ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དབྱིན་ཇིའི་ནུབ་རྒྱུད་ཀྱི་དར་ཞིང་རྒྱས་པའི་དེབ་ཁང་།

2015-07-06

གཡུ་ལྟར་སྔོ་བའི་རི་ཀླུང་དང་ཤང་ཤང་དུ་རྒྱུག་པའི་ཆུ་བོའི་འགྲམ་དུ་གནས་པའི་དབྱིན་ཇིའི་ནུབ་རྒྱུད་གྲོང་རྡལ་ཝུའེ་ཧྲེ་རུ་མི་འབོར་2000ཙམ་ལས་མེད་རུང་། དེར་དེབ་ཁང་50ཙམ་ཡོད་པས་དབྱིན་ཇི་ཙམ་མ་ཟད། ཐ་ན་འཛམ་གླིང་གི་ངོས་ནས་བརྗོད་ཀྱང་དེབ་གྲོང་ཆེ་ཤོས་དེ་ཡིན།

ཧའེ་དབྱིན་ཞེས་པའི་མིང་ཆ་ཚང་ལ“ཝ་དབྱི་ཆུ་འགྲམ་གྱི་ཧའེ་དབྱིན”ཞེས་བརྗོད་ཅིང་། དེའི་མཚན་སྙན་གང་སར་ཁྱབ་པ་དང་དེ་གར་རིགས་ཁག་གི་དཔེ་དེབ་གྲངས་མེད་ཡོད་ལ། གནའ་བོའི་དེབ་ཀྱང་མང་པོ་ཡོད། ཧའེ་དབྱིན་གྱི་ཁྲོམ་གཞུང་དུ་བསྐྱོད་སྐབས་གང་སར་དེབ་ཁང་མཐོང་རྒྱུ་ཡོད་ལ་གློག་བརྙན་ཁང་དུ་ཡང་དེབ་ཁང་ཡོད་པ་མ་ཟད། མེ་ཟོན་ས་ཚིགས་སུའང་དེབ་ཁང་ཡོད།

“གློག་བརྙན་ཁང་གི་དེབ་ཁང”གི་སྟར་པ་གཉིས་ཡོད་པའི་དེབ་སྒྲོམ་གྱི་མདུན་དུ་མི་མི་ཉུང་བ་ཞིག་གིས་དེབ་ལྟ་བཞིན་འདུག དབྱིན་ཇིའི་བྱང་རྒྱུད་ནས་ཡིན་པའི་བགྲེས་སོང་གཡོད་ཁེ་ཅུན་གྱིས་ལོ་ལྟར་དེ་ག་ནས་དེབ་འདེམས་ཉོ་བྱེད་པ་དེ་གོམས་གཤིས་སུ་གྱུར། ཁོང་གིས་ང་ལའང“གློག་བརྙན་ཁང་གི་དེབ་ཁང”ནང་དེབ་ལྟ་བར་ཡོང་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཤིང་། ངས་ནང་དུ་འཛུལ་ནས་ལྟ་སྐབས་སྟེང་ཤོད་གཉིས་སུ་དེབ་ཀྱིས་ཁེངས་པ་དེ་དེབ་ཁང་ཆེན་པོ་ཞིག་ཏུ་སྣང་།

“ཐོག་མར་དེ་ནི་གློག་བརྙན་ཁང་ཞིག་རེད། ཝུའེ་ཧྲེ་བ་དེབ་ལྟ་རྒྱུར་དགའ་བར་བརྟེན། གློག་བརྙན་ཁང་དེ་དེབ་ཁང་དུ་གྱུར་ཡོད”ཅེས་བགྲེས་སོང་གིས་དེ་ལྟར་ངོ་སྤྲོད་བྱས་བྱུང་། རྒྱལ་ཁབ་ཁག་གཅིག་ཏུ་གློག་བརྙན་ཁང་དག་དེབ་ཁང་དུ་གྱུར་ཡོད།

ཧའེ་དབྱི་རུ་དེབ་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་བྱས་རྗེས་དེ་མིང་ལ་ལི་ཁྲ་ཏེ·པུ་སི་ཞེས་པ་ཞིག་གི་བྱས་རྗེས་ཡིན། 1961ལོར་པུ་སིས་ཧའེ་དབྱི་རུ་ཡོད་པའི་མེ་ཟོན་ས་ཚིགས་རྙིང་པ་ཞིག་ཏུ་དེབ་ཁང་དང་པོ་བཙུགས་པ་དང་དེ་རྗེས་མི་ཁ་ཤས་འཁྲིད་དེ་ཨ་རིར་བསྐྱོད་ནས་རྐུབ་རྡིབ་པའི་དེབ་ཁང་ཉོས་པའི་ཐོག་དེབ་དོས་སྒམ་ནང་བླུགས་ཏེ་ཚུར་དབོར། དེ་ལྟར་བྱས་རྐྱེན་ཁོང་གི་དེབ་ཁང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཡོ་རོབ་ཀྱི་ལག་རྒྱུད་དེབ་ཁང་ཆེ་ཤོས་སུ་གྱུར་ཡོད་ཅིང་། མི་མི་ཉུང་བ་ཞིག་གིས་ཁོང་ལ་ལད་མོ་བྱས་རྐྱེན་དེབ་ཁང་སྣ་ཚོགས་ཆར་རྗེས་ཀྱི་སྨྱུག་རྩ་ཇི་བཞིན་འཕེལ་རྒྱས་ཕྱིན་པ་དང་འབྲེལ་གཞི་ཁྱོན་ཡང་ཆེ་རུ་སོང་།

