ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ན་ནིང་བོད་ཀྱིས་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་༡༥༧བཏང་བ།

2016-01-13
འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་ཡིན་པའི་རྫོང་༢༠ཟིན་པ།
        ཉིན་ཤས་གོང་གསར་འགོད་པས་ལྗོངས་ཡོངས་ཀྱི་༢༠༡༦ལོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་རང་ལྗོངས་ཀྱི་རྫོང་༢༠རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་དཔྱད་དཔོག་རྩིས་ལེན་བདེ་བླག་བྱུང་སྟེ་གཞི་རྩའི་ཆ་ནས་དོ་སྙོམས་ཡིན་པའི་རྫོང(ཆུས)༢༧%ཟིན་ཡོད།
        “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་པའི་དཀའ་སྤྱད་འབད་བརྩོན་འོག་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་སུ་བུ་བཅོལ་ཁང་༢༢༩ནས་༨༨༢བར་མང་དུ་ཕྱིན་ནས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་༦༡.༤༧%ཟིན་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་བརྟན་ཚད་སྔར་བས་མཐོ་རུ་ཕྱིན་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་༧༤.༤༧%ཟིན་པ། ལྗོངས་ཡོངས་ཀྱི་རྫོང་༢༠རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་དཔྱད་དཔོག་རྩིས་ལེན་བདེ་བླག་བྱུང་སྟེ་གཞི་རྩའི་ཆ་ནས་དོ་སྙོམས་ཡིན་པའི་རྫོང(ཆུས)༢༧%ཟིན་པ། དེང་རབས་ལས་རིགས་སློབ་གསོའི་འགོ་ཡག་པོ་བཙུགས་ནས་མཐོ་རིམ་སློབ་གསོར་འབུམ་རམས་པའི་སློབ་གནས་སྤྲོད་མཁན་ཚན་པ་མེད་པར་ཚད་བརྒལ་བྱུང་སྟེ་སློབ་གཉེར་རིམ་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། མི་རིགས་རིག་གནས་དང་ས་མཐོའི་ཚན་རིག་ལག་རྩལ་གྱི་ཁྱད་ལྡན་རིག་ཚན་ཚོགས་པ་གཏོད་པ་དང་སྐྱེད་སྲིང་བྱས་པ།དགེ་འོས་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ནས“གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས”སུང་ཡུས་ཀང་མཚོན་བྱེད་དུ་བྱས་པའི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་འབོར་ཆེན་ཐོན་ཏེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།
        “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་སློབ་གསོར་གཏོང་ཆ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་དེ་༢༠༡༠ལོའི་སྒོར་དུང་ཕྱུར་༦༢.༦ནས་༢༠༡༥ལོའི་སྒོར་དུང་ཕྱུར་༡༥༧བར་འཕར་ཡོད། ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་གཏོང་ཚད་དེ“ལོ་ལྔ་ཚན་བཅུ་གཅིག་པའི”སྒོར་དུང་ཕྱུར་༤༠ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་སྒོར་དུང་ཕྱུར་༡༡༧.༨༩བར་འཕར་ཡོད། ལོ་ལྔའི་རིང་ནི་རང་ལྗོངས་ཀྱིས་སློབ་གསོར་གཏོང་ཆ་གཏོང་མང་ཤོས་དང་། འཛུགས་སྐྲུན་བྱེད་ཁྱོན་ཆེ་ཤོས། སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་བ་བཅས་ཀྱི་ལོ་༥ཡིན། དེ་དག་གཙོ་བོ་འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོ་༡༥བར་ནར་འགྱངས་ཁྱབ་ཆེར་བཏང་བ་དང་ལོ་རེར་སློབ་མ་རེའི་ཆ་སྙོམས“འགན་ལེན་གསུམ”གྱི་ཚད་གཞི་ལོ་༥བསྟུད་མར་མཐོ་རུ་བཏང་ནས་ལོ་རེར་སློབ་མ་མི་ཐེངས་ཁྲི་༥༢.༥ལ་ཕན་པ་ཐོབ་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་གྱི་རོགས་དངུལ་སྲིད་ཇུས་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས་ལོ་རེར་སློབ་མ་མི་ཐེངས་ཁྲི་༡༥༠ལ་རོགས་དངུལ་སྤྲད་དེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཞིང་འབྲོག་པས་ཚོར་བ་བྱས་པ། ནང་སའི་སློབ་གཉེར་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་འཛིན་གྲྭ་བཙུགས་པའི་ཞིང་ཆེན་དང་གྲོང་ཁྱེར་༢༡བར་དང་སློབ་འབྲིང་༨༠ལྷག་ཙམ་བར་མང་དུ་སོང་བ། ཁ་གཏད་རོགས་སྐྱོར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་ནས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་པ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་མཐོ་སློབ་ཁག་གིས་མ་དངུལ་སྒོར་དུང་ཕྱུར་༡༢.༤༧བཏང་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པ་མཚོན་ཡོད།
        ༢༠༡༦ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོ་ཡིན། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དེ་དམིགས་ཚད་ལ་དམིགས་པ་དང་། གནད་འཁེལ་ནུས་ཤུགས་འདོན་པ། ཞན་ཆ་གསབ་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་སྲོག་རྩ་དམ་འཛིན་ཡག་པོ་བྱས་ནས་ཀུན་སྤྱོད་མི་སྐྱོང་གི་ལས་འགན་གཙོ་བོ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་ནས་སློབ་གསོ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་གཏོང་བ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་འཛིན་ནས་རིག་ཚན་ཆེད་ལས་བཀོད་སྒྲིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་སྲོལ་གང་མགྱོགས་ལེགས་སུ་གཏོང་བ། དགེ་རྒན་གྱི་ཆེད་ལས་ལེགས་གཏོང་ལ་སྐུལ་འདེད་གཏོང་རྒྱུ་འགག་རྩར་བརྩིས་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྐད་ཡིག་གཉིས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་གཏོང་བྱ་རྒྱུ་ལྟེ་བར་བརྩིས་ནས་སྐད་ཡིག་གཉིས་ཀྱི་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱེད་གཞིར་བརྩིས་ནས་སློབ་གསོའི་སྤྱི་འདོམས་འཆར་འགོད་ནུས་པ་ཆེ་རུ་གཏོང་བ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཞི་རྟེན་དུ་བྱས་ནས་ལས་ཁུངས་འཛུགས་སྐྱོང་སོགས་ཕྱོགས་༨ཐད་ཀྱི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ནས་སེམས་ནུས་གཅིག་ཏུ་སྒྲིལ་བ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་ཐུབ་པ་བྱེད་དགོས།
འབྲེལ་ཡོད་རྩོམ་ཡིག