤིག་བདག་ལ་ཡོད་ན། བསམ་གཏན་བསྒོམ་པ་ལས་ངལ་རྩོལ་གྱི་ལས་བྱེད་དགོས་པའི་ཆོས་མ་བསྟན་པ་གང་ཡིན་ནམ་ཞེས་ངས་ཐེ་ཚོམ་མེད་པར་དྲི་བ་ཞུ་བར་འདོད”⑨གསུངས་པ་ལྟར་འུ་ཅག་གི་ཆོས་ལུགས་འདིས་བསྐྱེད་རྫོགས་ལ་མི་མཁས་ཤིང་བསྙེན་པ་མ་འཁྱོལ་བ། དམ་ཚིག་དང་མི་ལྡན་པའི་ཐ་མལ་པ་རྣམས་ཀྱིས་རང་གི་རྩོལ་བས་བྱས་པ་མ་ཡིན་པའི་དཀོར་ནག་ལ་སྤྱད་ན་ཐར་བའི་སྲོག་རྩ་གཅད་པར་འགྱུར་བའི་དོན་དེ་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་གསུངས་ཀྱང་། དེ་ལྟ་བུའི་ལོག་འཚོ་གཅོད་པའི་ཐབས་ལམ་གཅིག་པུ་སྟེ་སྐྱེ་བོ་རང་སྟེང་གི་ངལ་རྩོལ་གྱི་ཕྱོགས་ལ་མི་ཆོས་ཀྱི་རྣམ་གྲངས་གཅིག་ཀྱང་མ་བསྟན་པར་མ་ཟད། སྡོམ་པའི་རྟེན་ཅན་གྱི་གང་ཟག་རྣམས་སྤྱི་ཚོགས་ཐོན་སྐྱེད་ཀྱི་ལས་གང་ལའང་ཞུགས་མི་ཆོག་པའི་ཀུན་སྤྱོད་ཀྱི་ཁྲིམས་བཅས་ཡོད་པ་འདི་ཤིན་ཏུ་མཚར་བར་སྣང་ན། དེའི་མི་ཆོས་བསམ་བློ་ལ་དགག་སྒྲུབ་ཀྱི་ལམ་ནས་དབྲི་སྣོན་བྱེད་མི་རུང་བའི་གནས་ལུགས་ཤིག་གང་ནས་འཚོལ།
  རྒྱུ་མཚན་འདི་འདྲའི་དབང་གིས། མི་སྒེར་རམ་མི་རིགས་ཀྱི་རང་དབང་རང་ཚུགས་ཀྱི་སྒལ་རྩ་དྲང་པོར་བསྲོང་ཕྱིར། འུ་ཅག་གིས་ཀྱང་ནུབ་ཕྱོགས་ཡེ་ཤུ་ཆོས་ལུགས་དང་ཤར་ཕྱོགས་ཧིན་རྡུའི་ཆོས་ལུགས་ལྟར་ཐུབ་བསྟན་གྱི་མི་ཆོས་བསམ་བློའི་ཟུར་སྤྱི་ཚོགས་ངལ་རྩོལ་ཕྱོགས་ཀྱི་མི་ཆོས་ཀུན་སྤྱོད་ཚད་གཞིས་གསར་དུ་བརྒྱན། གསེར་དངུལ་ས་རྡུལ་ནང་ནས་རྙེད་ཅིང་བདེ་སྐྱིད་དཀའ་སྡུག་བར་ནས་འཚོལ་བའི་འཚོ་བའི་བདེན་པ་བདག་གིར་བྱས་ཏེ་གཞན་རྟེན་ཤིག་སྲོའི་འཚོ་བ་སྐྱེལ་སྟངས་ཀྱི་བག་ཆགས་ངན་པའི་མཚམས་དེ་རིང་ནས་གཅད། ཇི་སྐད། ལྟོགས་ན་ཕུབ་རུལ་མི་ཟ་བ། ཁ་དཀར་རྐྱང་གི་ངང་ཚུལ་ཡིན། སྐོམ་ན་ཡུར་ཆུ་མི་འཐུང་བ། བྲེ་སེར་འབྲོང་གི་ངང་ཚུལ་ཡིན། སྡུག་ན་མཆི་མ་མི་གཏོང་བ། སྐྱེས་པ་ཕོ་ཡི་དཔའ་ཚུལ་ཡིན་པར་བཤད་པའི་བཙན་པོའི་འཚོ་གནས་ཀྱི་འཇིགས་མེད་སྙིང་སྟོབས་ཁོང་དུ་ཆུད་པར་བྱས། དེ་སྐད་ས་པཎ་གྱིས། གཞན་གྱིས་བརྙས་པར་འགྱུར་བ་ཡི། །ནོར་དང་ཟས་ཀྱིས་ཅི་ཞིག་བྱ། །ཁྱི་ཕག་མི་གཙང་ཟ་བ་ལ། །མཁས་པ་སུ་ཞིག་ཡིད་སྨོན་བྱེད། །གསུངས་པ་ལྟར་བདེན་པའི་ལྟོ་ཟ་ཞིང་གཙང་མའི་གོས་གྱོན་པའི་འཚོ་བའི་དབུ་རྣ་གངས་ལྗོངས་ལུས་ཅན་ཐུན་མོང་གི་སྙིང་ཁོང་དུ་བཅུག ནུབ་ཕྱོགས་པ་ཚོ་དང་གན་ངྷིའི་སྐུ་རིང་གི་རྒྱ་གར་པ་རྣམས་ཇི་བཞིན་སྐྱེ་བོ་རེ་རེས་སྡུག་གི་མགོ་བོ་བྲང་ཁར་མི་སྨད་པར་ནོར་ལས་ནོར་གྱི་སྙིང་བོ་བླངས་པ། ངལ་བ་བྱས་པས་འབྲས་བུ་ཡོད་པ། ཕན་བདེ་ཐམས་ཅད་ཀྱི་རྩ་བ་རང་ཉིད་ཀྱི་དཀའ་སྤྱད་རྩོལ་སྒྲུབ་ལ་ད་ལྟ་ཉིད་ནས་འབད་པས་ཞུགས། གཞན་རྟེན་འཚོ་བའི་སྒྲོག་ཐག་ཁམ་དུ་ཟ་ལ་ཤེས་རབ་དང་བརྩོན་འགྲུས་ཟུང་དུ་འཇུག་པའི་སྒོ་ནས་བརྩོན་དང་། སེར་པོའི་མཆོད་རྟེན་བཞེངས་དུས་སུ། ར་གན་མེད་པའི་ཐབས་མི་ཆག་སྟེ། དེ་སྐད། རྒུད་ཀྱང་རང་ཉིད་བཟང་ན་སྐྱིད་དེ་འོང་། །ཟླ་བ་མར་ངོའི་རྗེས་ན་ཡར་ངོ་ཡོད⑩པ་འཇིག་རྟེན་ནོར་སྒྲུབ་ཀྱི་ཆོས་ཉིད་བསྒྱུར་དུ་མེད་པ་དེ་ཡིན་པས་སོ། །
----------------------------

