ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དྲ་སྐོམ་ལ་རྒྱང་བཀྱེད་ནས་བྱིས་པ་གློག་རྡུལ་ཐོན་རྫས་ལ་དབྱིངས་ཤོར་དུ་འཇུག་མི་རུང་།

2016-02-17 དབང་མོ།
        ཀྲུང་གོ་རུ་བྱིས་པ་གློག་རྡུལ་རོལ་རྩེད་ལ་དབྱིངས་ཤོར་བའི་གནས་ཚུལ་སྐྱོ་ནས་སྐྱོ་རུ་འགྱུར་བཞིན་འདུག་པར་མི་མང་པོས་སེམས་ཁུར་བྱ་བཞིན་ཡོད། འདིའི་སྐོར་ལ་བྱིས་པས་ཆུ་ཚོད་འགའ་རེར་གློག་རྡུལ་ཐོན་རྫས་སྤྱོད་བཞིན་པའི་ཨ་རིའི་ཁྱིམ་བདག་ཚོས་ཀྱང་དོ་སྣང་བྱ་བཞིན་ཡོད། ཉེ་ཆར་ཨ་རིའི་སྤྱི་བའི་བརྙན་འཕྲིན་དྲ་བ་རུ་བཏང་བའི་དངོས་བཤུས་གློག་བརྙན《དྲ་སྐོམ་ཅན》(Web Junkie)ཞེས་པ་རུ་གློག་རྡུལ་རོལ་རྩེད་ལ་དབྱིངས་ཤོར་བས་བྱིས་པ་ལ་ཉམས་ཉེན་ག་འདྲ་འབྱུང་གི་ཡོད་སྐོར་མངོན་ཡོད། བྱིས་པ་དེ་ཚོས་བསྟུད་མར་ཆུ་ཚོད་ཆུ་བཅུ་ཕྲག་ཁ་ཤས་ལ་གློག་རྡུལ་རོལ་རྩེད་རྩེ་བ་དང་། ཟས་གཉིད་གང་ཡང་མི་དགོས་པ་མ་ཟད་ཐ་ན་གསང་སྤྱོད་ལའང་འགྲོ་དགོས་མེད། འདི་འདྲ་བའི་མི་མང་པོ་ཞིག་གིས་དངོས་ཡོད་ཀྱི་འཚོ་བ་ནི་ལྡོག་ཏེ་འཕྲུལ་སྣང་གི་འཇིག་རྟེན་ཞིག་ལ་བསྒོམས་ཡོད། 
        ཀྲུང་གོ་རུ་སྨན་པས་འདི་ཉིད་ནད་རྟགས་ཤིག་ལ་བརྩིས་ནས་ལོ་ཆུང་གཞོན་ནུའི་དྲ་སྐོམ་གཅོད་ས་བཙུགས་ཤིང་། གནད་དོན་འདི་འདྲ་དང་འཕྲད་ཡོད་པའི་བྱིས་པ་དེ་རུ་བཅུག་ནས་ཟླ་བ་ཁ་ཤས་ལ་སྨན་བཅོས་བྱེད་བཞིན་ཡོད། སྨན་བཅོས་དུས་ཡུན་ནང་ལ་སྒྲིག་ལམ་བཙན་པོ་ཡོད་ཅིང་། ཕྱི་རོལ་གྱི་འབྲེལ་བ་རྦད་དེ་བཅད་ཡོད། འདི་ལྟར་བྱས་པའི་ཕན་གནོད་ལ་ད་དུང་བརྟག་དཔྱད་བྱ་འོས་པ་ཞིག་རེད།