མི་རྣམས་ཀྱིས་རྩོམ་རིག་ལ་དགའ་པོ་བྱེད་པའི་སྤྲོ་སྣང་ལ་བརྟེན་ནས་ཧའེ་དབྱིན་གྲོང་ཁྱེར་གྱིས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་བཏང་བ་དང་འབྲེལ་རིམ་གྱིས་འཛམ་གླིང་ཕྱོགས་སུ་སྐྱོད་དེ་རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་གྲོང་རྡལ་དུ་གྱུར་བ་དང་ལོ་ལྟར་ཡུལ་སྐོར་བ་ཁྲི་100ཙམ་དེ་གར་ཡུལ་སྐོར་དུ་ཡོང་གི་ཡོད།

2005ལོར་པུ་སིས་ཧའེ་དབྱིན་རུ་ཡོད་པའི་དེབ་ཁང་འཚོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་འཇར་མན་དུ་གནས་སྤོ་བྱས་ཡོད། དོན་དངོས་ཐོག་ཁོང་འཇར་མན་དུ་སྤོས་མེད་པར་ཝུའེ་ཧྲེ་རུ་བསྡད་ཡོད། 2014ལོར་པུ་སིས་ཧའེ་དབྱི་རུ་དེབ་ཁང་གཞན་ཞིག་བཙུགས་པ་དེར“ཧའེ་དབྱི་ཝང”ཞེས་པའི་མིང་བཏགས་པ་རེད།

ཧའེ་དབྱི་ཡི་རྩོམ་རིག་དུས་ཆེན་དེ་ཡང་དེབ་ཁང་ནས་དར་བའི་དུས་ཆེན་ཞིག་ཡིན་ཞིང་། 1987ལོར་དེབ་ལྟ་རྒྱུར་དགའ་བའི་ནུའོ་མན་དང་ཧྥེ་ལོའི་ལུན་སི་གཉིས་གླེང་མོ་བྱེད་སྐབས་ཧའེ་དབྱི་རྩོམ་རིག་དུས་ཆེན་གཉེར་རྒྱུའི་གྲོས་འགོ་བཏོན། 1988ལོར་གཉེར་ཐེངས་དང་པོའི་ཧའེ་དབྱི་རྩོམ་རིག་དུས་ཆེན་ལ་གདེང་འཇོག་ཡག་པོ་ཐོབ་པ་དང་འབྲེལ་རིམ་གྱིས་ས་གནས་རང་བཞིན་གྱི་བྱེད་སྒོ་དེ་དབྱིན་ཇིའི་རྩོམ་རིག་བྱེད་སྒོ་ཆེ་ཤོས་སུ་གྱུར་ཅིང་། 2010ལོར་ཧའེ་དབྱི་རྩོམ་རིག་དུས་ཆེན་གྱི་སྒོ་འཛིན་འཚོང་ཚད་ཁྲི་20ལས་བརྒལ་ཡོད།

ད་ཆ་ཧའེ་དབྱི་རྩོམ་རིག་དུས་ཆེན་ལོ་27གཉེར་བ་དང་འཛམ་གླིང་རྩོམ་རིག་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། ལོ་ལྟར་ཟླ་ལྔ་པའི་རྩོམ་རིག་དུས་ཆེན་ནང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རྩོམ་པ་པོ་དང་། དཔེ་སྐྲུན་ཚོང་པ། གློག་བརྙན་བཟོ་མཁན། རོལ་དབྱངས་མཁས་ཅན། རྩོམ་རིག་ལ་དགའ་མཁན་བཅས་ཁྲི་བཅུ་ཙམ་དེ་གར་མ་གྲོས་གཅིག་མཐུན་ཐོག་འཛོམས་ཀྱི་ཡོད།

འདི་ལོའི་རྩོམ་རིག་དུས་ཆེན་དེ་ཟླ་5ཚེས་21ཉིན་འགོ་ཚུགས་པ་དང་ཚེས་31ཉིན་མཇུག་འགྲིལ་ཞིང་། ཧའེ་དབྱི་གྲོང་རྡལ་གྱི་ཕྱི་རུ་ཡོད་པའི་སྔོ་ལྗང་སྤང་གཤོངས་སྟེང་གུར་མང་པོ་བརྒྱབ་ནས་གཉེར་བའི་བྱེད་སྒོའི་ཐོག་རྩོམ་པ་པོ་ཐུག་འཕྲད་དང་། གླུ་དབྱངས་རོལ་ཚོགས། རྩོད་གླེང་འདུ་ཚོགས་སོགས་གཉེར་ནས་ཧ་ཅང་འཁྲུག་པོ་ཡོད་ལ། མི་རྣམས་ཀྱིས་རང་གིས་དགའ་བའི་དེབ་ལྟ་ཞོར་དུ་ཞིམ་མངར་ཨ་རག་འཐུང་བཞིན་དབྱིངས་ཞུགས་ནས་བསྡད་ཡོད།

འབྲེལ་ཡོད་རྩོམ་ཡིག