ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་སྒོར་དུང་ཕྱུར་1ཞལ་འདེབས་ཕུལ་ནས“ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་མཱ་ཡུན་སློབ་གསོའི་ཐེབས་རྩ”གཉེར་འགོ་ཚུགས་པ།

2019-07-01 བསྟན་ནོར་གྱིས་བསྒྲིགས།
    ཚེས་26ཉིན་མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྒོར་དུང་ཕྱུར་1ཟིན་པའི“ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་མཱ་ཡུན་སློབ་གསོའི་ཐེབས་རྩ”གཉེར་འགོ་ཚུགས་པ་དང་། སླད་ཕྱིན་མཱ་ཡུན“དགེ་རྒན་གསོ་སྦྱོང་ལྟེ་གནས”བསྐྲུན་རྒྱུ་དང་། “མཱ་ཡུན་སློབ་གསོའི་བྱ་དགའ”དང“མཱ་ཡུན་དགེ་རྒན་འཆར་གཞི”བཙུགས་ནས་བོད་ལྗོངས་སུ་ཕུལ་དུ་བྱུང་བའི་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་རེད།
    འཆར་གཞི་ལྟར་ན། ལོ་བཅུའི་ནང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར“མཱ་ཡུན་དགེ་རྒན་གསོ་སྦྱོང་ལྟེ་གནས”ཤིག་འཛུགས་རྒྱུ་ཕུད། “མཱ་ཡུན་སློབ་གསོའི་བྱ་དགའ”དང“མཱ་ཡུན་དགེ་རྒན་འཆར་གཞི”གཉིས་ནི་དགེ་འོས་ཆེད་ལས་ཀྱི་དགེ་འོས་སློབ་མ་དང་སློབ་གྲྭར་ཡོད་པའི་དགེ་རྒན། འཐབ་ས་དང་པོའི་དགེ་རྒན། སློབ་སྤྱི་བཅས་རིགས་4ཡི་མི་ཚོགས་འཕེལ་རྒྱས་གཏོང་བར་རོགས་དངུལ་སྤྲོད་པ་དང་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་ཞིང་། བོད་ལྗོངས་ལ“ཉར་ཐུབ་པ”དང“ཡག་པོ་སློབ་ཐུབ་པ” “མདུན་ལམ་ཡོད་པའི”སློབ་གསོའི་ཤེས་ལྡན་མི་སྣ་གྲབས་གསོག་བྱ་རྒྱུ་ཡིན་པ་རེད།

    ཟླ་6ཚེས་26ཉིན་པར་བླངས་པའི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་མཱ་ཡུན་དགེ་རྒན་གསོ་སྐྱོང་ལྟེ་གནས་ཀྱི་རྨང་རྡོ་འདིང་བའི་མཛད་སྒོ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
    “ང་ཚོར་ལོ་བཅུའི་ནང་ལྷ་སའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་ཡོད་པའི་ཕུལ་བྱུང་དགེ་འོས་སློབ་མ་800ལ་རོགས་དངུལ་སྤྲོད་རྒྱུ་དང་། ལྷ་སའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དགེ་རྒན་100ནང་སའི་དགེ་འོས་སློབ་གླིང་དུ་རེས་སྐོར་གསོ་སྦྱོང་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་འཐབ་ས་དང་པོའི་དགེ་རྒན་1400དང་འཐབ་ས་དང་པོའི་སློབ་སྤྱི་1000ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ཀྱི་འཆར་གཞི་ཡོད”ཅེས་མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི། ལག་བསྟར་དྲུང་ཆེ་ཡུས་ཤིའུ་ཧུང་གིས་བརྗོད།
    བོད་ལྗོངས་འདི་ཉིད་མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་གྲོང་གསེབ་ཀྱི་སློབ་གསོའི་སྤྱི་ཕན་རྣམ་གྲངས་སྤེལ་བའི་དོ་ཁུར་བྱ་ཡུལ་གཙོ་བོ་ཡིན་པའི་ངོས་ནས་མིག་སྔར་ཁྱོན་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་13ལ“མཱ་ཡུན་གྲོང་གསེབ་དགེ་རྒན་གྱི་བྱ་དགའ”ཐོབ་པ་དང་གྲོང་གསེབ་ཀྱི་སློབ་སྤྱི་2“མཱ་ཡུན་གྲོང་གསེབ་སློབ་སྤྱིའི་འཆར་གཞིའི”ནང་བདམས་ཡོད། 2019ལོའི“མཱ་ཡུན་གྲོང་གསེབ་ཤེས་ལྡན་མི་སྣའི་འཆར་གཞིར”རེ་ཞུ་བྱེད་མཁན་ཁྱོན་མི་6428ཡོད་པ་དང་། དེའི་ཁྲོད་རེ་ཞུ་བྱེད་མཁན་མི་216བོད་ལྗོངས་ནས་ཡིན།

    ཟླ་6ཚེས་26ཉིན་པར་བླངས་པའི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་མཱ་ཡུན་དགེ་རྒན་གསོ་སྐྱོང་ལྟེ་གནས་ཀྱི་རྨང་རྡོ་འདིང་བའི་མཛད་སྒོ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
    “ང་ནི་བོད་ལྗོངས་ཀྱི་ས་བབ་མཐོ་བའི་གྲོང་གསེབ་ནས་ཡོང་བ་ཡིན། སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཕུལ་བྱུང་གི་སློབ་མ་གསོ་སྐྱོང་བྱ་རྒྱུ་ཡིན”ཞེས་2019ལོའི“མཱ་ཡུན་གྲོང་གསེབ་ཤེས་ལྡན་མི་སྣའི་འཆར་གཞིར”རེ་ཞུ་བྱེད་མཁན་ཚེ་རིང་དངོས་གྲུབ་ཀྱིས་བརྗོད།
    མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ནི་2014ལོར་བཙུགས་པ་དང་། སློབ་གསོ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ལ་གཙོ་གནད་དོ་ཁུར་བྱེད་ཅིང་། ད་བར་སྔ་རྗེས་སུ“མཱ་ཡུན་གྲོང་གསེབ་དགེ་རྒན་གྱི་འཆར་གཞི”དང་། “མཱ་ཡུན་གྲོང་གསེབ་སློབ་སྤྱིའི་འཆར་གཞི” “མཱ་ཡུན་གྲོང་གསེབ་དགེ་འོས་སློབ་མའི་འཆར་གཞི”བཅས་སྤེལ་ཏེ་འབྱུང་འགྱུར་གྱི་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད།
འབྲེལ་ཡོད་རྩོམ་ཡིག