ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སྐད་རིཊ་གཉིས་པ་བསླབ་པ་ཇི་ལྟར་སྔ་ན་དེ་ལྟར་བཟང་བ་མིན།

2015-07-02 ཟླ་བས་བསྒྱུར།
   བྱིས་པས་དུས་ནམ་ཞིག་ནས་དབྱིན་ཡིག་སློབ་ཁྲིད་གཙོ་གྲས་སུ་བྱས་ནས་སྦྱངས་ན་ལེགས་སམ་ཞེ་ན།  ཁྱིམ་བདག་ཕལ་མོ་ཆེ་ཡིས་ཇི་འདྲ་སྔ་ན་དེ་འདྲ་བཟང་བར་སྙམ་ཞིང་།  བྱིས་པས་དབྱིན་ཡིག་སྦྱོང་བའི་དུས་གནད་འགག་དེ་ཕར་འདས་ཚེ་སྐད་རྒྱག་དུས་སྒྲ་དག་ལ་གསལ་པོར་འབྱིན་ཐུབ་ཀྱི་མེད་ཅེས་སེམས་ཁུར་བྱེད།  ཁྱིམ་བདག་ཁ་ཤས་ཤིག་ནི་དེ་ལ་འཐད་པ་འབྱུང་གི་མེད་ནའང་།  གཞན་གྱིས་དེ་ལྟར་བྱེད་པ་མཐོང་དུས་རང་གི་བྱིས་པ་རྗེས་སུ་ལུས་རྒྱུ་རེད་སྙམ་ནས་ཕ་རོལ་པོ་དག་མི་བསྟུན་ཐབས་མེད་བྱུང་ཡོད།
   ཕ་སྐད་སྦྱོང་བ་ལ་དུས་གནད་འགག་ཅིག་ཡོད་པ་ནི་དངོས་གནས་རེད།  སེམས་ཁམས་རིག་པ་བ་དག་གིས་དུས་གནད་འགག་ཅེས་པའི་ཚིག་འདི་ལས་ཚོར་བ་སྐྱེན་པའི་སྐབས་ཞེས་སྤྱོད་པར་མོས།  དེས་ན་ཕ་སྐད་ལས་གཞན་པའི་སྐད་རིགས་གཉིས་པ་ཞིག་སྦྱངས་པ་ལའང་ཇི་འདྲ་སྔ་ན་དེ་འདྲ་བཟང་བ་ཡིན་ནམ་ཞེ་ན།   གཤམ་གྱི་དཔེ་གཉིས་ལ་ལྟ་བར་བྱ།
   1970ལོར་སློབ་དཔོན་ཆེན་མོ་ཕེ་ཐེར་མ་ལི་ལགས་ཀྱིས་དཔྱད་པ་གནང་བར།  གལ་སྲིད་བྱེའུ་མཆིལ་པ་ཞིག་གཞན་ལ་ཁ་བཀར་ནས་གཅིག་པུར་གསོས་ཏེ།  སྔོན་ལ་སྒྲ་གཅིག་ལའང་ཉན་དུ་མ་བཅུག་པར།  སྐྱེས་ནས་ཉིན35ནས་ཉིན56གི་བར་དུ་ཉིན་རེར་སྐར་མ་བཞིའི་རིང་ལ་བྱ་སྐད་ལ་ཉན་དུ་བཅུག་ཚེ།   མཆིལ་པ་དེ་ནར་སོན་རྗེས་བྱ་སྐད་འབྱིན་པའང་རྒྱུན་ལྡན་ཡིན་པར་འདུག   ཡང་གལ་སྲིད་མཆིལ་པ་དེ་སྐྱེས་ནས་ཉིན50ནས་ཉིན71གི་བར་དུ་བྱ་སྐད་ལ་ཉན་དུ་བཅུག་ན་ནར་སོན་རྗེས་སྐད་འབྱིན་པ་ལ་གདངས་རྩ་བའི་ཆ་ནས་ཐོན་འདུག་ནའང་།   