① གེ་སེར་སྒྲུང་གི་ཚིག
②马克思•韦伯:《新教伦理与资本主义精神》,三联书店1992年版,第124页。
③ 马克思•韦伯:《新教伦理与资本主义精神》,三联书店1992年版,第51页。
④马克思•韦伯:《新教伦理与资本主义精神》,三联书店1992年版,第59页。
⑤ གན་ངྷིའི《རྒྱ་གར་རང་སྲིད་རང་སྐྱོང་གི་རབ་བྱེད་བཅུ་བདུན་པ》དཔར་མའི་ཤོག་ངོས༡༥༥ན་གསལ།
⑥马克思•韦伯:《新教伦理与资本主义精神》,三联书店1992年版,第59页。
⑦གན་ངྷིའི《རྒྱ་གར་རང་སྲིད་རང་སྐྱོང་གི་རབ་བྱེད་བཅུ་བདུན་པ》དཔར་མའི་ཤོག་ངོས༡༥༦ལས་དྲངས།
⑧གན་ངྷིའི《རྒྱ་གར་རང་སྲིད་རང་སྐྱོང་གི་རབ་བྱེད་བཅུ་བདུན་པ》དཔར་མའི་ཤོག་ངོས༡༥༥ན་གསལ།
⑨གན་ངྷིའི《རྒྱ་གར་རང་སྲིད་རང་སྐྱོང་གི་རབ་བྱེད་བཅུ་བདུན་པ》དཔར་མའི་ཤོག་ངོས༡༥༦ན་གསལ།
⑩བསྟན་པ་རྒྱ་མཚོའི《འབྲོམ་སྟོན་པའི་མི་ཆོས་གནད་ཕྲེང་གི་འགྲེལ་བ་བསླབ་བྱ་ནོར་ཕྲེང 》ལས་འབྱུང་།

 

(རྩོམ་སྒྲིག་འགན་འཁུར་བ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག