ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བོད་ལྗོངས་སུ་འདི་འདྲའི་སྤྱི་ཕན་ལ་སྤྲོ་སེམས་ཆེ་བའི་སློབ་ཆེན་སློབ་མ་སྐོར་ཞིག་ཡོད།

2019-10-24 པདྨ་ཚེ་རིང་གིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གུང་གསེང་གི་སྐབས་སུ། སློབ་ཆེན་སློབ་མས་ཅི་ཞིག་གདམ་ནས་ལས་སྲིད་དམ། ཕྱི་རོལ་དུ་ཡུལ་སྐོར་ལ་འགྲོ་རྒྱུ་ཡིན་ནམ། ཡང་ན་ཁྱིམ་ནས་ཁྱིམ་ཚང་གི་དྲོ་སྐྱིད་ལོངས་སུ་སྤྱོད་རྒྱུ་ཡིན་ནམ། བོད་ལྗོངས་སུ་འདི་འདྲའི་སློབ་ཆེན་སློབ་མ་སྐོར་ཞིག་གིས་གུང་སེང་གཏོང་བའི་སྐབས་སུ་ཧུར་ཐག་གིས་སྤྱི་ཕན་བྱ་འགུལ་ནང་ཞུགས་ཏེ། སྨན་ཁང་དུ་ནད་པར་སྨན་བཅོས་བྱེད་རོགས་བྱེད་པ་དང་།  གྲོགས་པོ་ཆུང་ཆུང་ཚོར་སློབ་ཚན་གསབ་སྦྱོང་བྱེད་པ། རྒན་གསོ་ཁང་དུ་རྒན་པར་སྤྲོ་སྣང་སྦྱིན་པ་སོགས་བྱེད་ཀྱིན་ཡོད། སློབ་ཆེན་སློབ་མ་དེ་ཚོར་ཐུན་མོང་གི་མིང་ཞིག་ཡོད་ཅིང་། དེ་ལ“བོད་ལྗོངས་སྒྲོན་འོད”སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་རུ་ཁག་ཅེས་ཟེར།  

        “བོད་ལྗོངས་སྒྲོན་འོད”སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་རུ་ཁག་ལ་“TCསྤྱི་ཕན་མཐུན་ཚོགས”ཞེས་ཞིང་། དེ་2011ལོར་བཙུགས་པ་དང་། ཞབས་ཞུའི་རུ་ཁག་གི་ཁོངས་མི་ཚང་མ་ནི་ནང་ལོགས་ཀྱི་མཐོ་རིམ་སློབ་ཆེན་ཁག་ནས་ཡོང་བ་རེད། ལོ་འདི་དག་གི་རིང་ལ། སློབ་ཆེན་སློབ་མ་སྐོར་དང་སྐོར་བྱས་ནས་མཐར་ཕྱིན་པ་དང་བྱ་བ་བསྒྲུབས་པས། ཞབས་ཞུའི་རུ་ཁག་དང་ཁ་བྲལ་ནའང་། ཡང་སྤྱི་ཕན་ལ་སྤྲོ་སེམས་ཆེ་བའི་སློབ་ཆེན་སློབ་མ་གསར་པ་སྐོར་དང་སྐོར་བྱས་ནས་ཞབས་ཞུའི་རུ་ཁག་ཏུ་ཞུགས་པ་རེད། ཟུངས་ཤུགས་གསར་པ་རྒྱས་པ་དང་བསྟུན་ནས་བྱེད་སྒོའི་ཉམས་མྱོང་ཡང་རྒྱུན་ཆད་མེད་པར་བསགས་པས། ཚོགས་པ་དེ་ཉིད་རིམ་བཞིན་བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་སྤྱི་ཕན་ཚོགས་པའི་ཁྲོད་རྩེ་གྲས་ཚོགས་པར་གྱུར་ཡོད། 

        ཚོགས་མི་རྣམས་ཀྱི་ངོས་ནས་བརྗོད་ན། “བོད་ལྗོངས་སྒྲོན་འོད”ནི་དྲོད་འཇམ་ལྡན་པའི་ཁྱིམ་གཞིས་ཆེན་པོ་ཞིག་དང་འདྲ་ལ། ཁོངས་མི་ཚང་མས་གཞན་ལ་རོགས་རམ་དང་གཅེས་སྐྱོང་བྱེད་པར་བྲེལ་ཞིང་། ཚང་མས་ཐུན་མོང་གི་དམིགས་ཚད་ཅིག་གི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད།  TCསྤྱི་ཕན་ཚོགས་པའི་འགན་འཁུར་བ་ལྷག་པ་ཕུན་ཚོགས་ཀྱིས་གསར་འགོད་པར་“ང་ཚོས་སྐབས་དེ་དུས་མིང་འདི་འདོགས་པའི་དམིགས་ཡུལ་ནི། ང་ཚོའི་སྤྱི་ཕན་ཚོགས་པ་འདི་སྒྲོན་འོད་དང་འདྲ་བར། རོགས་རམ་དགོས་པའི་མི་ལ་དྲོད་སྐྱིད་སྦྱིན་པ་དང་། སྤྱི་ཚོགས་ལ་དྲོད་སྐྱིད་སྦྱིན་ནས། སྤྱི་ཚོགས་ཀྱི་དྲང་ནུས་མང་པོ་ཁ་གསབ་བྱེད་བསམ་པ་ཡིན”ཅེས་བཤད་པ་རེད།
        ཚོགས་པའི་སྟོབས་ཤུགས་རྒྱུན་ཆད་མེད་པའི་ཆེ་རུ་ཕྱིན་པ་དང་བསྟུན་ནས། TCསྤྱི་ཕན་མཐུན་ཚོགས་ཀྱིས་རྒན་བཀུར་ཁང་དང་། གཅེས་སེམས་ཁང་། ཁོར་ཡུག་སྲུང་སྐྱོང་ཁང་། པ་ཏྲ་ཁང་སོགས་ཡན་ལག་ཚོགས་པ་བཞི་བཙུགས་པ་དང་།  2016ལོར་ད་དུང་ལྷོ་ཁའི་ཡན་ལག་ཁང་བཙུགས་པ་མ་ཟད། གྲོང་ཁྱེར་(ས་ཁུལ་)གཞན་དག་གི་ཡན་ལག་ཁང་ཡང་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། 

        རྒྱུས་ལོན་བྱུང་བ་ལྟར་ན། TCསྤྱི་ཕན་ཚོགས་པའི་ཡན་ལག་ཚོགས་པ་ཚང་མས་དབྱར་དགུན་གྱི་གུང་གསེང་རིང་ཁོངས་མི་བསྡུས་ནས། འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་གྱིན་ཡོད་ཅིང་། ད་ལོའི་དབྱར་གནང་སྐབས་སུ་རྒན་བཀུར་ཁང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ“བརྩེ་སྦྱིན་སྨན་ཁྲིད”ཅེས་པའི་བྱེད་སྒོ་སྤེལ་ཏེ། སྨན་བཅོས་ལ་མཛུབ་སྟོན་དང་ལོ་ཙཱ་བྱེད་པའི་བྱ་བ་བསྒྲུབས། དེ་དང་ཆབས་ཅིག རང་འགུལ་གྱིས་གྲོང་མིར་རོགས་བྱས་ནས་་བཀག་ཤོག་ལེན་པ་དང་གྲོན་དངུལ་སྤྲོད་པའི་འཕྲུལ་འཁོར་སྤྱོད་རོགས་བྱེད་པ་དང་།  པ་ཏྲ་ཁང་གིས་གུང་གཞོན་ཚོགས་པས་གཙོ་གཉེར་བྱས་པའི“ལང་ཚོའི་སེམས་པ་ཏང་ལ་ཕྱོགས། ། དུས་རབས་གསར་པར་བྱས་རྗེས་འཇོག །”ཅེས་པའི་དབྱར་ཁའི་གུང་གསེང་གི་སློབ་གསེང་ཟུར་ཁྲིད་འཛིན་གྲྭའི་བྱེད་སྒོར་ཞུགས་ནས་བྱིས་པ་ཚོར་སློབ་ཚན་གསབ་སྦྱོང་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་ཁང་གིས་ཁོངས་མི་ཚོའི་སྣེ་ཁྲིད་དེ་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དགེ་འཕེལ་དབུ་རྩེའི་འདབས་སུ་གནས་པའི་འབྲས་སྤུངས་དགོན་གྱི་མཐའ་འཁོར་དུ་གད་སྙིགས་གཙང་སེལ་བྱས། གཅེས་སེམས་ཚོགས་པའི་ཁོངས་མི་ཚོས་རང་སྐྱོང་ལྗོངས་ཀྱི་ཕན་བདེའི་སློབ་གྲྭར་ཕྱིན་ཏེ། བྱིས་པ་ཚོར་བརྩེ་སེམས་སྦྱིན་ནས་གྲོགས་པོ་ཆུང་ཆུང་ཚོར་སེམས་གསོ་བཅས་བྱས་པ་རེད། སྤྱི་ཕན་བྱེད་སྒོ་ལས་གཞན།  TCསྤྱི་ཕན་མཐུན་ཚོགས་ཀྱིས་ད་དུང་ཁོངས་མི་བསྡུས་ནས་ས་ཡོམ་གནོད་སེལ་དང་། དྭ་ཕྲུག་གླིང་། དབུལ་པོའི་སློབ་གྲྭ་སོགས་ལ་ཞལ་འདེབས་སྒོར་35000ལྷག་ཙམ་དང་གྱོན་ཆས་1000ལྷག་ཕུལ་བ་རེད།

        TCསྤྱི་ཕན་མཐུན་ཚོགས་ཀྱི་མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས། ལྷག་པ་ཕུན་ཚོགས་ཀྱིས་“ལོ་ལྟར་དབྱར་དགུན་གྱི་གུང་གསེང་སྐབས་སུ། ང་ཚོས་སྤྱི་ཕན་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་གྱིན་ཡོད་མོད། འོན་ཀྱང་བྱེད་སྒོའི་རྣམ་པ་ཅུང་བརྟན་པོ་ཡོད་པས་གསར་གཏོད་གང་ཡང་མེད། སླད་ཕྱིན་ང་ཚོས་བྱེད་སྒོའི་རྣམ་པ་གསར་གཏོད་བྱེད་པའི་ཕྱོགས་ལ་བློ་རྩེ་གཏད་དེ། མིག་སྔའི་སྤྱི་ཚོགས་ཀྱི་འབུར་དུ་ཐོན་པའི་གནད་དོན་ལ་གཞིགས་ནས་རྣམ་པ་གསར་པའི་སྤྱི་ཕན་བྱ་འགུལ་སྤེལ་རྒྱུ་ཡིན་ལ། སྔར་ལས་མང་བའི་སློབ་ཆེན་སློབ་མ་དག་གི་སེམས་པ་བཀུག་ནས་ང་ཚོའི་ཚོགས་པའི་ནང་ཞུགས་ཏེ། རོགས་རམ་དགོས་པའི་མི་དེ་དག་ལ་རོགས་རམ་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕ་ཡུལ་གྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།
 
འབྲེལ་ཡོད་རྩོམ་ཡིག