སྒྲ་ཡི་འདེགས་འཇོག་དང་སྐད་རྔའི་འདར་སྒྲ་དག་འབྱིན་ཐུབ་ཀྱི་མེད།   གལ་སྲིད་ཤིན་ཏུ་སྔ་བ་སྐྱེས་ནས་ཉིན7མ་འགོར་བའི་སྐབས་སམ།  ཤིན་ཏུ་འཕྱི་བ་སྐྱེས་ནས་ཉིན300འགོར་བའི་རྗེས་གཉིས་གང་དུ་བྱ་སྐད་ལ་ཉན་ནའང་།  དེ་ནར་སོན་རྗེས་ཕྱུངས་པའི་སྐད་རྒྱུན་ལྡན་མ་ཡིན་པར་འགྱུར་ཁུག་མེད་ཅིང་འདེགས་འཇོག་བྲལ་བ་ཞིག་རེད་འདུག
   འདིས་ཤིན་ཏུ་སྔ་བའམ་ཤིན་ཏུ་འཕྱི་བར་སྦྱངས་པ་ལ་དགོས་པ་མེད་པར་བསྙད་ཡོད།   གོང་གི་ཚོད་ལྟ་འདི་ལས་མཆིལ་པ་ཞིག་ཆ་བཞག་ན་སྐྱེས་ནས་ཉིན7ནས་ཉིན60ཡི་བར་ནི་དུས་གནད་འགག་དེ་ཡིན་པར་ངེས་ཤིང་།   འདིའི་རིང་ལ་ད་གཟོད་རང་རིགས་ཀྱི་སྐད་འབྱིན་སྟངས་ལ་ཉན་ཚེ་ད་གཟོད་ཡང་དག་པ་ཞིག་སྦྱངས་ཐུབ་པ་ཡིན།   ཉིན60ནས་ཉིན100ཡི་བར་ནི་ཉིན་ལྷག་མ་འགའ་སྟེ་དེའི་རིང་ལ་སྦྱངས་ཐུབ་ནའང་ཆ་ཚང་བ་ཞིག་སྦྱངས་ཐུབ་ཀྱི་མེད་ལ།  ཉིན་དེ་དག་ཕར་འདས་ཚེ་ཇི་ལྟར་བསླབ་ནའང་སྦྱངས་ཐུབ་ཀྱི་ཡོད་པ་མ་རེད།
   ཚོད་ལྟ་དེ་ཐད་ཀ་ཐད་སོར་འགྲོ་བ་མི་ལ་སྦྱོར་ཐུབ་པ་ཞིག་ཀྱང་ག་ལ་ཡིན།  ཡིན་ནའང་སྤྱི་ལོ1971ལོར།   ཨ་མེ་རི་ཁའི་མངའ་སྡེ་ཁ་ལི་ཧྥོར་ཉི་ཡ་རུ་བྱིས་པར་མནར་གཅོད་གཏོང་བའི་དོན་རྐྱེན་ཞིག་བྱུང་བ་ལ་དཔེ་བལྟས་ཚེ།  བུ་མོ་ཆུང་ངུ་ཞིག་རིག་པ་རྣལ་དུ་མི་གནས་པའི་པ་ལགས་ཀྱིས་ཁང་པའི་ནང་དུ་བཅུག་ནས་ལོ་གསུམ་ལོན་རྗེས་བསྐྱབ་པར།   དེའི་རིང་ལ་བུ་མོ་དེས་སྐད་ཡིག་གང་ཡང་མི་ཤེས་པས།  རྗེས་སུ་ཁ་ལི་ཧྥོར་ཉི་ཡའི་སློབ་ཆེན་གྱི་ལོ་སི་ཨན་ཇེ་ལོ་སི་ཡི་ཡན་ལག་སློབ་གྲྭ་རུ་སྐད་བརྡ་རིག་པའི་མཁས་པ་ཡིས་ཆེད་དུ་སྐད་ཡིག་བསླབ་ནའང་།   མོས་སྐད་ཡིག་ཡང་དག་པ་ཞིག་ཅིས་ཀྱང་སྦྱངས་མ་ཐུབ།   དེའི་རྒྱུ་མཚན་ནི་མོ་བསྐྱབ་དུས་ཕ་སྐད་སྦྱངས་པའི་དུས་གནད་འགག་ལས་འདའ་འདུག་པས་ཡག་པོ་ཞིག་སློབ་མ་ཐུབ་པ་རེད་ཅེས་ཀུན་གྱིས་འདོད།
   དོན་རྐྱེན་གཞན་ཞིག་གི་བྱིས་པ་དེ་མོ་ལས་ལས་ཡག་པར་འདུག  ཨི་ཟ་པེལ་ཡང་ཕ་མ་གཉིས་ཀྱིས་ཁྱིམ་དུ་བཅུག་ནས་ལོ་དྲུག་ལོན་རྗེས་ད་གཟོད་ཕྱིར་བསྐྱབ།  ཡིན་ནའང་ལོ་དྲུག་ནི་ད་དུང་སྐད་ཡིག་སྦྱོང་བའི་དུས་གནད་འགག་ལས་འདའ་མེད་པས།  མོས་ནི་སྐད་ཡིག་ཡང་དག་པར་སྦྱངས་ཐུབ་ཡོད།  ལོ་གཅིག་གི་ནང་ལ་སྐད་ཡིག་སྦྱངས་ཐུབ་སོང་བར་མ་ཟད་བྱིས་པ་གཞན་དག་ནང་བཞིན་སློབ་གྲྭ་ལའང་འགྲོ་ཐུབ་སོང་།   དེ་ཡང་ལོ་བདུན་ལ་ལོན་པའི་ཨི་ཟ་པེལ་གྱིས་སྐད་ཆ་བཤད་པ་དེ་མོའི་ལོ་རིམ་གཉིས་པའི་འཛིན་གྲྭའི་སློབ་གྲོགས་དག་གིས་བཤད་པ་ནང་བཞིན་ཡང་དག་པར་འདུག  དེ་བས་གཞན་དག་ལ་ལོ7གྱི་སྐད་བཤད་པའི་ཉམས་མྱོང་དང་མོ་ལ་ལོ1ལས་མེད་ནའང་།  ཅུང་མ་འགོར་བའི་རིང་ཁོ་ཚོ་ཆ་མཉམ་འདྲ་མཉམ་དུ་ཆགས་འགྲོ་ཡི་འདུག
   སྣང་ཚུལ་འདི་གཉིས་ཀྱིས་མ་སི་ཆུག་སི་རང་བྱུང་བཟོ་བསྐྲུན་སློབ་གླིང་གི་སྐད་བརྡ་སྨྲ་བའི་མཁས་པ་ཆེན་མོ་ཅོམ་སི་ཀི་ཡི་ལྟ་བ་དག་ར་སྤྲད་སོང་སྟེ།  རང་ཅག་གི་ཀླད་པའི་ནང་གི་སྐད་ཡིག་སྦྱོང་བྱེད་ཀྱི་ནུས་པ་དེ།  སྐད་ཡིག་སྦྱངས་པའི་དུས་ལ་སླེབས་པའི་ནང་དུ་སྤྱོད་དགོས་པ་དང་།   དེ་ལྟར་སྦྱངས་ན་ད་གཟོད་ལེགས་པར་སྦྱངས་ཐུབ་པ་དེ་རེད།   ཕ་སྐད་ཅེས་པ་ནི་རང་བྱུང་གི་སྤྱི་ཚོགས་ཁོར་ཡུག་ཏུ་སྦྱངས་པའི་སྐད་ཡིག་དང་པོ་དེ་རེད།
   ཡིན་ནའང་སྐད་ཡིག་གཉིས་པ་ཞིག་སྦྱངས་པར་དུས་གནད་འགག་ཅིག་ཡོད་མེད་ཀྱི་བདེན་དཔང་རྩོད་མེད་ཅིག་ད་དུང་ཡང་རྙེད་མ་སོང་།
   སི་ཐན་ཧྥུར་སློབ་ཆེན་གྱི་ཧ་ཁུ་ཐ་ཁེན་ཅི་ལགས་ཀྱིས་སྐད་ཡིག་གཉིས་པ་སྦྱངས་པར་དུས་གནད་འགག་ཅིག་ཡོད་མེད་ཀྱི་སྐོར་ལ་ཉམས་ཞིབ་ཟབ་མོ་གནང་མཐར།   མི་འདུག་སྟེ།  ལོ་ནར་སོན་ནས་སྐད་ཡིག་གཉིས་པ་ཞིག་སྦྱངས་པ་དང་བྱིས་པའི་སྐབས་སུ་སྐད་ཡིག་གཉིས་པ་ཞིག་སྦྱངས་པ་ནི་ཧ་ལམ་གཅིག་པ་གཅིག་རྐྱང་རེད་ཅེས་སྨྲས་ཡོད།
   སྐད་ཡིག་གཉིས་པ་སྦྱངས་པ་དེ་ཕ་སྐད་དང་ནང་རྐྱེན་གྱི་ཆ་ནས་འདྲ་ཡི་མེད།   ཧྥ་རན་སིའི་ཏི་ཧན་གྱིས་ཕ་སྐད་དེ་སྐད་ཡིག་དང་པོ་ནི་ཀླད་པའི་གཡོན་ཕྱོགས་སུ་ཡོད་པ་དང་།   སྐད་ཡིག་གཉིས་པ་དེ་ཅུང་འཁྲུག་ཟིང་ལྡན་པ་ཞིག་ཡིན་པས་མི་རེ་རེའི་མྱོང་བ་ལ་གཞིགས་ནས་མི་འདྲ་ཟེར།  ཁོའི་ཚོད་ལྟ་ལ་ཞུགས་མཁན་མི8ཀྱི་ནང་དུ་མི6དྲུག་གིས་ནུས་པ་མཉམ་དུ་འདོན་པའི་གནས་གཅིག་ཀྱང་རྙེད་ཀྱི་མེད།
   སྤྱིར་བཏང་སྐད་ཡིག་དང་པོ་དེ་ཀླད་པ་གཡོན་པ་དང་སྐད་ཡིག་གཉིས་པ་ནི་ཀླད་པ་གཡས་པ་རུ་ཡོད་ཅིང་།   གཡོན་པའི་ནུས་པ་བསྐྱེད་པའི་ཤུགས་གཡས་པ་ལས་ཤུགས་ཆུང་།   ད་ལྟའི་ཉམས་ཞིབ་པ་དག་གིས་སྐད་ཡིག་གཉིས་པ་ཀླད་པའི་གནས་གང་དུ་ཡོད་མེད་ཁོས་སྐད་ཡིག་སྦྱོང་བའི་ལོ་ཚོད་དང་འབྲེལ་བ་མེད་པར།   ཁོས་སྐད་ཡིག་དེ་བསླབ་པའི་ཡང་དག་མིན་ལ་རག་ལས་ཞེས་ཟེར།
   ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་སྟེ།   སུའེ་ཙེར་དང་།   སི་ཕེན།   ཧོ་ལན་སོགས་ནི་སྐད་ཡིག་གཉིས་སམ་མང་པོ་སྤྱོད་པའི་རྒྱལ་ཁབ་ཡིན་པས།  ཁོ་ཚོའི་འབངས་མི་སེར་དག་གིས་ཆུང་དུས་ནས་སྐད་ཡིག་གཉིས་སྦྱོང་གི་ཡོད།   ཡིན་ནའང་ཉམས་ཞིབ་པར་བརྟག་པ་ལྟར་ན།   ཐ་ན་ལོ་ན3གྱི་སྔོན་ལ་སྐད་ཡིག་གཉིས་པ་སྦྱངས་ཟིན་ནའང་མི་འདྲ་ས་སྔར་བཞིན་རྙེད་ཀྱི་ཡོད།  ཁོ་ཚོས་ཀླད་པ་པར་དུ་བླངས་པ་ལ་བརྟེན་ནས་ཀླད་རླབས་ཀྱི་སྟེང་ནས་མི་འདྲ་ས་རྙེད།   ཁོ་ཚོས་སྐད་རིགས་གཉིས་ཐོགས་མེད་དུ་རྒྱག་ཐུབ་ཀྱི་ཡོད་ནའང་།   སྐད་ཡིག་དང་པོ་དང་གཉིས་ཀ་ཡི་སྤྱོད་སྟངས་འདྲ་ཡི་མེད་དེ།  ཚོད་ལྟར་ཞུགས་མཁན་དག་གིས་སྐད་ཡིག་དང་པོ་སྟེ་ཕ་སྐད་ཀྱི་བརྡ་སྤྲོད་གྲུབ་ལུགས་སོགས་ཀྱིས་སྐད་ཡིག་གཉིས་པ་རྒྱག་གི་ཡོད་པ་རེད།
