ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

2015ལོའི་བོད་ལྗོངས་ཀྱི་རོང་འབྲོག་པའི་བུ་བུ་མོའི་མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད74.5%ལ་སླེབས་པ།

2016-02-05 ཁྲི་སེམས་དཔའ།
        ཤིན་ཧྭ་གསར་འགྱུར་ཁང་གིས་ལྷ་ས་ནས་སྤེལ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཤེས་པ་ལྟར་ན། 2015ལོའི་བོད་ལྗོངས་ཀྱི་རོང་འབྲོག་པའི་བུ་བུ་མོའི་མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་ཚད74.5%ལ་སླེབས་པ་དང་། རོང་འབྲོག་པའི་བུ་བུ་མོ་སྔར་ལས་མང་པོའི་སློབ་ཆེན་འགྲིམས་པའི་ཕུགས་འདུན་མངོན་འགྱུར་བྱུང་། མིག་སྔར། བོད་ལྗོངས་ཀྱི་མཐོ་རྒྱུགས་དཀྱུས་མའི་སློབ་སྡུད་འཆར་གཞིའི་ཁྲོད། རྒྱལ་ཁབ་ཀྱི་ཆེད་དམིགས་ལས་གཞི་དང་། མཐོ་རིམ་སློབ་གྲྭ་གཙོ་བོའི་ཆེད་དམིགས་ལས་གཞི། གྲོང་གསེབ་ཆེད་དམིགས་ལས་གཞིའི་སློབ་སྡུད་འཆར་གཞི་སོགས་ལག་ཏུ་བསྟར་བས། ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭའི་དམའ་འབྲིང་དང་མཐོ་འབྲིང་གི་རོང་འབྲོག་པའི་བུ་བུ་མོ་སློབ་ཆེན་དུ་ཞུགས་པའི་བསྡུར་ཚད70%སྲུང་འཛིན་བྱས་པ་ཟད། མི་འབོར་ཅུང་ཉུང་བའི་མི་རིགས་དང་ནག་ཆུ། མངའ་རིས་སོགས་ས་ཁུལ་དུ་དམིགས་བསལ་གནང་།‘རྒྱུས་ལོན་བྱུང་བ་ལྟར་ན། རིན་མེད་དུ་འོས་འགན་སློབ་གསོ་མྱངས་པའི་རྨང་གཞིའི་སྟེང་། བོད་ལྗོངས་ཀྱིས་ད་དུང་རོང་འབྲོག་པའི་བུ་བུ་མོར་ཟ་མ་དང་སྡོད་ས་དང་སློབ་སྦྱོང་གི་གྲོན་དངུལ་བཅས་འགན་ལེན་པའི“འགན་གསུམ”སྲིད་ཇུས་ལག་བསྟར་བྱས་པ་རེད། མིག་སྔར“འགན་གསུམ”སྲིད་ཇུས་དེ་ལོ15བར་དུ་བསྲིངས་པ་དང་། ཚད་གཞི་ཡང་ལོ་རེར་མི་རེར་སྒོར3000བར་དུ་ཇེ་མཐོར་བཏང་། སློབ་མ་ཁྲི52.5ཡིས་དེའི་ཁེ་ཕན་རེག་བཞིན་ཡོད།  
        ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་སློབ་གསོའི་ཐད་དངུལ་གཏོང་བའི་འགན་སྲུང་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་།“ལྔ་བཅུ་གཉིས”སྐབས་སུ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་བཏང་ཚད་རིམ་བསགས་ཀྱིས་སྒོར་དུང་ཕྱུར550ལ་སླེབས། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱི་ཐིན་ཀྲང་མ་ཧྲིན་ཁྲང་གིས་བཤད་རྒྱུར། འདས་པའི་ལོ་ལྔ་ནི་བོད་ལྗོངས་ཀྱི་སློབ་གསོའི་ཐད་མ་དངུལ་བཏང་བ་ཆེས་མང་ཞིང་། འཛུགས་སྐྲུན་གཞི་ཁྱོན་ཆེས་ཆེ་བ། སློབ་སྒྲུབ་ཆ་རྐྱེན་ཆེས་མངོན་གསལ་དུ་ཇེ་ལེགས་སུ་སོང་བའི་དུས་སྐབས་ཡིན། ཉེ་བའི་ལོར་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་མགྱོགས་པོར་གོང་དུ་འཕེལ། མིག་སྔར་སློབ་ལོ་མ་རན་པའི་སྔོན་གྱི་སློབ་གསོ་དང་རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་ཡོངས་སུ་ཁེབས་ཤིང་འཐུས་སྒོ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་ཐོག་མར་ཆགས་པ་རེད།
འབྲེལ་ཡོད་རྩོམ་ཡིག