        ཨ་རི་ལྟ་བུར་མཚོན་ན་འདི་ཉིད་ནད་རྟགས་ཤིག་ཏུ་བརྩིས་མེད་མོད། འོན་ཀྱང་བྱིས་པ་ལོ་ཆུང་གིས་དུས་ཡུན་རིང་བོར་གློག་རྡུལ་ཐོན་རྫས་སྤྱད་ཅིང་འགུལ་སྐྱོད་མ་བྱས་པའི་དུས་ཡུན་ནི་ཆེད་མཁས་པ་ཚོས་བྱིས་པའི་སྐྱེ་འཕེལ་ལ་གནོད་པའི་ཚད་ལ་བསླེབས་ཡོད་པར་ངོས་འཛིན་བཞིན་ཡོད། བྱིས་པའི་མི་ཚེ་རུ་གནད་དོན་འདི་འདྲ་འབྱུང་བའི་དུས་ཚོད་ཧ་ཅང་སྔ་སྟེ། བྱིས་པས་ཁོར་ཡུག་ལ་རྒྱུས་ལོན་དང་། རང་ལ་གཉོར་སྐྱོང་བྱེད་མཁན་བར་ཁ་བརྡ་བྱ་འོས་པའི་དུས་སུ། ཁོ་ཚོས་ཕ་མ་སོགས་ཀྱི་ཁ་པར་དང་ཨ་ཕད་བཟུང་ནས་རང་རང་གི་ས་ན་རྩེད་མོ་རྩེ་བཞིན་ལུས་ཡོད། 
        ༢༠༡༣ལོར་ཨ་རིའི་བྱིས་ནད་ཞིབ་འཇུག་ཚོགས་པའི(American Academy of pediatrics)བྱིས་པ་ལོ་ཆུང་དང་སྨྱན་བྱེད་ཐད་ཀྱི་སྲིད་ཇུས་བསྒྲགས་པ་ལ་ཁེ་སིར་ཚང་གི་ཐེབས་རྩས(Kaiser Family Foundition) ༢༠༡༠ལོར་སྤེལ་བའི་གྲངས་ཀ་ཁག་གཅིག་ལུང་དྲང་ཡོད། དེ་ནི་འདི་ལྟ་སྟེ། ལོ་བརྒྱད་ནས་བཅུ་བར་གྱི་བྱིས་པས་ཉིན་རེར་ཆུ་ཚོད་བརྒྱད་སྨྱན་བྱེད་སྣ་ཚོགས་ལ་བཀོལ་བཞིན་ཡོད་པ་དང། ལོ་དེ་ལས་ཅུང་ཆེ་བའི་བྱིས་པས་ཉིན་རེར་ཆུ་ཚོད་བཅུ་གཅིག་བཀོལ་བཞིན་པ་རེད། སྔོན་ཆད་བྱིས་པ་བྲིད་བྱེད་གཙོ་བོ་ནི་བརྙན་འཕྲིན་ཡིན་ལ། དེང་སང་ཡང་བརྙན་འཕྲིན་གཙོ་ཆེ་མོད། གློག་གླད་དང་། གློག་ཀླད་ལེབ་མོ། ཁ་པར་སོགས་ཀྱིས་རིམ་བཞིན་དེའི་གོ་ས་འཛིན་བཞིན་ཡོད་པ་རེད།
        བྱིས་ནད་ཚན་ཁག་ཞིབ་འཇུག་ཚོགས་པས་བརྗོད་དོན། རང་གི་བྱིས་པས་སྨྱན་བྱེད་དེ་དག་གི་ཐད་ལ་ཆུ་ཚོད་ག་ཙམ་ཞིག་བཀོལ་འོས་པའི་ཐད་ལ་ཁྱིམ་བདག་གིས་སྒྲིག་ལམ་བཟོས་པ་ཧ་ཅང་ཉུང་ཞིང་། ཁེ་སིར་ཚང་གིས་བརྟག་དཔྱད་བྱ་སྐབས་སུ་བྱིས་པ་སུམ་ཆའི་གཉིས་ཀྱིས་རང་གི་ཕ་མས་སྨྱན་བྱེད་དེ་དག་སྤྱོད་པའི་དུས་ཚོད་ལ་སྒྲིག་ལམ་ཅི་ཡང་བཟོས་མེད་ཟེར། 