   དེ་བས་ད་རག་བར་གྱི་ཉམས་ཞིབ་ལ་གཞིགས་ན།   ཕ་སྐད་སྦྱོང་བ་ལ་ཚོར་བ་སྐྱེན་པོའི་སྐབས་ཤིག་དང་།  ལག་རྩལ་ཏེ་ལུས་ཀྱི་རྩལ་དང་།   རོལ་ཆས་དང་།   ཞབས་བྲོ་སོགས་སྦྱོང་བ་ལའང་དེ་ནང་བཞིིན་དུས་གནད་འགག་ཅིག་ཡོད།   དུས་དེ་ཡི་སྔ་ཕྱི་ལ་བཤད་ཁ་གཅིག་ཐག་ཆོད་པ་ཞིག་མེད་མོད།  ཕལ་ཆེར་ལང་ཚོ་དར་ལ་མ་བབ་སྔོན་ཞིག་ཡིན་པར་ཀུན་གྱིས་ཁས་ལེན།   ཡིན་ནའང་སྐད་ཡིག་གཉིས་པ་ཞིག་སྦྱངས་པ་ལ་ཚོར་བ་སྐྱེན་པའི་སྐབས་ཤིག་མེད།   ཕ་སྐད་ཀྱིས་ཀླད་པའི་ནང་གི་སྐད་ཡིག་སྦྱོང་བའི་ནུས་པ་འདོན་མགོ་བརྩམས་ཡོད་པས།   སྦྱངས་ནས་བཟང་མི་བཟང་གི་ཁྱད་པར་ཞིག་མ་གཏོགས་སྦྱངས་ནས་མི་ཤེས་པའི་གནད་དོན་མི་འབྱུང་།   ལང་ཚོ་དར་ལ་མ་བབ་སྔོན་དུ་སྐད་ཡིག་གཉིས་པ་ཡག་ཐག་ཆོད་པ་ཞིག་སྦྱང་ཐུབ་མིན་དེ་མི་སོ་སོས་འབད་པ་བྱེད་མིན་ལ་རག་ལས།  ཡ་ཏུ་གསོལ་ཁང་ཆེན་མོའི་སྤྱི་ཁྱབ་ཡན་ཁྲང་ཧྲིའུ་ཡིས་སློབ་གྲྭ་ཆེན་མོ་འགྲིམ་མ་མྱོང་།  དབྱིན་ཡིག་ཀྱང་ཆེད་དུ་མ་སྦྱངས་མོད།  རྗེས་སུ་རང་སྦྱོང་གི་ཞོར་དུ་ལས་ཀའི་སྟེང་དུ་སྤྱད་ནས་ད་ལྟ་དབྱིན་སྐད་ཐོགས་མེད་ཅིག་རྒྱག་ཐུབ།  འདི་དང་འདི་འདྲ་བའི་དཔེ་ཤིན་ཏུ་མང་བས།  ཁྱིམ་བདག་དག་གིས་ཀྱང་རང་གི་བྱིས་པ་དག་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ་སོགས་སུ་སྐྱེལ་ཨེ་ཐུབ་མི་ཐུབ་བྱ་བར་མི་རིགས་ཏེ།   བྱིས་པའི་དུས་སྐབས་སུ་ཆེས་གཙོ་བོ་ནི་རྩེད་མོ་རྩེ་རྒྱུ་ལས་སློབ་ཁྲིད་ལ་ཉན་རྒྱུ་ནི་མ་ཡིན་ནོ། །(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག