ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དཔེ་དེབ་ཞལ་འདེབས་བརྒྱབ། ལྷད་མེད་བརྩེ་སེམས་ཕུལ།

2019-05-08 ཡིག་བསྒྱུར་ཚེ་སྒྲོན།
 
        སྤྱི་ཟླ ༥ ཚེས ༧ ཉིན།  ལྷ་ས་གྲོང་ཁྱེར་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར༼དཔེ་དེབ་ཞལ་འདེབས་བརྒྱབ། ལྷད་མེད་བརྩེ་སེམས་ཕུལ།༽ཞེས་བརྗོད་དོན་གཙོ་བོར་བྱས་པའི་དཔེ་དེབ་ཞལ་འདེབས་རྒྱག་པ་དང་སློབ་གྲོགས་དཔེ་ཀློག་ར་བའི་སྒོ་བྱང་འགེལ་བའི་མཛད་སྒོ་མཉམ་དུ་སྤེལ་བ་རེད།

        ལྷོ་ནུབ་སློབ་ཆེན་སློབ་གྲོགས་ཚོགས་པ་དང་ལྷོ་ནུབ་སློབ་ཆེན་བོད་ལྗོངས་སློབ་གྲོགས་ཚོགས་པ།  གྲུང་ཆིངས་ལྷོ་ནུབ་དགེ་འོས་སློབ་གྲྭའི་དཔེ་སྐྲུན་ཁང་ཚད་ཡོད་ཀུང་སི་བཅས་ཀྱིས་ལྷ་ས་གྲོང་ཁྱེར་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་དཔེ་དེབ ༥༠༠༠ ལ་ཉེ་བ་ཞལ་འདེབས་བརྒྱབ་ཡོད་པ་དེ་དག་རྩོམ་རིག་དང་ལོ་རྒྱུས།  མཚན་ཉིད་རིག་པ།  གླུ་དབྱངས་སོགས་རིག་ཚན་མང་པོར་ཁྱབ་ཡོད།  དཔེ་དེབ་སྣ་ཁ་མང་པོ་ཡོད་པས་སློབ་གྲྭའི་སློབ་ཁྲིད་དང་དགེ་སློབ་ཚོའི་སློབ་ཞོར་དཔེ་ཀློག་གི་ནང་དོན་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་མཐུན་རྐྱེན་གང་ལེགས་སྦྱར་ཡོད།

        ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པའི་ལོ་རིམ་དང་པོའི་འཛིན་གྲྭ་གསུམ་པའི་སློབ་མ་ཀུན་བཟང་མཚོས་ད་ཆ་དཔེ་མཛོད་ཁང་གི་དཔེ་དེབ་ཇེ་མང་དུ་ཕྱིན་པ་དང་།  དཔེ་དེབ་དང་འགྲོག་རྒྱུ་བྱུང་བ་དེས་སློབ་གྲྭའི་ལས་ཞོར་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་འགྲོ་ངེས་རེད།  དུས་རྒྱུན་དུ་ང་དབྱིན་ཡིག་གི་དཔེ་དེབ་ཀློག་རྒྱུར་དགའ་པོ་ཡོད།  ང་རང་དབྱིན་སྐད་སྣེ་ཤན་པ་ཞིག་བྱེད་འདོད་ཡོད།  སྣེ་ཤན་པ་ཞིག་བྱེད་པར་དབྱིན་ཡིག་ཕུད་ད་དུང་རྩོམ་རིག་དང་ལོ་རྒྱུས་ཀྱི་ཤེས་བྱ་མང་པོ་གསོག་འཇོག་བྱེད་དགོས་པས།  ཕྱིན་ཆད་ངས་དཔེ་མཛོད་ཁང་དུ་མང་ཙམ་ཡོང་ནས་རྩོམ་རིག་དང་ལོ་རྒྱུས་ཐད་ཀྱི་དཔེ་དེབ་གང་མང་ལྟ་ཀློག་བྱེད་ཀྱི་ཡིན་ཞེས་བཤད།

        ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ་ནི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་དང་།  སློབ་གྲྭར་ཁྱོན་སློབ་མ ༣༠༠༠ ལྷག་ཙམ་ཡོད་པ་དེ་དག་ཚང་མ་ནག་ཆུའི་འབྲོག་ཁུལ་ནས་ཡིན།  སློབ་ཞོར་གི་ཀློག་དེབ་ཧ་ཅང་ཉུང་བས་སློབ་མའི་དཔེ་ཀློག་ལ་ཚད་བཀག་ཐེབས་པ་མ་ཟད།  སློབ་མས་སློབ་ཞོར་དུ་དཔེ་ཀློག་བྱེད་པའི་འདུ་ཤེས་ཀྱང་ཞན་ཙམ་ཡོད་པས་དཔེ་ཀློག་གི་ནང་དོན་མང་ཆེ་བ་དགེ་རྒན་གྱིས་སློབ་ཁྲིད་བྱས་པའི་ནང་དོན་ཙམ་ཡིན།  དེར་རྟེན་ད་ཐེངས་ཀྱི་དཔེ་དེབ་ཞལ་འདེབས་རྒྱག་པའི་བྱེད་སྒོ་དེས་སློབ་མ་ཚོའི་སློབ་ཞོར་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་རེད།།
འབྲེལ་ཡོད་རྩོམ་ཡིག