        ཕ་མ་མང་པོ་ཞིག་ནི་བྱིས་པ་གློག་རྡུལ་ཐོན་རྫས་དེ་དག་ལ་ཐིམས་ཤིང་ཁ་ཁུ་སིམ་པོར་བསྡད་པས། རང་ཉིད་ལ་གློག་རྡུལ་རོལ་རྩེད་རྩེ་བའི་གོ་སྐབས་བྱུང་བར་དགའ་སྣང་སྐྱེ་བཞིན་ཡོད་ཅིང་། བྱིས་པས་དུས་ཚོད་འདི་འདྲ་མང་པོ་ཞིག་འཁྲུལ་སྣང་གི་འཇིག་རྟེན་ལས་གཟད་བཞིན་པ་ནི་ཉེན་ཁ་ཆེ་བའི་དོན་ཞིག་ཡིན་པ་ཡིད་ལའང་འཆར་བཞིན་མེད། 
        ཨ་རིའི་ཧྭ་ཝུར་རྡི་སློབ་ཆེན་དང་འབྲེལ་བ་ཡོད་པའི་ནད་ཐོག་སེམས་ཁམས་རིག་པ་བ་ཁེ་ཐི་རེན་སི་ཏེ་ནིར་ཨ་ཏེར(Catherine Steiner-Adair)ཞེས་པས། ང་ཚོས་གློག་རྡུལ་ཐོན་རྫས་བྱིས་པའི་པང་ལ་གཡུག་པ་ནི་ཁོང་ཚོའི་བློ་རྩེགཞན་ལ་འདྲེན་པ་ལས། ཁོང་ཚོ་ལ་རང་གི་བློ་སེམས་བདེ་དབབ་པའི་ཐབས་ཁྲིད་ནས་རང་གིས་རང་སེམས་བདེ་རུ་འཇུག་པར་བྱེད་པ་མིན་ཞེས་བཤད་ཡོད། ཁོང་ནི་《ཁ་འཕྲལ་ཆེན་པོ། གྲངས་འཛིན་དུས་རབས་སུ་བྱིས་དུས་དང་ཁྱིམ་ཚང་འབྲེལ་བ་སྐྱོབས་ཐབས》(The Big Disconnect:Protecting Childhood and Family Relationships in the Digital Age)ཞེས་པའི་དེབ་བྲིན་མོ་ཞིག་གི་རྩོམ་པ་པོ་རེད།
        ཨ་རིའི་བྱིས་ནད་ཞིབ་འཇུག་ཚོགས་པས་བྱིས་པ་ལོ་གཉིས་མ་ལོན་པའི་སྔོན་ལ་གློག་རྡུལ་སྨྱན་བྱེད་གང་ལའང་འཕྲད་མི་འོས་པར་ངོས་འཛིན་བཞིན་ཡོད་པ་དང་། བྱིས་པའི་ཐོག་མའི་ལོ་འགའ་ནི་བྱིས་པའི་ཀླད་པ་འཚར་སྐྱེ་ཆེས་མགྱོགས་པའི་དུས་ཡིན་པས། བུས་པའི་སློབ་སྦྱོང་ལེགས་ཤོས་ནི་མི་དང་མི་ཡི་འབྲེལ་འདྲིས་བརྒྱུད་ན་གཞི་ནས་ཐོབ་ཐུབ་པ་ལས་འཆར་ཡོལ་བརྒྱུད་ནས་ཐོབ་པ་མིན། ལོ་ཅུང་ཆེ་བའི་བྱིས་པ་ཚོས་ཀྱང་ཉིན་རེར་མང་ནའང་ཆུ་ཚོད་གཅིག་གཉིས་ཡན་ལ་གློག་རྡུལ་སྨྱན་བེད་སྤྱོད་མི་འོས་པར་། དུས་ཚོད་མང་ཤོས་ཕྱི་རོལ་གྱི་ཁོར་ཡུག་ནས་རྩེད་མོ་རྩེ་བ་དང་། དེབ་ཀློག་པ། རང་གི་དགའ་ཕྱོགས་སྐྱོང་བ། རྒྱ་ཡན་པའི་སེམས་ཀྱི་འཆར་སྒོ་ཞིག་སྐྱོང་བ་བཅས་རེད་ཅེས་དྲན་སྐུལ་ཞུས་ཡོད།
        གློག་རྡུལ་སྨྱན་བྱེད་སྤྱོད་པ་སྔ་དྲག་ན་བྱིས་པའི་བྱ་སྤྱོད་དང་བདེ་ཐང། སློབ་སྦྱོང་སོགས་ལ་ནུས་པ་ལྡོག་པར་ཐོན་ངེས། སེ་ཨ་ཐོ་བྱིས་པ་ཞིབ་འཇུག་གླིང་གི་རྡེ་མེ་ཐི་རེ.A.ཁེ་རེ་སི་ཐེ་ཁི་སི( Dimitri.A.Christakis) ཡིས་འཕྲུལ་སྣང་གི་གདུག་རྩུབ་ནང་དོན་ལ་མང་པོ་བལྟས་པའི་བྱིས་པ་ཚོས་དངོས་ཡོད་ཀྱི་གདུག་རྩུབ་ཇི་སྙམ་པར་འགྱུར་བ་དང་། རང་ངོས་ནས་ཀྱང་གདུག་རྩུབ་ཆེ་བའི་སྦྱོར་བ་སྤེལ་ཞིང་། གཞན་གྱི་མྱོང་བ་ལ་བསམ་ཤེས་མི་ཐུབ། འདི་ལྟ་བུའི་འཕྲུལ་སྣང་གི་གདུག་རྩུབ་མང་ཤོས་ནི་གློག་རྡུལ་རོལ་རྩེད་དུ་ཁྱབ་ཡོད་ཅེས་བཤད་ཡོད།
        རོ་རྡི་གླིང་ཕྲན་སློབ་ཆེན་University of Rhode Islandགྱི་སློབ་མ་ཁི་རེ་སི་ཐེ་ནཱ.E.ཧྭ་ཆི (Kristina.E.Hatch) ཡིས་བྱིས་པ་ཆེས་དགའ་བའི་གློག་རྡུལ་རོལ་རྩེད་གང་ཡིན་བརྟག་དཔྱད་བྱེད་སྐབས་སུལོ་རིམ་བཞི་བའི་ཕྲུ་གུ་ཞིག་གིས་རང་ཉིད་དགའ་སའི་རོལ་རྩེད་ནི《ལས་ཀྱི་འབོད་པ་ལས་སྨག་ནག་ལས་འགུལ》(Call of duty:Black Ops)ཞེས་པ་ཡིན་ཟེར་ཞིང་། དེའི་རྒྱུ་མཚན་ནི་རོལ་རྩེད་དེའི་ནང་དུ་རོ་ལངས་ཡོད་པ་དང་། དེ་དག་ལ་མེ་མདས་བརྒྱབས་ནས་གསད་ཆོག དེའི་ནང་དུ་ད་དུང་གདུག་རྩུབ་ཀྱང་ཡོད། ང་རང་ཆེས་དགའ་ཤོས་ཁྲག་དང་གདུག་རྩུབ་ཡིན་ཟེར།
        《ན་གཞོན་དང་གཞོན་ནུའི་དུས》(Journal of Youth and Adolescence)ཡིས་བརྟག་དཔྱད་ཅིག་ཏུ་གལ་ཏེ་གཞོན་ནུའི་དུས་སུ་གདུག་རྩུབ་ཀྱི་ནང་དོན་ཡོད་པའི་གློག་རྡུལ་རོལ་རྩེད་མང་པོ་བརྩེས་པའམ། བརྙན་འཕྲིན་ལས་གདུག་རྩུབ་ཀྱི་ནང་དོན་ཡོད་པའི་ལེ་ཚན་ལ་མང་པོ་བལྟས་པ་ཡིན་ན་མི་དེ་ཚོར་རྒོལ་བའི་སྟོབས་འཕེལ་ཞིང་། ན་མཉམ་དང་ལག་འཛིང་ཤོར་སླ་ལ། དགེ་རྒན་དང་ཚིག་རྩོད་ཤོར་སླ་བ་ཤེས་ཡོད། 
        སྨྱན་བྱེད་ལག་ཆ་དེ་དག་སྤྱོད་པའི་དུས་ཚོད་ཀྱིས་སློབ་སྦྱོང་དང་དཔེ་ཀློག་གི་དུས་ཚོད་བརླག་ནས་བསླབ་འབྲས་ལ་གནོད་པ་དང་། གློག་རྡུལ་ཐོན་རྫས་མང་ཤོས་ནི་བསྡད་ནས་བེད་སྤྱོད་པ་དང་། བརྙན་འཕྲིན་གྱི་ཟས་རིགས་卡路里མཐོན་པོ་ཅན་གྱི་ཚོང་བརྡའི་ཤུགས་རྐྱེན་ཕོག་པས། ལུས་ཀྱི་ལྗིད་ཚད་བདེ་ཐང་གི་ཚད་ལས་བརྒལ་སྲིད། ཨ་རི་ལྟ་བུར་ཆ་མཚོན་ན་ལུས་ཀྱི་ལྗིད་ཚད་བརྒལ་བ་ནི་སྤྱི་ལ་ཁྱབ་པའི་གནད་དོན་ཞིག་ཆགས་ཡོད། 
        བདག་གི་ཚ་བོ་གཉིས་ཀ་སོ་སོ་ལོ་བཅུ་དང་བཅུ་གསུམ་ཡིན་ལ། ཁོ་གཉིས་ལ་གློག་རྡུལ་རོལ་རྩེད་རྩེད་པ་ཐལ་དྲག་པའི་གནད་དོན་གནས་ཤིང་། འདིའི་ཤུགས་རྐྱེན་ངན་པ་དང་འབྲལ་ཐབས་མེད་པ་འདྲ། ལོ་བཅུ་ཅན་གྱི་ཚ་བོ་སློབ་གྲྭར་འགྲོ་ཉིན་ལ་ཉི་མ་རེ་རེར་ཆུ་ཚོད་ཕྱེད་ཀྱི་སྔོན་ལ་མལ་ལས་ལངས་ནས་གློག་རྡུལ་རོལ་རྩེད་རྩེ་བ་དང་། ཁོ་དང་ཕུ་བོ་གཉིས་སློབ་གྲྭར་འགྲོ་དུས་དང་ཕྱིར་ལོག་དུས་ཀྱི་ལམ་ཁར་ནམ་ཡང་རང་གི་གློག་རྡུལ་རྩེད་དང་ཁ་མ་འབྲལ་བར་གནས་ཡོད། ཁོ་གཉིས་བསུ་སྐྱེལ་བྱ་མཁན་གྱི་སྤོ་བོས་སུས་ཀྱང་ཁ་གྲགས་བཞིན་མི་འདུག་ཟེར། བཟའ་མི་ཚང་མ་ཕྱི་ལ་ཟ་མ་ཟ་བར་འགྲོ་སྐབས། བྱིས་པ་འདི་གཉིས་ཀྱིས་རྒྱུན་དུ་ཟ་མ་མ་བསླེབ་གོང་དང་ལྟོ་འགྲངས་རྗེས་མྱུར་བར་རང་རང་གི་གློག་རྡུལ་རོལ་རྩེད་བེད་སྤྱོད་པ་རེད།
        འབུམ་རམས་པ་སི་ཐེ་ནཱ་ཨ་རྡེལ་གྱིས་བཅར་འདྲི་ཞིག་ལ་ལན་འདེབ་སྐབས་སུ་གལ་སྲིད་སློབ་གྲྭར་འགྲོའི་ལམ་དུ་བྱིས་པར《བྱི་རིལ་གཅོག་པ》ཞེས་པའི་རོལ་རྩེད་རྩེ་རུ་བཅུག་པ་ཡིན་ན་རླངས་འཁོར་གང་བོ་ལྷིང་འཇགས་ཡིན། འོན་ཀྱང་འདི་ནི་བྱིས་པར་མཁོ་བ་དངོས་མ་རེད། ཁོ་ཚོ་ལ་འཕྲུལ་སྣང་དགོས་ལ། རང་གི་བག་མི་བདེ་བའི་སེམས་ཁམས་ཀྱི་གདོང་ལ་ལངས་དགོས། ཡང་ན་རང་གི་བསམ་ཚུལ་ངོས་ཟིན་པ་དང་ཕ་མ་ལ་ལྟ་ཚུལ་བརྗོད་འོས་ལ། ཕ་མས་ཁོ་ཚོའི་བློ་དོགས་དང་འཚབ་སྣང་སེལ་དགོས་ཞེས་བཤད་ཡོད། 
        མི་དང་མིའི་བར་གྱི་འབྲེལ་འདྲིས་ངོས་ཐད་ནས་བལྟས་ན་ཚན་རྩལ་ནི་ཚབ་བྱེད་པའི་དངོས་པོ་ཐབས་རྡུག་ཅིག་རེད།
        འཆད་ཁྲིད་ཅིག་གི་སྐབས་སུ་སི་ཐེ་ནཱ་ཨ་རྡེལ་གྱིས་བྱིས་པ་ཚོར་བརྙན་ཡོལ་ཕུད་པའི་འཚོ་བ་མཛེས་སྡུག་ལྡན་པ་ཞིག་ཡོད་པ་ཤེས་སུ་འཇུག་དགོས་ལ། མི་གཞན་ལ་མཚར་སྣང་སྐྱེ་བ་དང་། ཉན་པར་སྤྲོ་བ་ནི་རང་གི་མི་འབྲེལ་གྱི་ནུས་པ་དང་བརྩེ་སེམས་ཀྱི་ནུས་པ་བསྐྱེད་པར་ཕན་པ་ཡོད་པའི་ལས་ཀ་དོན་སྙིང་དང་ལྡན་པ་ཞིག་ཡིན་ལ། འདི་དག་ནི་འཚོ་བའི་ཁྲོད་དུ་རྒྱལ་ཁ་ཐོབ་མིན་གྱི་གནད་འགག་ཅིག་ཡིན་པའང་ཤེས་སུ་འཇུག་དགོས་ཞེས་བཤད་ཡོད། 
        གློག་རྡུལ་ཐོན་རྫས་སྤྱོད་ཐལ་ཆེ་བའི་བྱིས་པ་ཚོ་དུས་གཅིག་ལ་ལས་ཀ་འགའ་ཞིག་སྒྲུབ་མཁས་པོ་ཡོད་སྲིད་མོད། དུས་མཚུངས་སུ་བྱ་བ་གཙོ་བོ་ལ་བློ་རྩེ་གཏོད་པའི་ནུས་པ་ཉམས་པར་འགྱུར་སྲིད། ནུས་པ་འདི་ནི་གཏིང་ཟབ་མོར་བསམ་བློ་གཏོང་བ་དང་གནད་དོན་ཐག་གཅོད་པར་མེད་དུ་མི་རུང་བའི་གནད་འགག་ཅིག་ཡིན་པ་མ་ཟད། ཕྱིས་སུ་ལས་ཀ་དང་བྱ་བ་མང་པོར་ཞུགས་པའི་ཐད་ལ་མཁོ་གལ་ཆེ་བ་ཞིག་ཡིན།
        ཡི་གེ་གཏག་ནས་འཕྲིན་ཐུང་སྐུར་བའང་ཨ་རིའི་རྒྱལ་ཡོངས་རང་བཞིན་གྱི་འགོས་ནད་ཅིག་ཏུ་གྱུར་ཡོད། ཕེ་ཨོ་ཞིབ་འཇུག་ལྟེ་བ(Pew Research Center)ཡི་ཨ་མན་ཏཱ་ལུན་ཧར་ཐི(Amanda Lenhart)ཡིས་༢༠༡༢ལོར་ཞིབ་འཇུག་ཅིག་གི་སྐབས་སུ་ཤེས་རྟོག་བྱུང་བ་ལྟར་ན། ལོ་བཅུ་གསུམ་ནས་བཅུ་དགུ་བར་གྱི་ན་གཞོན་ཕྱེད་ཀ་ཡན་གྱིས་ཉིན་རེར་འཕྲིན་ཐུང་ལྔ་བཅུ་ཡན་སྐུར་བཞིན་ཡོད་པ་དང་། ལོ་བཅུ་གསུམ་ནས་བཅུ་བདུན་བར་གྱི་ལོ་གཞོན་ཚོས་ཟླ་རེར་ཆ་སྙོམས་འཕྲིན་ཐུང༣༣༦༤སྐུར་བཞིན་ཡོད། ཞིབ་འཇུག་ལས་ཁུངས་དེས་དེ་ལས་ཀྱང་སྔ་བའི་ཆར་སྤེལ་བའི་ཞིབ་འཇུག་ཅིག་དུ་མངོན་པ་ལྟར་ན་ལོ་གཞོན་ཚོ་ཉིན་ལྟར་མལ་དུ་ཞུགས་རྗེས་ཆ་སྙོམས་འཕྲིན་ཐུང་༣༤སྐུར་བཞིན་ཡོད་པ་དེས་རྒྱུན་འབྱམས་སུ་གྱུར་བའི་གཉིད་འཕྲོག་པའི་གནད་དོན་ཇེ་སྡུག་ཏུ་བཏང་ཡོད། ཧ་ཆི་ཡིས་བཤད་པ་ཇི་བཞིན་བྱིས་པ་ཚོས་གློག་རྡུལ་སྨྱན་བྱེད་སྤྱད་ནས་འབྲེལ་འདྲིས་མངོན་དུ་བསྒྱུར་ཞིང་། ངོ་འཕྲད་ཅིང་འབྲེལ་འདྲིས་བྱེད་པ་ཇེ་ཉུང་དུ་སོང་བས་ཁོ་ཚོའི་ཁེར་རྐྱང་དང་བློ་ཕམ་གྱི་སྣང་བ་ཇེ་དྲག་དུ་ཕྱིན་ཡོད། 
        འདི་དང་དུས་མཚུངས་སུ་ལུས་ལའང་གནོད་སྐྱོན་ཕོག་ངེས་སྟེ། དུས་ཡུན་རིང་བོར་ཁ་པར་དང་ངོས་ལེབ་གློག་ཀླད། རྩིས་འཁོར་སོགས་བེད་སྤྱད་པས་བྱིས་པའི་མཛུབ་མོ་དང་མཁྲིག་མ་ན་བ་དང་། ཁོ་ཚོའི་མིག་འབྲས་ཀྱི་ཁྲག་རྩ་ཀུམ་པ་སོགས་འབྱུང་ལ། ད་དུང་ཡུན་རིང་བོར་མགོ་བསྒུར་ནས་བསྡད་པས་སྐེ་ཚིགས་དང་རྒལ་བ་ལ་ཟུག་རྔུ་སོགས་ཀྱང་འབྱུང་བཞིན་ཡོད།
འབྲེལ་ཡོད་རྩོམ་ཡིག