ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དབྱིན་ཇིའི་སློབ་ཁང་གི་སློབ་ཁྲིད་བྱེད་སྟངས་སྐོར་གླེང་བ།

2020-08-26 ནག་ཀྱཱ་ཤ་བོ་ཚེ་རིང་།
             [ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིར་དབྱིན་ཇིའི་སློབ་གསོར་ཡུལ་དངོས་རྟོག་དཔྱོད་བྱས་པའི་གནས་ཚུལ་དངོས་ལ་གཞིགས་ཏེ།  དབྱིན་ཇིའི་སློབ་ཁང་གི་སློབ་ཁྲིད་ཁྲོད་ཕྱིའི་རིག་གནས་བསྡུ་ལེན་དང་སློབ་ཁྲིད་བཀོད་སྒྲིག སློབ་ཁྲིད་བྱེད་སྟངས་དང་སློབ་གསོའི་དམིགས་འབེན། བྱ་འགུལ་སྤེལ་ཚུལ། སློབ་ཁྲིད་ཀྱི་བྱེད་ནུས་བཅས་ཀྱི་ཁྱད་ཆོས་དང་གནས་བབ་ལས་འཕྲོས་ཏེ། ཡོ་རོབ་གླིང་གི་དབྱིན་ཀི་ལན་རྒྱལ་ཁབ་ཀྱི་སློབ་གསོ་སྒྲུབ་སྟངས་ལ་དཔྱད་ཞིབ་མཛད་ཡོད།
              [གནད་ཚིག] ཤེས་རིག་བསྡུ་ལེན།  དངོས་ཐོག་བདེན་འཚོལ།  བསླབ་གཞི་སྒྲིག་འཛུགས།  མིའི་ནུས་པ་སྔོག་འདོན།
             སྤྱིར་བཏང་དུ་རྒྱལ་ཁབ་དང་ས་གནས་གང་འདྲ་ཞིག་ལ་ཁ་གཏད་དེ་བརྗོད་ནའང་།  རང་ཉིད་ཀྱིས་གཉེར་བཞིན་པའི་སློབ་གསོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངའ་བ་ནི་རྩོད་མེད་ཡིན་ལ།  ལྷག་དོན་སློབ་གསོའི་ལས་དོན་ལ་བརྟེན་ནས་རང་ཉིད་ཀྱི་ས་གནས་དང་མི་རིགས།  རྒྱལ་ཁབ།  ཐ་ན་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་ལ་རྔོ་ཆེན་པོ་ཐོགས་གཏུབས་པའི་འཇོན་མི་རབ་དང་རིམ་པ་ཞིག་ཀྱང་སྐྱེད་སྲིང་ལེགས་པོ་བྱས་དང་བྱེད་བཞིན་ཡོད་པ་རེད། 
             ང་ཚོའི་ཕ་མེས་གོང་མ་རྣམས་ཀྱིས་ཀྱང་གདོད་མའི་དུས་ནས་སློབ་གསོ་ལ་བརྟེན་ནས་མིའི་རིགས་ལ་མཛད་རྗེས་བགྲང་གིས་མི་ལང་བ་ཞིག་ཉམས་སུ་བསྟར་ཡོད་པར་མ་ཟད། ད་ལྟའི་བར་དུ་རང་རེའི་མི་རིགས་ལ་མཚོན་ནའང་།  ས་ཡི་གོ་ལའི་སྟེང་དུ་གཟི་དཔལ་འབར་བའི་ཤེས་རིག་གི་གཟབ་འཆོར་ངོ་མཚར་པ་སྤྲས་ཏེ།  བོད་ཅེས་པའི་མི་རིགས་འདི་ཉིད་འཛམ་གླིང་དུ་རྟག་བརྟན་ཡུན་གནས་བྱས་ཡོད། 
             དེ་ལྟ་ནའང་མི་རིགས་ཀྱི་སློབ་གསོ་ཡར་རྒྱས་གོང་འཕེལ་དུ་གཏང་དགོས་རྒྱུ་ནི་ཆེས་གལ་ཆེ་ལ།  རང་ཆེ་རང་རློམ་གྱི་ལྟ་བ་མཁྲེགས་པོས་གར་ཡང་ཕྱིན་མི་ནུས་པས།  ཕྱིའི་རྒྱལ་ཁབ་དང་ཡུལ་གྲུ་ཁག་གི་སྔོན་ཐོན་གྱི་སློབ་གསོ་ལ་སློབ་སྦྱོང་དང་དེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོའི་རྣམ་པ་འགོར་འགྱངས་དང་ལྷོད་གཡེང་མེད་པར་བསྡུ་ལེན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མ་ཟད།  ལྷག་དོན་རང་རེའི་ཡབ་མེས་དག་གིས་ཀྱང་སྔོན་གྱི་དུས་རྒྱ་དཀར་ནག་དང་ཕྱིའི་ཡུལ་ཆེན་དག་གི་སྔོན་ཐོན་གྱི་ཚན་རྩལ་རིག་གནས་ལ་སྦྱངས་བརྩོན་བགྱིས་ནས་གཞན་ལ་ངོམས་རིན་ཡོད་པའི་ཤེས་རིག་གི་རྩ་བ་འདི་ཉིད་འཛམ་པོ་གླིང་འདིར་ཚུགས་ཐུབ་ཡུན་གནས་བྱས་པ་དང་། སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་བླ་ལྷག་ཏུ་མྱུར་བའི་དུས་རབས་གསར་པའི་དུས་སུའང་།  གཞན་རིགས་ཀྱིས་རང་རེའི་སྲིད་ན་དཀོན་པའི་ཤེས་རིག་ལ་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད།  
             དེའི་ཕྱིར་རང་རེ་རྣམས་ཀྱིས་ཀྱང་མི་རིགས་རང་གི་རིག་གནས་ལ་སྲུང་སྐྱོབ་དང་མི་རིགས་གཞན་གྱི་ཤེས་རིག་ལ་སློབ་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བས།  2012ལོར་ཁོ་བོ་དངོས་སུ་ཡོ་རོབ་གླིང་གི་འབྱོར་ལྡན་རྒྱལ་ཁབ་དབྱིན་ཀི་ལན་དུ་སློབ་འགྲིམས་སུ་བསྐྱོད་ནས་དེ་གའི་སློབ་གསོར་ཉམས་ཞིབ་དང་ཆེད་གཉེར་བགྱིས་པས།  འདིར་དབྱིན་ཇིའི་དགེ་མཚན་ལྡན་པའི་སློབ་ཁང་གི་སློབ་ཁྲིད་བྱེད་སྟངས་སྐོར་རང་བློས་དཔག་ཚོད་ཀྱིས་བརྗོད་པར་བྱའོ།  
             དང་པོ།  ཐུན་མོང་མ་ཡིན་པའི་རིག་གནས་བསྡུ་ལེན་གྱི་ཁོར་ཡུག་བསྐྲུན་པ། 
             སྤྱིར་སློབ་གསོ་བྱ་བའི་གཙོ་གནད་ནི་སློབ་གྲྭའི་སློབ་གསོར་རག་ལས་ལ།  སློབ་གྲྭའི་སློབ་གསོའི་དཀྱིལ་སྙིང་དང་ལྟེ་བ་ལྟ་བུ་ནི་སློབ་ཁང་གི་སློབ་ཁྲིད་སྤུས་ཀ་བཟང་ངན་ལ་དངོས་སུ་འཕྲད་ཡོད།  དེའི་ཕྱིར་སློབ་ཁང་གི་སློབ་ཁྲིད་ཀྱིས་སློབ་གསོ་དང་སློབ་གྲྭ།  སློབ་མ་བཟང་ངན་གྱི་ལས་འདི་ཉིད་ལ་ཐད་ཀར་དུ་ཁྲུན་ཐག་གཅོད་ཀྱིན་ཡོད་པས།  སློབ་ཁང་གི་སློབ་ཁྲིད་བྱ་བ་ཡར་རྒྱས་དང་འཐུས་ཚང་དུ་གཏོང་རྒྱུ་ནི་གལ་ཆེ་བས།   དབྱིན་ཀི་ལན་གྱི་སློབ་ཁང་གི་སློབ་ཁྲིད་ལ་ཆ་མཚོན་ན།  རང་ངོས་ན་ཁྱད་ཆོས་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་ནའང་། དགེ་རྒན་དང་སློབ་མ་རྣམས་ལ་ས་གནས་སྲིད་གཞུང་དང་སློབ་གྲྭས་འཛམ་གླིང་གི་ཐུན་མོང་མ་ཡིན་པའི་ཤེས་རིག་བསྡུ་ལེན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཅི་ཐུབ་བྱེད་བཞིན་ཡོད་པ་ནི་ཁོ་ཚོའི་སློབ་གསོའི་ཁྱད་ཆོས་ཤིག་རེད། 
དྲ་རྒྱའི་ནུས་པ་ལ་བརྟེན་ནས་དགེ་སློབ་རྣམས་ཀྱིས་དུས་ལྟར་བརྡ་འཕྲིན་དང་ཤེས་རིག་གསར་པ་སྡུད་ལེན་བྱེད་པར་བརྩོན་ཤུགས་ཕུལ་བས།  གློག་ཀླད་དྲ་རྒྱའི་བེད་སྤྱོད་པ་ནི་གྲོང་ཁྱེར་དང་ཞིང་གྲོང་གི་སློབ་གྲྭ(ཐ་ན་སློབ་ཆུང་གི་གྲ་སྒྲིག་འཛིན་གྲྭ)དང་ཁྱིམ་ཚང་ག་འདྲ་ཞིག་ལགས་ཀྱང་མེད་དུ་མི་རུང་བའི་འཚོ་བ་དང་སློབ་གསོའི་གྲུབ་ཆར་གྱུར་ཡོད། 
             སློབ་ཁྲིད་དངོས་ཀྱི་ཁྲོད་དགེ་རྒན་གྱིས་དྲ་རྒྱ་ལ་བརྟེན་ནས་སློབ་ཁྲིད་གནང་བཞིན་མཆིས་ལ། གལ་ཏེ་དགེ་སློབ་གཉིས་ཀས་སློབ་ཁྲིད་ཐད་ལ་གནས་པའི་དཀའ་ངལ་དང་དགོས་མཁོ་དུས་ལྟར་དྲ་རྒྱ་ལས་ཐད་ཀར་སྔོག་འདོན་བྱས་ཆོག  དབྱིན་ཇིའིBBCསོགས་དྲ་རྒྱའི་བརྒྱུད་ལམ་གྱི་སློབ་གསོའི་མ་ལག་ཏུ་མི་འདུས་པ་དང་མི་གནས་པའི་སློབ་གསོའི་གནས་སྟངས་ཤིག་རྩ་བ་ནས་འབྱུང་ཐབས་མེད་ལ། དེ་དག་གི་དྲ་རྒྱའི་བརྒྱུད་ལམ་གྱི་སློབ་གསོ་ནི་ང་རང་ཚོ་ཧ་ལས་པ་དང་ཧང་སངས་དགོས་པ་ཤ་སྟག་ཏུ་འདུག 
             དྲ་རྒྱ་སྤྱི་ཁྱབ་ཏུ་སྤྱད་པས་ཕྱོགས་གཅིག་ནས་སློབ་ཁྲིད་ཀྱི་ནུས་པ་སྣ་འཛོམས་ཅན་དུ་ཆགས་ལ།  ཡང་ཕྱོགས་གཞན་ཞིག་ནས་ཤེས་བྱ་བརྒྱུད་སྤྲོད་ཀྱི་ཐབས་ལམ་འཐུས་ཚང་།  སློབ་མའི་སློབ་སྦྱོང་གི་འདུན་པ་ཇེ་ཟབ།  རང་རྟོགས་སྒོས་བསམ་གཞིག་དང་ལག་ལེན་བརྒྱུད་ནས་མིའི་ནུས་པ་སྔོག་འདོན་གང་ལེགས་བྱེད་ཀྱིན་ཡོད།  གལ་ཏེ་སློབ་མ་ཞིག་ཡིན་ནའང་སློབ་ཁྲིད་དང་སློབ་སྦྱོང་།  ལས་བྱ།  ཐ་ན་ཆེས་སྤྱིར་བཏང་གི་འཚོ་བའི་དཀའ་རྙོག་ཆུང་ངུ་ཞིག་ལ་འཕྲད་ཀྱང་ཐད་ཀར་དུ་རང་ཉིད་ཀྱི་དཀའ་ངལ་དེ་དྲ་རྒྱ་ལ་བརྟེན་ནས་འཕྲད་མར་ཐག་བཅོད་བྱེད་ཀྱིན་འདུག
             སློབ་གྲྭས་དགེ་སློབ་རྣམས་དུས་ལྟར་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རིག་གནས་དང་ཤེས་རིག་གསར་པ་སློབ་སྦྱོང་ཐད་ལ་མངགས་གཏོང་གནང་བཞིན་ཡོད་པར་མ་ཟད།  རྒྱལ་ཁབ་དང་མི་རིགས་གཞན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་རིག་སློབ་སྦྱོང་གི་གོ་སྐབས་ལེགས་པོ་ཞིག་དགེ་རྒན་དང་སློབ་མ་ཡོངས་ལ་སྩོལ་ཀྱིན་ཡོད་ལ།  ཤེས་རིག་དེ་ནི་རིག་གཞུང་ཁོ་ན་ཙམ་མ་ཡིན་པར་དངོས་གནས་ཡངས་ཤིང་རྒྱ་ཆེ། 
             སློབ་གྲྭའི་སློབ་ཁྲིད་བཀོད་སྒྲིག་གི་ཐད་ནས་ང་ཚོ་དང་འདྲ་པོ་ཡོད་ནའང་།  ཁོ་རང་ཚོའི་སློབ་ཁང་གི་སློབ་ཁྲིད་ནི་དངོས་ཐོག་བདེན་འཚོལ་སྒོས་སློབ་མ་དང་སྤྱི་ཚོགས་ཀྱི་དགོས་མཁོ་དངོས་དེ་སྐོང་བར་བརྩོན་ལེན་ངོས་གཙང་ཞིག་གནང་བཞིན་ཡདོ་ལ།  ལྷག་དོན་སློབ་ཁང་གི་སླབོ་ཁྲིད་དེ་སློབ་མ་རང་ངོས་ནས་ཤེས་རིག་སྡུད་ལེན་བྱེད་སའི་ཁོར་ཡུག་བྱེད་ནུས་ཅན་དུ་སྒྱུར་བཞིན་མཆིས་ཏེ།  དཔེར་ན།  སློབ་འབྲིང་གི་སློབ་མ་རྣམས་ལ་བཀོད་སྒྲིག་བྱས་པའི་ཧྥ་རན་སའི་སྐད་དང་སི་ཕན་ནའི་སྐད།  འཇར་མན་གྱི་སྐད་ལྟ་བུ་ལ་ཆ་མཚོན་ནའང་།  དགེ་རྒན་ནི་ས་གནས་དེ་ག་ནས་སྐད་དང་ཡི་གེ་ཆེད་གཉེར་གནང་མཁན་དང་ཡང་ན་ས་གནས་དང་རྒྱལ་ཁབ་དེའི་ཆེད་གཉེར་དགེ་རྒན་གཏན་འབེབས་ཀྱིས་སློབ་ཁྲིད་བྱེད་ཀྱིན་ཡོད་ལ།  སློབ་ཁྲིད་ཀྱང་ས་གནས་ཀྱི་རིག་གནས་དང་སྐད་ཡིག་གི་དོན་དངོས་དང་འབྲེལ་ནས་བྱེད་ཀྱིན་ཡོད། 
             སློབ་ཁྲིད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་ཤིང་སློབ་མ་རྣམས་གུང་གསེང་གི་དུས་སུ་ས་གནས་དང་རྒྱལ་ཁབ་དེ་ཉིད་ལ་དངོས་སུ་ཁྲིད་ནས་ཤེས་རིག་དང་འཚོ་བ།  ཁོར་ཡུག  སྐད་ཡིག་གི་བེད་སྤྱོད་ཐད་ཀྱི་གོ་སྐབས་སྩོལ་ཀྱིན་མཆིས་ལ།  ས་གནས་དང་རྒྱལ་ཁབ་གཞན་གྱི་སློབ་གྲྭ་ལ་འབྲེལ་ལམ་བརྒྱུད་ནས་ཕན་ཚུན་འགྲོ་འོང་སྒོས་སློབ་སྦྱོང་གི་ཁོར་ཡུག་བླ་ན་མ་མཆིས་པ་སྐྲུན་བཞིན་ཡོད་ལ།  ཐ་ན་ས་གནས་དང་རྒྱལ་ཁབ་ཁག་གི་རིག་གནས་ཀྱི་ཁྱབ་ཁོངས་སོ་སོ་ནས་ཉམས་མྱོང་དང་ལེགས་ཆ་སྡུད་ལེན་བགྱིད་བཞིན་ཡོད་དེ།  2012ལོའི་ཟླ3ཚེས23ཉིན་ང་རང་དབྱིན་ཀི་ལན་གྱི་སློབ་ཆེན་གྱི་གྲ་སྒྲིག་འཛིན་གྲྭ་དང་མཐོ་འབྲིང་།  སློབ་འབྲིང་བཅས་མཉམ་བསྲེས་བགྱིས་པའི་ལའེ་ཐའོ་ཧེ་ཟི་སློབ་གྲྭ་རུ་སློབ་གསོ་ཉམས་ཞིབ་ཏུ་བསྐྱོད་ནས་དེ་གའི་སློབ་མ་རྣམས་ལ་བོད་ཀྱི་རིག་གནས་ངོ་སྤྲོད་ཀྱི་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ཐུན་གཅིག་བྱས་པ་དང་། སློབ་མ་རྣམས་བོད་ཀྱི་རིག་གནས་ལ་ཤིན་ཏུ་དགའ་བོ་ཡོད་པར་མ་ཟད། བོད་ཀྱི་གནས་སྟངས་ཀྱང་ཚང་མས་ཆ་ཙམ་རྟོགས་ཀྱིན་འདུག  ལྷག་པར་དུ་ངས་ཉིན་དེར་བོད་ལྭ་གྱོན་ནས་སློབ་ཁྲིད་བྱས་པས།  སློབ་གཙོ་དང་དགེ་རྒན།  སློབ་མ་རྣམས་ཀྱིས་དངོས་གནས་དགའ་བསུ་དང་དང་ལེན་བཟང་པོ་བྱས་བྱུང་། 
             ཕྱི་ཉིན་ང་ཚོའི་ཟས་རིགས་གཡོས་སྦྱོར་སྐོར་གྱི་སློབ་ཁྲིད་ཅིག་ཀྱང་སློབ་གྲྭས་བཀོད་སྒྲིག་ལྟར་བྱས་པ་ཡིན།  ཟས་རིགས་ཀྱི་སློབ་ཁྲིད་ནི་ཆུ་ཚོད་ལས་སྟངས་ཡིན།  སློབ་གྲྭ་ལ་ཟས་རིགས་གཡོས་སྦྱོར་སྐོར་གྱི་འཆད་ཁྲིད་བྱེད་སའི་གསོལ་ཚིགས་ཁང་ཆེན་པོ་ཞིག་འདུག  དེ་རུ་ས་གནས་དང་རྒྱལ་ཁབ་གང་གི་ཟས་རིགས་གཡོས་སྦྱོར་གྱི་སློབ་ཁྲིད་གང་འདྲ་ཞིག་བྱས་ཀྱང་།  དེང་རབས་ཀྱི་གློག་ཆས་དང་སྤྱིར་བཏང་གི་ཉེར་མཁོའི་ཅ་ལག་དངོས་གནས་འཛོམས་པོ་འདུག  ང་ཚོ་ས་གནས་རང་དུའང་རང་གི་ཟས་རིགས་གཡོས་སྦྱོར་ལ་མཁོ་བའི་ཅ་ལག་ཁོ་རང་ཚོས་བསྒྲིགས་པ་དེ་འདྲ་ཆ་ཚང་ཞིག་མིན།   
             ཉིན་དེའི་སྔ་དྲོ་དང་ཕྱི་དྲོ་གཉིས་ཀར།  ང་ཚོས་ཁྱོན་བསྡོམས་འཛིན་གྲྭ་གཉིས་ལ་ཆུ་ཚོད་ཟས་རིགས་ལ་མཁོ་བའི་ཚོད་མ་འདེམས་སྟངས་དང་ཚོད་མ་གཙབ་ཚུལ།  ཚྭ་དང་བྲོ་རྫས་བསྲེས་ཚུལ།  ཕྱེ་བསྙལ་སྟངས།  ཕྱེ་ལེབ་བརྡལ་སྟངས།  ཆུ་ཚོད་ལས་ཚུལ་ལ་སློབ་མ་རྣམས་དངོས་སུ་ཞུགས་ནས་ལས་པ་དང་།  ཆུ་ཚོད་དེ་ཆུ་ཁོལ་དུ་བཙོ་ཚུལ་དང་སླ་ང་རུ་སྲེག་སྟངས།  གཞན་ཡང་རླངས་བཙོས་བྱེད་སྟངས་བཅས་ཆུ་ཚོད་རིགས་གསུམ་དུ་བགར་ནས་ལས་པ་དང་།  སློབ་མ་དང་དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱིས་ལས་པའི་ཀྲུང་གོའི་ཆུ་ཚོད་ལ་དངོས་སུ་རོ་མྱོང་བྱས་པ་དང་།  ཆུ་ཚོད་ལས་པའི་སློབ་ཁྲིད་ལ་སློབ་མ་རང་ཉིད་དངོས་སུ་ཞུགས་པས་ལས་སྟངས་དེ་ཕལ་ཆེར་རྟོགས་ཡོད་པ་རེད། 
             འདི་ནི་ཁོ་རང་ཚོས་སློབ་མ་དང་དགེ་རྒན་རྣམས་ལ་འཛམ་གླིང་གི་ས་གནས་དང་མི་རིགས།  རྒྱལ་ཁབ་ཁག་གི་ཐུན་མོང་མ་ཡིན་པའི་རིག་གནས་སྡུད་ལེན་བྱེད་པའི་ཐབས་ཤེས་དང་སློབ་གསོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།   
             2012ལོའི་ཟླ3ཚེས24ཉིན།  ལོ་ན་ཉེར་གསུམ་ལ་སོན་མ་ཐག་པའི་ན་གཞོན་བུད་མེད་དགེ་རྒན་ཞིག་ཆེད་དུ་ང་ཚོའི་སློབ་གསོ་བགྲོ་གླེང་གི་གནས་ཚུལ་འགོད་མཁན་དུ་བསྐོས་པར་མ་ཟད། ཕྱིས་སུ་མོས་བརྗོད་དོན། ཟླ་རྗེས་མའི་ནང་མོ་རང་ཀྲུང་གོར་ཚོང་ལས་སློབ་གཉེར་དུ་འགྲོ་དགོས་ཚུལ་བསྙད་བྱུང་། སྐབས་དེར་ང་ཚོས་ཀྱང་ཁོ་མོར་ཀྲུང་གོའི་རིག་གནས་དང་ལྗོངས་རྒྱུའི་ས་གནས། ཟས་རིགས་གང་དག་ལ་སྐད་གྲགས་ཡོད་པ་ངོ་སྤྲོད་མདོར་བསྡུས་ཤིག་དངོས་སམ་བརྒྱུད་དེ་བྱས་པ་ཡིན། ཁོ་ཚོས་བུད་མེད་དགེ་རྒན་འདི་བཀོད་བསྒྲིགས་བགྱིས་པ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་རེད།  
             གཞན་ཡང་དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དང་རྒྱལ་ཁབ་ཀྱི་གླིང་ག་སོགས་སུ་དགེ་རྒན་གྱིས་སྣེ་ཁྲིད་འོག  སློབ་མའི་ཚོགས་ཁག་མང་པོ་ལྗོངས་རྒྱུ་རུ་འོང་བ་དེ་དག་ནི་མི་གསུམ་དང་ལྔ་ཡས་མས་ཀྱིས་གྲུབ་ཅིང་ལ་ལས་རི་མོ་འབྲི་བ་དང་ལ་ལས་དགེ་རྒན་གྱིས་བཏོན་པའི་རེ་འདུན་ལྟར་རེའུ་མིག་ཏུ་རྟོག་དཔྱོད་ཀྱི་གནས་ཚུལ་འགོད་པ། ལོ་རྒྱུས་སློབ་ཁྲིད་ལྟ་བུ་ལ་ཏ་དབྱིན་དངོས་མང་བཤམས་སྟོན་ཁང་དང་ལོན་ཏོན་དངོས་མང་བཤམས་སྟོན་ཁང་སོགས་ལ་བུ་སློབ་རྣམས་ཁྲིད་ནས་རང་གི་ཕ་མེས་དང་འཛམ་གླིང་གི་ལོ་རྒྱུས་སྟེང་གི་ཤུལ་དངོས་རྩ་ཆེན་དག་དངོས་སུ་ངོ་སྤྲོད་གནང་བ་དང་། ཚན་རིག་གི་སློབ་ཁྲིད་སྐབས་ཀྱང་དབྱིན་ཀི་ལན་གྱི་ཚན་རིག་དངོས་མང་བཤམས་སྟོན་ཁང་སོགས་སུ་དངོས་སུ་འགྲོ་བ་དང་།  སྐྱེ་དངོས་སོགས་ཀྱང་རྒྱལ་ཁབ་རིམ་པའི་སྐྱེ་དངོས་བཤམས་སྟོན་ཁང་དང་རྒྱལ་ཁབ་སྤྱི་གླིང་།  གདོད་མའི་ནགས་ཚལ་སོགས་སུ་ཁྲིད་ནས་སློབ་མར་ལག་ལེན་དངོས་ཀྱི་ཁྲོད་ཤེས་རིག་སློབ་གསོ་མྱོང་དུ་འཇུག 
             གཞན་ཡང་དེང་རབས་ཀྱི་བརྡ་འཕྲིན་དང་བརྙན་ལམ་བརྒྱུད་ནས་དགེ་རྒན་དང་སློབ་མ་རྣམས་ལ་འཛམ་གླིང་གི་རིག་གནས་སྣ་ཚོགས་སྡུད་ལེན་བྱེད་སའི་ངེས་དོན་གྱི་ཁོར་ཡུག་ཅི་ནུས་སྒོས་སྐྲུན་ཀྱིན་ཡོད་ལ།  ལྷག་པར་དུ་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་རྒྱལ་ཁབ་ཕྱིའི་སློབ་གྲྭ་དང་དགེ་རྒན།  སློབ་མ་ནང་འདྲེན་དང་དེ་དག་ལ་ཉམས་མྱོང་བརྗེ་རེས་བྱེད་དུ་འཇུག་པ་དང་།  རང་གི་དགེ་རྒན་དང་སློབ་མ་རྣམས་ས་གནས་དང་མི་རིགས།  རྒྱལ་ཁབ་གཞན་ལ་དངོས་སུ་སོང་ནས་སྐད་དང་རིག་གནས་སློབ་སྦྱོང་གི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དེ་སྲིད་གཞུང་དང་མི་སྒེར།  སློབ་གྲྭ།  དགེ་རྒན་བཅས་ཀྱིས་རང་ནུས་ཡོད་རྒུ་བཏོན་ནས་མཁོ་སྤྲོད་བྱེད་ཀྱིན་ཡོད། 
             འདི་ནི་དབྱིན་ཀི་ལན་གྱིས་སློབ་མ་རྣམས་ལ་འཛམ་གླིང་རིག་གནས་སྡུད་ལེན་གྱི་ཁོར་ཡུག་བསྐྲུན་པའི་མཆོག་གྱུར་གྱི་སློབ་གསོའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ།  དབྱིན་ཀི་ལན་གྱི་སློབ་མས་སློབ་གསོ་བཟང་པོ་ཞིག་མྱོང་སླད་སྣ་སྒོ་འཛོམས་ཤིང་བྱེད་ནུས་ཆེ་བ།  བསམ་གཞིག་དང་ལག་ལེན་བྱེད་སའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་དུས་དང་རྣམ་པ་ཀུན་ཏུ་སྐྲུན་ཀྱིན་ཡོད།
             གཉིས་པ། དགེ་རྒན་གྱི་སློབ་ཁྲིད་དེ་དོན་དངོས་དང་འབྲེལ་ཀྱིན་ཡོད། 
             སློབ་གསོ་བྱ་བའི་གནད་ས་ནི་མི་ཡིན་ལ།  མི་གཙོ་བོར་དམིགས་ནས་སློབ་གསོ་གཏོང་དགོས་པ་དང་།  སློབ་གསོ་ནི་སློབ་མའི་དོན་དངོས་དང་ཁ་མི་འབྲལ་བར་གཏོང་བ་ནི་ཡོ་རོབ་གླིང་གི་ཤེས་རིག་གི་སྒེའུ་ཁུང་སྟེ་དབྱིན་ཀི་ལན་གྱི་སློབ་གསོ་རྒྱལ་ཁའི་ལམ་དུ་བསྐྱོད་པའི་རྒྱུ་རྐྱེན་ཆེས་གཙོ་ཤོས་ཤིག་རེད། 
             སློབ་གསོ་ནི་མཐར་གཏུགས་ན།  མི་རྣམས་ལེགས་ལམ་དུ་སྐྱེད་སྲིང་བགྱིད་བྱེད་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བྱེད་ཅིག་ལ་དམིགས་བཙུགས་པ་ཞིག་ཡིན་པ་ལས་ཨ་མཚར་ཅན་གྱི་གནས་ཤིག་གཏན་ནས་མེད་པས།  སློབ་གསོ་བྱ་བ་དེ་འདྲའི་རྒྱལ་ཁའི་འགྲོ་ལམ་དུ་བདེ་བླག་ངང་བསྐྱོད་དགོས་ན།  སློབ་མའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་དང་གནད་དོན་དེ་དག་ལམ་སེང་ཐག་གཅོད་བྱ་རྒྱུ་དེ་ནི་ཆེས་གལ་ཆེ་བར་སེམས། 
             དབྱིན་ཀི་ལན་གྱི་སློབ་གསོའི་དམིགས་འབེན་ཉག་གཅིག་ནི་སློབ་མ་རེ་རེར་བལྟོས་བཅས་སྒོས་འཚར་ལོངས་འབྱུང་རྒྱུ་དེ་རེད། དེར་བརྟེན་རྒྱལ་ཁབ་འདི་ཉིད་ཀྱིས་རྒྱལ་ཡོངས་སློབ་ཁྲིད་གཅིག་གྱུར་ཚད་ལྡན་རྩ་གནད་ཅིག་གཏན་འབེབས་ངོས་གཙང་གནང་ཡོད་པས།  སློབ་གྲྭ་སོ་སོས་སློབ་གསོའི་རྩ་གནད་ལྟར་རང་ཉིད་ཀྱིས་སློབ་ཁྲིད་བགྱི་དགོས་པ་ལས། ང་ཚོ་བཞིན་སློབ་གྲྭ་སོ་སོའི་བསླབ་དེབ་གཅིག་གྱུར་དང་ཡང་ན་ཐུན་མོང་དུ་སྤྱོད་བཞིན་པ་ཞིག་གཏན་ནས་མིན།  སློབ་གྲྭ་སོ་སོས་རང་ཉིད་ཀྱི་བསླབ་དེབ་བསྒྱུར་སྒྲིག་བྱེད་ཀྱིན་ཡོད་ལ། ཐ་ན་སློབ་གྲྭ་གཅིག་གི་འཛིན་གྲྭ་སོ་སོར་སྤྱོད་བཞིན་པའི་བསླབ་དེབ་ཀྱང་མི་གཅིག། དེ་ནི་ཁོ་ཚོའི་སློབ་གསོ་ནི་དོན་དངོས་དང་ཁ་འབྲལ་ཀྱིན་མེད་པའི་སྣང་ཚུལ་ཞིག་ཡིན་པ་ལས་ང་རང་ཚོ་ཧ་ལས་ཧང་སངས་དགོས་པ་ཞིག་གཏན་ནས་མེད། 
             འདི་ལྟར་བགྱི་དགོས་པའི་རྩ་བ་ནི་སློབ་གྲྭ་དང་དགེ་རྒན་གྱིས་རང་ཉིད་ཀྱི་སློབ་མའི་དངོས་ཡོད་གནས་ཚུལ་དངོས་ལ་གཞིགས་ནས་བསླབ་དེབ་བསྒྱུར་སྒྲིག་བྱེད་པ་ལས་ང་ཚོ་ནང་བཞིན་རྟ་རྒོད་སྒྲོག་ཏུ་བརྒྱབ་པ་ལྟ་བུའི་བསླབ་དེབ་གཅིག་སྤྱོད་བཞིན་པ་ཞིག་གཏན་ནས་མིན། 
             བསླབ་དེབ་ཀྱང་དགེ་རྒན་གྱིས་སློབ་སྐབས་སོ་སོའི་སློབ་མགོ་བརྩམས་རྗེས།  བསླབ་དེབ་ཀྱི་བླང་བྱ་དང་རེ་འདུན་ལྟར།  སློབ་སྐབས་རྗེས་མའི་བསླབ་བྱའི་འཆར་བཀོད་བཟོ་དགོས་ལ།  དེ་ནི་འབྲེལ་ཡོད་སློབ་གཙོ་དང་ཆེད་ལས་དགེ་རྒན་ཚན་ཆུང་གི་མགོ་འཛིན་པས་ཆོག་མཆན་ཐོབ་རྗེས།  ད་གཟོད་དགེ་རྒན་རང་ཉིད་ཀྱིས་ལག་བསྟར་བྱེད་ཆོག  འོན་ཀྱང་སློབ་གྲྭ་སོ་སོ་དང་འཛིན་གྲྭ་སོ་སོས་གཅིག་གྱུར་གྱི་བསླབ་དེབ་བེད་སྤྱོད་གཏོང་བ་ཤིན་ཏུ་ཉུང་ལ། རང་ཉིད་ཀྱིས་བསླབ་དེབ་ཀྱི་རེ་འདུན་ལ་རྒྱུས་ལོན་དང་བློ་རྩེ་གཅིག་སྒྲིམ་གྱིས་བསླབ་དེབ་བེད་སྤྱོད་ཀྱི་རྒྱུ་ཆ་འཐུས་སྒོ་ཚང་བ་ཞིག་བསྒྲིག་དགོས།   དཔེར་ན་འབྲེལ་ཡོད་ཚགས་པར་དང་དུས་དེབ།  དྲ་རྒྱ།  བརྙན་འཕྲིན་སོགས་ནི་དགེ་རྒན་གྱི་དཔྱད་གཞི་རྒྱུ་ཆའི་འབྱུང་ཁུངས་གཙོ་བོ་ཡིན།  
             དགེ་རྒན་གྱིས་རང་ཉིད་ཀྱི་སློབ་མའི་གནས་སྟངས་དངོས་ལ་གཞིགས་ནས་བསླབ་དེབ་བསྒྱུར་སྒྲིག་དང་བསླབ་དེབ་ཀྱི་བརྗོད་དོན་གསལ་རྟོགས།  ཁྲིད་གཞིའི་ནུས་པ་རྒྱ་བསྐྱེད་དེ་སློབ་མའི་དོན་དངོས་ཀྱི་གནད་དོན་སེལ་བ་དང་ཤེས་བྱ་བརྒྱུད་སྤྲོད་བྱེད་པའི་ཁོར་ཡུག་ཅིག་རང་ནུས་ཡོད་རྒུ་བཏོན་ནས་སློབ་གསོ་མྱོང་མཁན་དག་ལ་སྐྲུན་ཀྱིན་ཡོད། 
             དེ་ནི་ང་ཚོ་ནང་བཞིན་ཁྲལ་དང་ཡང་ན་གོང་རིམ་གྱི་མགོ་ཁྲིད་ལ་བྱ་བའི་དགོས་དབང་གི་མགོ་སྐོར་བྱེད་ཀྱི་སློབ་རའི་སློབ་དེབ་ལྟ་བུ་ཞིག་གཏན་ནས་མིན་ལ།  ད་ལྟ་ང་ཚོས་སློབ་གསོའི་ལས་གནས་སོ་སོ་རུ་གཉེར་བཞིན་པའི་ཀློག་དེབ་ནུས་མེད་ཉི་ཚེ་བ་འདི་ཡང་ཧ་ལམ་དབྱིན་ཇིའི་བཟོ་ལྟ་འདི་འདྲ་ཞིག་ལ་ཁུངས་བཅོལ་བ་ཨེ་ཡིན་སྙམ་བྱུང་། 
             དབྱིན་ཇིའི་སློབ་གྲྭ་སོ་སོའི་སློབ་སྒྲུབ་ཀྱི་རྩ་བའི་བླང་བྱ་ནི། སློབ་མའི་རང་ནུས་སྔོག་འདོན་ནི་ཨང་དང་པོར་འཇོག་དགོས་པ་དེ་ལགས།  ང་ཚོ་བཞིན་དགེ་སློབ་ཀྱི་ནུས་པ་ཡོད་ཚད་སྐར་འབྲས་ཀྱི་ཁྲུ་ཙི་ཁོ་ན་ལ་བརྟེན་ནས་ཚད་འཇལ་བའི་ཁ་ལག་ཡ་བྲལ་གྱི་ལས་དེ་འདྲ་ཞིག་གཏན་ནས་མིན། 
             འདི་གའི་སློབ་ཁྲིད་ནི་ཡོད་ཚད་སློབ་མ་རང་སྟེང་གི་ཁྱད་ཆོས་དང་འཚམ་པའི་སྒོ་ནས་སློབ་མའི་ནུས་པ་སྔོག་འདོན་དང་ཁྱད་ཆོས་གསོ་སྐྱོང་གི་སློབ་གསོའི་བྱ་འགུལ་ཞིག་ཡིན་པ་ལས།  གླུ་བརྒྱ་ངག་གཅིག་དང་རྟ་བརྒྱ་འགྲོས་གཅིག་ཏུ་སྤེལ་བར་བརྩོན་ལེན་འཆའ་བཞིན་པའི་རྒྱུགས་གཉེར་སློབ་གསོ་ལྟར་སྣང་དེ་ལྟ་བུ་ཞིག་ཀྱང་རྩ་བ་ནས་མིན། 
             དགེ་རྒན་གྱི་སློབ་ཁྲིད་ནི་དངོས་གནས་མཚན་ཉིད་དང་ལྡན་པ་ཤ་སྟག་ཡིན་ཏེ།  སློབ་ཁྲིད་ནི་དགེ་རྒན་གྱིས་སྔ་ས་ནས་གྲ་སྒྲིག་བགྱིས་ཟིན་པའི་སློབ་མའི་བསམ་གཞིག་དང་ལག་ལེན།  འགུལ་བསྐྱོད།  གསར་གཏོད་ལ་ཤིན་ཏུ་སྨན་པའི་འགུལ་རིས་དང་སྒྲ་ཕབ།  གླུ་དབྱངས།  གཏམ་རྒྱུད།  མི་སྣའི་བར་གྱི་ལབ་གླེང་།  ཡང་ན་འདྲ་པར་དང་བརྙན་རིས།  ཡིག་ཐོག་གི་རྒྱུ་ཆ།  ཚིག་དུམ་གྱི་གོ་རིམ་དང་ཁ་སྐོང་། ནོར་བཅོས་སོགས་དགེ་རྒན་གྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་ཁྲིད་ཧྲིལ་པོའི་ཁྲོད།  སློབ་མའི་བྱ་འགུལ་གྱིས་བརྒྱ་ཆའི་བདུན་ཅུ་ཡན་ཟིན་པའི་ཤེས་བྱ་བརྒྱུད་སྤྲོད་ཀྱི་གོ་རིམ་དུ་དགེ་རྒན་གྱིས་སྣེ་ཁྲིད་ཀྱི་ནུས་པ་ཁོ་ན་བཏོན་ཏེ་སློབ་ཐུན་གྱི་དུས་ཚོད་ཡོངས་རྫོགས་ཅི་ནུས་ཀྱིས་སློབ་མ་ལ་སྤྲོད་ཀྱིན་ཡོད་ལ།  སློབ་མ་ནི་དངོས་སུ་དུས་ཚོད་ཀྱི་བདག་པོ་དང་སློབ་སྦྱོང་གི་བདག་པོ།  སློབ་ཁྲིད་ཀྱི་བདག་པོར་གྱུར་འདུག 
             དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད།  གཞོགས་འདེགས་སློབ་སྦྱོང་གི་བྱེད་སྒོ་ཤིན་ཏུ་མང་ལ།  དེ་ནི་དགེ་སློབ་བར་གྱི་གཞོགས་འདེགས་དང་སློབ་གྲོགས་ཕན་ཚུན་བར་གྱི་གཞོགས་འདེགས་སོགས་ཐུན་མོང་མཉམ་གནས་ཀྱི་བྱ་འགུལ་ཁྲོད།  དགེ་རྒན་གྱིས་སློབ་མར་གཞོགས་འདེགས་མཉམ་འབྲེལ་རྒྱུས་ལོན་བྱེད་པར་མཐའ་གཅིག་ཏུ་བསྐུལ་ནས།  རིམ་བཞིན་སློབ་མས་རང་རྐྱ་ཐུབ་པའི་བསམ་གཞིག་གི་ཁོར་ཡུག་བསྐྲུན་པ་དང་།  སློབ་མར་རང་ཉིད་ཀྱི་ལྟ་བ་སྤེལ་བར་དགེ་རྒན་གྱིས་སྐུལ་སློང་དང་འོས་འཚམ་གྱིས་སློབ་མར་རོགས་རམ་དང་སྣེ་སྟོན་བྱས་ཏེ།  སློབ་མས་རིན་ཐང་ལྡན་པའི་གནད་དོན་གསར་རྙེད་བྱུང་ཚེ།  སློབ་མས་གནད་དོན་དཔྱད་བསྡུར་གྱི་བྱེད་སྒོ་སྤེལ་ནས་གནད་དོན་གྱི་རྩ་བ་སློག་པའི་ལམ་དུ་གོམ་གང་མདུན་སྤོས་ཀྱིས་བསྐྱོད་པའི་འགྲོ་ལམ་གསར་གཏོད་བྱེད།
             ཡོ་རོབ་གླིང་གི་རྒྱལ་ཁབ་འདི་ཉིད་ལ་ཆ་མཚོན་ན།  སློབ་ཁྲིད་གང་ཞིག་ཡིན་རུང་དམིགས་ཡུལ་ལྡན་པའི་སྒོ་ནས་སློབ་མའི་འཚོ་བ་དངོས་དང་ཁ་འབྲལ་ཐབས་མེད་པའི་རྩ་དོན་འཆར་འགོད་དང་བེད་སྤྱོད་གཏོང་རྒྱུ་ནི་སློབ་ཁྲིད་ཀྱི་ལྷུ་ཚིག་གཙོ་བོ་ཡིན་པས།   དེ་ལྟར་བྱས་ན་སློབ་མས་སློབ་ཁྲིད་ཀྱི་ཁྲོད་ནས་གནས་ལུགས་དང་ཤེས་བྱ་རྟོགས་ཐུབ་ལ།  རང་ཉིད་ཀྱིས་བསླབ་ཟིན་པའི་ཤེས་རིག་གིས་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་སུ་ཐག་གཅོད་བྱེད་པ་དང་།   སློབ་མས་དངོས་ཐོག་བདེན་འཚོལ་སྒོས་རང་ཉིད་ཀྱི་འཚོ་བའི་ཁྲོད་ཤེས་བྱའི་སྤྲོ་སྣང་ལེགས་པོ་དེ་དངོས་སུ་གོ་མྱོང་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་པས།  སློབ་ཕྲུག་སོ་སོ་ཡང་རང་ཉིད་ཀྱི་སློབ་སྦྱོང་ལ་རེ་སྨོན་དང་ཡིད་ཆེས་གསར་པ་ཞིག་གིས་ཡོངས་སུ་ཁེངས་འདུག 
             གསུམ་པ།  སློབ་མ་རང་སྟེང་གི་ཁྱད་ཆོས་སྔོག་འདོན་བྱེད་པ།
             དབྱིན་ཇིའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཀྱི་ཁ་ཕྱོགས་གཞན་ཞིག་ནི།  སློབ་ཁྲིད་ཁྲོད་དགེ་རྒན་གྱིས་སློབ་མའི་འགན་འཁྲི་ཇེ་ཡང་དུ་བཏང་སྟེ།   བྱེད་ནུས་ལྡན་པའི་སློབ་ཁྲིད་ཀྱི་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས་ནས། སློབ་མར་དོན་དངོས་དང་མཐུན་པའི་སློབ་སྦྱོང་གི་གོ་སྐབས་བཟང་པོ་སྤྲད་དེ། རང་ངོས་ནས་ཁྱད་ཆོས་ལྡན་པའི་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ནི་སློབ་ཁྲིད་ཀྱི་དམིགས་འབེན་ཉག་གཅིག་ཡིན། 
             རང་སྟེང་གི་ཁྱད་ཆོས་སྔོག་འདོན་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་ནི་ཧ་ཅང་མངོན་གསལ་དུ་ཆགས་པས།  དགེ་རྒན་གྱིས་གཙོ་ཁྲིད་དང་ཁྲིད་སྟོན་ནི་ཐབས་ལམ་ཅན་དང་།  སློབ་མ་ནི་གཙོ་གནད་དང་རང་ནུས་ནི་གཙོ་སྐྱོང་དུ་བཟུང་ནས་སློབ་མ་རང་སྟེང་གི་གནས་ཚུལ་ལ་ཁ་གཏད་དེ(སློབ་མའི་སློབ་སྦྱོང་གི་ཆུ་ཚད་དང་བྱ་བའི་དགོས་དབང)སྣ་སྒོ་འཛོམས་པའི་བསམ་གཞིག་དང་འཐུས་སྒོ་ཚང་བའི་བཀོད་སྒྲིག་འོག  །དགེ་རྒན་གྱིས་སྣེ་སྟོན་ལ་བརྟེན་ནས་སློབ་མའི་རང་འགུལ་གྱིས་ཟབ་ཞུགས་དང་སློབ་གྲྭས་གཞོགས་འདེགས་ཀྱི་ནུས་པར་བརྟེན་ནས་སློབ་མ་རྣམས་ཀྱིས་རང་སྟེང་གི་ཁྱད་ཆོས་རྩལ་དུ་བཏོན་ཏེ་སློབ་སྦྱོང་གི་འགྲོ་ལམ་ཡངས་པོར་བསྐྱོད་པར་སྐུལ་འདེད་བྱེད་བཞིན་པའི་སློབ་གསོའི་རྣམ་པ་ཞིག་རེད། 
             སློབ་མས་ཁྱོན་ཡོངས་ནས་རང་འགུལ་གྱིས་སློབ་སྦྱོང་དང་བསམ་གཞིག །ལག་ལེན་དུ་ཞུགས་ཐུབ་པའི་གོམས་སྲོལ་དང་ནུས་ཤུགས་གསོ་སྐྱོང་བྱས་ཏེ།  སློབ་མ་རྣམས་དེང་རབས་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་འཚམ་ཞིང་འཛམ་གླིང་འཕེལ་རྒྱས་ཀྱི་གོམ་སྟབས་དྲག་པོའི་ཁ་གཅོག་ནུས་པ་དང་།  མིའི་རིགས་ཀྱི་མ་འོངས་ལོ་རྒྱུས་གསར་གཏོད་བགྱི་བའི་རྒྱལ་དམངས་ཀྱི་ཕྱོགས་བསྡུས་སྤུས་ཚད་དེ་ཚད་རིམ་མཐོན་པོར་སླེབས་པར་བརྩོན་ལེན་བྱེད་ཀྱིན་ཡོད། 
             དབྱིན་ཇིའི་སློབ་གྲྭ་སོ་སོས་སློབ་ཁྲིད་བཀོད་སྒྲིག་གནང་སྐབས་ཀྱང་སྣ་མང་རང་བཞིན་གྱི་སློབ་གསོའི་ཐོན་ཁུངས་བེད་སྤྱད་དེ།  སློབ་མའི་རང་སྟེང་གི་ཁྱད་ཆོས་དང་ནུས་པ་སྔོག་འདོན་བྱེད་པའི་སློབ་གསོའི་འཕར་སྒོ་ཡངས་པོར་ཕྱེས་ཡོད་ལ།  བསླབ་དེབ་ཀྱང་རྒྱལ་ཡོངས་གཅིག་གྱུར་གྱི་ལྟེ་བའི་བསླབ་དེབ་དང་རྨང་གཞིའི་བསླབ་དེབ་གཉིས་སུ་དབྱེ་ཡོད།  ལྟེ་བའི་བསླབ་དེབ་ནི་རྩིས་རིག་དང་དབྱིན་ཇི།  ཚན་རིག་བཅས་འདུ་ལ།  རྨང་གཞིའི་བསླབ་དེབ་ནི་ལོ་རྒྱུས།  ས་ཁམས།  ལག་རྩལ།  ལུས་རྩལ།  རོལ་དབྱངས།  མཛེས་རྩལ་དང་དེང་རབས་ཕྱི་སྐད་བཅས་ཁག་བདུན་དུ་དབྱེ་ཡོད།  ཕྱི་སྐད་ནི་སི་ཕན་གྱི་སྐད་དང་ཧྥ་རན་སིའི་སྐད།  འཇར་མན་གྱི་སྐད་བཅས་ལས་གང་རུང་སྒོས་སྣ་གཅིག་བདམས་དགོས། སློབ་འབྲིང་ལ་ཆོས་ལུགས་སློབ་གསོའི་བསླབ་ཁྲིད་ཡོད་པར་མ་ཟད།  ས་གནས་དང་སློབ་གྲྭས་རང་སྟེང་གི་གནས་ཚུལ་དང་ཁྱད་ཆོས་གཙོ་བོར་བཟུང་སྟེ་བྱེ་བྲག་གི་སློབ་ཁྲིད་བྱེད་ཀྱིན་མཆིས་ལ།  སློབ་མས་ཀྱང་རང་ལ་མཁོ་གལ་ཆེ་བའི་བསླབ་བྱ་དང་རྒྱུགས་གཞི་བདམས་ཏེ། བལྟོས་བཅས་ཀྱི་མཐར་ཕྱིན་འཛིན་ཡིག་ལེན་ཀྱིན་ཡོད།
             སློབ་འབྲིང་གི་ལོ་གསུམ་གྱི་བསླབ་དེབ་ནི་སྤྱིར་བཏང་དུ་ངེས་སྦྱོང་བསླབ་གཞི་ཡིན་ནའང་།  ལོ་གསུམ་པ་ནས་རིམ་བཞིན་མགོ་བརྩམས་ཏེ་གསབ་སྦྱོང་བསླབ་དེབ་ཀྱི་གྲངས་ཚད་མཐོ་རུ་ཆགས་ཀྱིན་ཡོད།  ཧ་ལམ་བསླབ་དེབ་ཡོངས་ཀྱི་ཕྱེད་ཀ་ཙམ་ཟིན་ཀྱིན་ཡོད།  དེ་ལྟར་བགྱིད་པའི་དམིགས་ཡུལ་ནི་སློབ་མས་རང་སྟེང་གི་དགའ་ཕྱོགས་དང་ཆ་རྐྱེན།  ནུས་པར་གཞིགས་ནས་གསབ་སྦྱོང་བསླབ་གཞི་བདམས་ཆོག  གསབ་སྦྱོང་བསླབ་གཞིའི་རྣམ་གྲངས་མང་ཞིང་འཐུས་སྒོ་ཚང་། 
             ནང་དོན་གྱི་ཆ་ནས་རིག་ཚན་བསླབ་གཞི་དང་ལས་རིགས་གསབ་སྦྱོང་གཉིས་སུ་འདུ་ལ།  དང་པོ་ནི་ངེས་སྦྱོང་བསླབ་གཞིའི་ཚད་གཞི་མཐོར་འདེགས་དང་གཏིང་ཟབ་ཏུ་གཏོང་བ་སྟེ།  དཔེར་ན།  དངོས་ལུགས་དང་རྫས་འགྱུར།  ལོ་རྒྱུས།  ས་ཁམས་སོགས་ལགས།  རྗེས་མ་ནི་སློབ་མའི་དགའ་ཕྱོགས་མི་འདྲ་བ་དང་སློབ་མའི་རང་སྟེང་གི་ཁྱད་ཆོས་ཀྱི་དགོས་མཁོར་དམིགས་ནས་གསབ་སྦྱོང་བགྱིད་པ་སྟེ། དཔེར་ན།  མཛེས་རྩལ་དང་རོལ་དབྱངས།  ཞབས་བྲོ།  ལག་རྩལ།  བརྐོ་བཟོ།  དོ་དམ་སོགས་ཡིན།  འདི་ནི་སློབ་མས་རང་ཉིད་གནས་སའི་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས།  གནས་བབ་ལ་གཞིར་བཅོལ་ནས་ཕ་ཡུལ་གྱི་ལས་རིགས་གསབ་སྦྱོང་ལ་རྒྱུས་ལོན་བྱས་ཏེ། ས་གནས་ཀྱི་ཁོར་ཡུག་དོ་དམ་དང་གྲོང་ཁྱེར་ལས་རིགས།  ལྗོངས་རྒྱུ།  ཐོན་ལས་གསར་སྤེལ་བཅས་ལ་དབྱེ་ཞིབ་བགྱིས་ནས་སློབ་མས་མ་འོངས་འཚོ་བའི་ཁྲོད་ཀྱི་རྩལ་ནུས་སྦྱོང་བརྡར་ལ་དམིགས་པའི་ལས་རིགས་གསབ་སྦྱོང་སྟེ།  དཔེར་ན།  གྱོན་ཆས་བཟོ་གཅོད་དང་ཟས་རིགས་གཡོ་སྐོལ།  འཕྲུལ་ཆས་གསར་བཟོ།  རྩིས་གཉེར།  ཁེ་ལས་དོ་དམ།  ཁྲོམ་ར་བདག་གཉེར།  ཁྱིམ་སྤྱོད་གློག་ཆས་ཞིག་གསོ་སོགས་ཀྱི་བསླབ་གཞི་དེ་དག་ཡིན།
             དབྱིན་ཇིའི་ས་གནས་ནས་གསོ་སྦྱོང་གནང་བའི་སློབ་མ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཆོས་ཉིད་ལ་དམིགས་ནས་མིའི་གསོ་སྦྱོང་གི་ལས་གཞི་ཞིག་ཡིན་པས།  སློབ་འབྲིང་ནས་མཐར་ཕྱིན་པའི་ཆེས་དཀྱུས་མའི་སློབ་མ་ཞིག་ཡིན་ནའང་རང་ཉིད་ཀྱི་འཚོ་བའི་ཁྲོད་ནས་དངོས་སུ་བེད་སྤྱོད་དང་རང་གཞན་ལ་ཕན་ཁེ་སྒྲུབ་ཐུབ་པའི་ནུས་པ་གསོ་སྐྱོང་གི་ཐུན་མོང་མ་ཡིན་པའི་སློབ་གསོ་སྒྲུབ་སྟངས་གཅིག་ཀྱང་ལགས་པས།  ཁྱིམ་ཚང་དང་སྤྱི་ཚོགས་ཁྲོད་ཀྱི་དཀའ་རྙོག་མང་པོ་ཞིག་རང་ངོས་ནས་ལས་སླ་བོར་ཐག་གཅོད་བྱེད་ཐུབ་ཀྱིན་ཡོད།  དཔེར་ན།  ཁྱིམ་སྤྱོད་གློག་ཆས་ལ་སྐྱོན་བྱུང་བ་དང་ཁང་པར་རྒྱན་བཟོ་བྱེད་པ།  ཟས་རིགས་སྣ་མང་སོགས་བཟོ་བ་ནི་གཞན་བརྟེན་བྱ་མི་དགོས་པར་རང་ངོས་ནས་ཚེགས་མེད་སྒོས་ཐག་གཅོད་བྱེད་བཞིན་ཡོད། 
             ཡིན་ནའང་ང་ཚོའི་སློབ་གསོ་ནི་དཔེ་ངོས་རྐྱང་པ་ལ་བརྟེན་ནས་དགེ་རྒན་དང་ཕ་མས་རང་གི་སྐྱོང་བྱའི་ཕྲུ་གུ་དེ་རང་འདྲ་བ་ཞིག་ལ་ཅི་ནུས་ཀྱི་བསྐྱར་པར་རྒྱག་པར་ཤ་ཐང་དུ་འབད་པའི་སློབ་གསོ་ཉི་ཚེ་བ་དེ་ལས།  ས་གནས་དང་མི་རིགས།  རྒྱལ་ཁབ།  འཛམ་གླིང་གི་ལས་རིགས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་གཅོག་ནུས་པ་དང་བདག་པོར་འགྱུར་བའི་མིའི་ནུས་པ་གསོ་སྦྱོང་གི་རེ་ཐག་ནི་རྟ་རྔ་ལས་ཀྱང་ཕྲ་ཞིང་ཁབ་མིག་ལས་ཀྱང་དོག་པས། གསར་གཏོད་པ་དང་ཁེ་ལས་པ།  རྩོམ་རིག་མཁན་པོ།  ཤེས་ལྡན་པ་སོགས་འཛམ་གླིང་དུ་ཤུགས་རྐྱེན་དང་མཛད་རྗེས་ཆེ་བའི་མི་སྣ་ནི་ཉིན་རེ་ལས་ཉིན་རེར་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་རུ་འགྱུར་བཞིན་པའི་རྩ་བ་ནི་སློབ་མ་རང་སྟེང་གི་ནུས་པ་དང་ཁྱད་ཆོས་སྔོག་འདོན་བྱེད་མ་ནུས་པའི་གནད་ལ་ཐུག་ཡོད།  
             ང་ཚོས་སློབ་མ་ཡོད་ཚད་ནི་དགེ་རྒན་དང་ཡང་ན་སྲིད་གཞུང་།  ལོ་ཙཱའི་ལས་ཀར་མཐའ་གཅིག་ཏུ་འཚང་ཁ་རྒྱག་པ་དང་ཅི་ནུས་སྒོས་རང་ཉིད་ཀྱིས་གསོ་སྐྱོང་གི་དམིགས་ཡུལ་ཉག་ཕྲ་བོ་དང་ཁོར་ཡུག་གུ་དོག་པོར་བཟོ་རྐྱང་བྱས་ནས་མི་ཡོད་ཚད་བསྐྱར་པར་དུ་འདེབས་པ་འདི་ནི་མི་རིགས་སློབ་གསོའི་ལས་གནས་སྟེང་གི་སྐྱོ་གར་ཆེ་ཤོས་དེ་ཡིན། 
             ང་ཚོས་ཀྱང་དབྱིན་ཀི་ལན་སོགས་སྔོན་ཐོན་རྒྱལ་ཁབ་ཀྱི་སློབ་གསོའི་ཐབས་ལམ་ལ་སློབ་སྦྱོང་གང་ལེགས་བགྱིས་ནས་རང་ཉིད་ཀྱི་སློབ་མ་དང་ཕྲུ་གུ་དེ་ཉིད་ས་གནས་དང་མི་རིགས།  རྒྱལ་ཁབ།  འཛམ་གླིང་གི་འཕེལ་རྒྱས་ཀྱི་གདོང་བསུ་ནུས་པའི་ཤེས་ལྡན་མི་སྣ་དང་དེ་ཉིད་ལ་ཐད་ཀར་དུ་བདག་པོ་རྒྱག་ཐུབ་པའི་འཇོན་ཐང་ཅན་ཞིག་ཏུ་སྐྱེད་སྲིང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ། 
             བཞི་པ།  ཚད་རིམ་མི་འདྲ་བའི་བསླབ་གཞི་འཕེལ་རྒྱས་སུ་གཏོང་བ། 
             དབྱིན་ཇིའི་སློབ་གསོའི་དམིགས་བྱ་ནི་སློབ་མ་རེ་རེར་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དེ་ཡིན།  དེ་ནི་སློབ་གསོ་བྱ་བའི་ཉི་ཟེར་རིས་མེད་དུ་ལོངས་སྤྱོད་བགྱི་བའི་བྱེད་སྒོ་གཙོ་བོ་ཞིག་ཀྱང་ལགས་པས།  དབྱིན་ཇིའི་སློབ་གྲྭ་སོ་སོས་སྤྱི་ཁྱབ་སྒོས་ཚད་རིམ་མི་འདྲ་བའི་བསླབ་གཞི་ལག་བསྟར་དང་འཕེལ་རྒྱས་སུ་གཏོང་བཞིན་ཡོད། 
             ཁོ་རང་ཚོས་ལོ་རིམ་གཅིག་གི་བསླབ་བྱ་སོ་སོར་སློབ་མ་རང་སྟེང་གི་ཆུ་ཚད་ལྟར་མཐོ་འབྲིང་དམའ་གསུམ་གྱི་ཚད་གཞི་འབྱེད་ཀྱིན་ཡོད། དེ་ནི་སློབ་མ་རྣམས་ཀྱི་ཤེས་རིག་དང་ནུས་པའི་ཆུ་ཚད་མི་འདྲ་བ་གཞིར་བཟུང་སྟེ་དབྱེ་བ་ཞིག་ལགས།  སློབ་གྲྭ་དང་དགེ་རྒན་གྱིས་སློབ་བུ་འདི་དག་ལ་བླང་བྱ་མི་འདྲ་བ་དང་།  བསླབ་གཞིའི་ནང་དོན་མི་འདྲ་བ་མཁོ་སྤྲོད་དང་སྡུད་ལེན་བྱེད་པར་སྐུལ་པ་དང་།  ཐ་ན་ཚོ་ཆུང་ཁག་གིས་བེད་སྤྱདོ་བྱེད་པའི་བསླབ་དེབ་ཀྱང་མི་གཅིག་པ་རེད།  ཚོ་ཆུང་རེ་ལ་ཆེད་བསྐོས་འགན་འཁྲི་དགེ་རྒན་ཡོད་ཅིང་སྐབས་སྐབས་སུ་བྱེ་བྲག་ཏུ་མཁོ་བའི་དགེ་རྒན་ཐུན་མོང་མ་ཡིན་པ་བཀོད་སྒྲིག་གནང་བཞིན་ཡོད།  དེ་ནི་གཙོ་བོ་དཀའ་རྙོག་ལ་འཕྲད་པའི་སློབ་མ་དང་ཡང་ན་སྐད་ཡིག་ཀློག་འདོན་ལ་ནུས་པ་མེད་པའི་སློབ་མར་ཟུར་ཁྲིད་བྱེད་པའི་ལས་སྒོ་ཞིག་ཡིན།  ཟུར་ཁྲིད་ཀྱི་ལས་གཞི་འདི་ནི་ཟླ་གཅིག་དང་ཡང་ན་ཕྱེད་ཀའི་དུས་ཚོད་བེད་སྤྱད་དེ་སློབ་ཁྲིད་ལེགས་པོ་བྱས་ན། དཀའ་ངལ་ཆེ་བའི་སློབ་མ་གཞན་ལྟར་རྒྱུན་ལྡན་གྱི་སློབ་ཁྲིད་ལ་ཞུགས་ནས་ཤེས་རིག་སྡུད་ལེན་བྱེད་པར་དཀའ་ངལ་མེད་པ་རེད།  གང་ལྟར་སློབ་མ་རྣམས་ཀྱི་ཆུ་ཚད་ལྟར་བསླབ་དེབ་བཀོད་སྒྲིག་དང་ཚད་རིམ་མི་འདྲ་བའི་ཟུར་ཁྲིད་བགྱིས་པ་འདིས་སློབ་གསོ་བྱ་བའི་ཁྱབ་ཁོངས་ཁྲོད་ནས་གང་གིས་བསྐྲུན་ཐབས་མེད་པའི་ནུས་པ་ཞིག་འདོན་ཀྱིན་མཆིས། 
             ང་ཚོས་སློབ་ཁང་གི་སློབ་ཁྲིད་ཁྲོད་སློབ་གྲྭ་དང་དགེ་རྒན་གྱིས་དམིགས་འཛུགས་ས་ནི་སློབ་སྦྱོང་ལ་འཇོན་ཐང་ལྡན་པའི་དབང་རྣོན་དང་དབང་འབྲིང་གི་གྲས་ལ་ཕྱོགས་རེས་པ་ཙམ་གྱིས་སློབ་ཁྲིད་ཁོ་ན་གཉེར་བ་ལས།   དབང་རྟུལ་སློབ་མ་སྟེ་སློབ་སྦྱོང་ལ་དཀའ་ངལ་ཅུང་ཆེ་བའི་སློབ་མ་རྣམས་ལ་སློབ་ཁང་གི་སློབ་ཁྲིད་ཁྲོད་ཤེས་རིག་གི་རྒྱགས་ཕྱེ་ཡིད་ཚིམ་པ་ཞིག་སྟེར་ཐུབ་ཀྱིན་མེད་ལ།  ཁོ་རང་ཚོར་དམིགས་གསལ་གྱི་སློབ་ཁྲིད་དང་ལྟ་སྐྱོང་ཞིག་གཏན་ནས་འཆའ་ཀྱིན་མེད།  དེ་ནི་ཧ་ལམ་སློབ་གྲྭ་དང་བསླབ་ཁུར་དགེ་རྒན་ལ་འགན་ཁུར་མེད་པ་ཞིག་ཏུ་ཆགས་འདུག  
             གལ་ཏེ་འགན་ཆ་ཙམ་ཁུར་ཀྱིན་ཡོད་ན།  དེ་ནི་སློབ་གྲྭ་དང་དགེ་རྒན་གྱིས་སྐར་འབྲས་ལེན་པར་ཤུགས་རྐྱེན་ངན་པ་མི་འཇོག་པའི་ཅ་ལག་ཅིག་ཏུ་གྱུར་པ་ལས་མིའི་གསོ་སྐྱོང་གི་འགན་འཁྲི་བླ་ན་མེད་པ་ཞིག་ཏུ་གཏན་ནས་བསམ་ཀྱིན་མེད། ཐ་ན་རྫོང་ཧྲིལ་གྱི་ལྷན་རྒྱུགས་ལྟ་བུ་ལ་ཞུགས་སྐབས་ཀྱང་། རྨང་གཞི་ཞན་པའི་སློབ་མ་མང་པོ་རྒྱུགས་ལ་ཞུགས་པའི་གོ་སྐབས་སྤྲོད་ཀྱིན་མེད་པར་ཐད་ཀར་དུ་ཕྱིར་འབུད་གཏོང་བཞིན་ཡོད།  དེ་ནི་དགེ་རྒན་དང་འཛིན་གྲྭ།  སློབ་གྲྭའི་སྐར་འབྲས་དང་འབྲེལ་བའི་སྙན་གྲགས་ཙམ་པོར་དམིགས་བཙུགས་པ་ལགས་པས། མི་རིགས་སློབ་གསོའི་ལས་གནས་སྟེང་ནས་མི་རིགས་རང་གི་རྗེས་རབས་པ་མང་པོ་ཞིག་བསམ་བཞིན་མཐའ་བྲལ་གྱི་གཡང་དུ་འདེད་བཞིན་མཆིས། 
             དེ་ནི་སློབ་གསོ་དོ་དམ་པ་དང་སློབ་གསོའི་ལས་གནས་སྟེང་གི་དགེ་རྒན་དང་། ཁྱིམ་བདག  །སྤྱི་ཚོགས་ཀྱི་ལས་གནས་སོ་སོ་ནས་རླབས་ཆེན་གྱི་སློབ་གསོའི་བྱ་བ་ལ་བཟུང་བའི་ལྟ་སྟངས་ཤིག་རེད།  ལྟ་ཚུལ་ངན་པ་འདིས་རང་ངོས་ན་འཇོན་ཐང་མི་འདྲ་བ་དང་ནུས་པ་མི་འདྲ་བ་ཡོད་པའི་རླབས་ཆེན་གྱི་མི་སྣ་ཇི་འདྲ་མང་པོ་ཞིག་གད་སྙིགས་སུ་འཕོ་བཞིན་ཡོད།   
             མེ་ཏོག་ལྡུམ་ར་ཞིག་ལ་ཆ་མཚོན་ནའང་།  མེ་ཏོག་བོངས་ཚད་མི་འདྲ་བ།  སྐྱེས་སྟོབས་མི་འདྲ་བ་།  དབྱིབས་མི་འདྲ་བ།  ཁ་དོག་མི་འདྲ་བ།  དྲི་མ་མི་འདྲ་བ།  འདབ་མ་མི་འདྲ་བ།  ནུས་པ་མི་འདྲ་བ་མང་པོ་བྱུང་ན་ནི་ལྡུམ་རའི་ཁྱད་ཆོས་བཟང་པོ་ཞིག་ཡིན་ལ།  ལྡུམ་ར་དོ་དམ་པས་ངེས་པར་དུ་དམིགས་བསལ་གྱི་མེ་ཏོག་དེ་དག་ལ་རྒྱུས་ལོན་བཟང་པོ་ཞིག་བྱས་ཏེ།  མེ་ཏོག་རེ་རེའི་རང་སྟེང་གི་ཁྱད་ཆོས་དང་ནུས་པ།  སྐྱེས་སྟོབས།  བོངས་སོགས་མི་འདྲ་བའི་གནས་སྟངས་གཞིར་བཟུང་ནས་ཆུ་ལུད་དྲོད་གསུམ་དང་དེ་ཉིད་ལ་གནོད་པའི་རྩྭ་ལྡུམ་ཡུར་གསུམ།  རིགས་མི་འདྲ་བའི་མེ་ཏོག་ལ་ཤིན་ཏུ་མཁོ་བའི་སྨན་རྫས་དང་འཚོ་བཅུད་མཁོ་སྤྲོད།  འཕེལ་རྒྱས་ལ་སྨན་པའི་ཁོར་ཡུག་གཙང་བཟོ་བྱེད་རྒྱུ་ནི་ལྡུམ་ར་དོ་དམ་བགྱིད་མཁན་གྱི་གཉེར་བྱའི་ལས་ཤིག་ཡིན་པ་ལས།  སྐྱེས་སྟོབས་དང་ལུས་བོངས།   ཁ་དོག་ལེགས་པའི་མེ་ཏོག་སྣ་གཅིག་ཁོ་ན་སྐྱོང་བ་ལས་མེ་ཏོག་མང་པོ་ཞིག་སྣང་མེད་དུ་བཞག་སྟེ། མེ་ཏོག་སྣ་གཅིག་གཉོར་མཁན་དེ་དག་ནི་མཐོ་སྒང་གི་སྲིད་ན་དཀོན་པའི་མེ་ཏོག་སྣ་བརྒྱ་ལྷམ་མེར་བཞད་པའི་གླིང་ག་འདི་ཉིད་གཉོར་མཁན་གྱི་མཚན་ཉིད་རང་རྐྱ་ཐུབ་པ་ཞིག་གཏན་ནས་ཐོབ་ཐབས་མེད་ལ།  མདོར་དོན་ཧྲིལ་གྱིས་དྲིལ་ན་ལས་ཤིན་ཏུ་སྐྱོ་པོ།  ཐབས་ཟད་པའི་བྱ་བཞག་འདི་ལ་དམིགས་འཛུགས་པ་དག་ནི་ངོ་མཚར་རྨད་དུ་བྱུང་བའི་མེ་ཏོག་ལྡུམ་རའམ་གླིང་ག་བརླག་མཁན་ཁོ་ནར་སྲིད་པས། དེ་བཞིན་དུ་དགེ་རྒན་འདི་གྲས་ནི་རླབས་ཆེན་གྱི་མི་རིགས་འདི་ཉིད་བརླག་མཁན་གྱི་ལག་དམར་ཤ་སྟག་ཡིན་པ་ལས་རང་ངོས་ན་དགེ་རྒན་ཞེས་པའི་ཐ་སྙད་བརྗིད་པོ་འདི་ཉིད་འདེགས་ཐུབ་པའི་ནུས་པ་རྟ་རྔ་ཙམ་ཡང་མེད་པས།  ང་ཚོས་ངེས་པར་དུ་རང་གི་རང་ཉིད་ངོས་ཟིན་དང་རང་གིས་རང་ཉིད་ལ་ཁ་ཞེ་གཉིས་མེད་སྒོས་བདག་པོ་རྒྱག་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། 
             དབྱིན་ཇིའི་སློབ་གསོའི་ཉམས་མྱོང་དང་ཞུན་ཐར་བཅད་པའི་འབྲས་བུ་ཡིས་ཁོ་ཚོའི་འགྲོ་ལམ་ནི་དངོས་གནས་སློབ་གསོ་སྟེ་མིའི་གསོ་སྐྱོང་གི་མཚན་མཚོན་ཡ་མ་བྲལ་བ་ཤ་སྟག་ཡིན་པ་དོན་དངོས་ཀྱིས་ར་གསལ་དག་ཆོད་པ་ཞིག་སྤྲད་ཡོད།  ཡོ་རོབ་གླིང་གི་རྒྱལ་ཁབ་འདི་ཉིད་ཀྱི་དཔལ་འབྱོར་དང་སྲིད་དོན།  ཚན་རྩལ་རིག་གནས།  དམག་དོན།  སློབ་གསོ།  བཟོ་ཚོང་།  ཁོར་ཡུག་སྲུང་སྐྱོབ་སོགས་གང་ཅིའི་ཐད་ནས་གསལ་བཤད་ངོས་གཙང་ཞིག་བགྱིས་ཤིང་།  ལྷག་དོན་རྒྱལ་ཁབ་འདི་གཅིག་པུ་ནས་འཛམ་གླིང་གི་ཡུལ་གྲུ་ཀུན་ན་ཡིད་ཀྱི་སྨོན་པ་ཐེབས་སའི་གཟེངས་རྟགས་ཏེ།  ནའོ་པའེ་ཨར་གྱི་འབྲས་རྟགས་ཐོབ་པའི་མཛངས་མི116བྱུང་བ་དེས་འཛམ་གླིང་གི་ཨང་གཉིས་པ་ཟིན་ལ། ཨེ་ཤ་ཡའི་གླིང་འདི་དང་ལྷག་དོན་དབྱིན་ཇི་ལས་མི་གྲངས་ལྡབ་ཉི་ཤུ་ལྷག་དང་ས་ཁྱོན་ལྡབ་བཞི་ཅུས་ཆེ་བའི་ཀྲུང་གོ་པ་དང་དེའི་གྲངས་ཉུང་མི་རིགས་ལ་དེ་འདྲ་འབྱུང་ཐུབ་ཀྱིན་མེད་པའི་གནད་དོན་དེ་གང་ལ་འཕྲད་ཡོད་པ་རེད་ཅེ་ན།  དེ་ནི་ང་ཚོའི་སློབ་གསོ་ལ་འཕྲད་ཡོད་པ་ལས་གཞན་ལ་ངན་ཁག་དཀྲི་ས་ཞིག་རྩ་བ་ནས་མེད། 
             ང་ཚོའི་སློབ་གསོ་བྱ་བ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚོ་བའི་དགོས་མཁོ།  སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་ལ་མ་དམིགས་པར་གང་སྣང་གང་དྲན་གྱིས་འདྲེ་ཤར་སྒོ་དང་གླུད་ནུབ་སྒོར་བཏང་བ་ལས་བྱུང་བའི་མཇུག་འབྲས་སྐྱོ་པོ་དེ་ཡིན་པ་རེད།  དེ་ནི་སྨན་པ་མཁས་པས་སྨན་གཏོང་མ་ཤེས་པར་ནད་རིགས་མང་པོ་འཇོམས་བྱེད་ཀྱི་སྨན་སྦྱོར་དེ་ནད་པ་ཡང་མོ་ཁ་ཤས་ཤིག་ལ་དམིགས་བཙུགས་ནས་སྦྱིན་པས།  གཞན་པའི་ནད་པ་ལྕི་མོ་མང་པོར་ཁ་ཡ་མ་བྱས་པས་ཁོ་རང་ཚོ་ནད་སྐྱེད་བྱེད་ཀྱི་རྒྱུ་ཁོ་ནར་སོང་ནས་རང་གི་མི་ཚེ་དང་གཅེས་པའི་སྲོག་འཕྲོག་མཁན་གྱི་གཤེད་མར་མངོན་སུམ་དུ་གྱུར་འདུག་པས།  སློབ་གསོ་དོ་དམ་པ་དང་དགེ་རྒན་རྣམ་པས་སློབ་མ་རང་སྟེང་གི་ཁྱད་ཆོས་ལྡན་པའི་མིའི་ནུས་པ་སྔོག་འདོན་དང་ཁོ་རང་ཚོར་ངེས་དོན་གྱི་འཕེལ་རྒྱས་དང་ཤེས་རིག་གི་རྒྱགས་ཕྱེ་བསྐྲུན་ཐུབ་པའི་རྩ་བའི་ཁེ་ཕན་ལ་དམིགས་རྒྱུ་དེ་ནི་གོང་དུ་དཔེར་དྲངས་པ་བཞིན་སྨན་པ་མཁས་པས་ནད་པ་ཡང་མོ་ཁ་ཤས་ཤིག་གི་ནད་ལ་ཕན་པའི་སྨན་སྦྱོར་བཏང་སྟེ་ནད་པ་ལྕི་མོ་རྣམས་ལ་ཁ་ཡ་ཙམ་ཡང་མ་བྱས་ན།  ཁྱོད་རང་ལ་སྨན་པའི་མཚན་ཉིད་དེ་མེད་པའི་ཁར།  མི་སྲོག་འཇོམས་པའི་འཕྲུལ་འཁོར་ཡ་ང་བ་ཞིག་གི་ཆོ་ལོ་དེ་མི་འགྱངས་པར་སྩོལ་ངེས་པས།  སློབ་ཁང་གི་སློབ་ཁྲིད་དང་མིའི་ནུས་པ་གསོ་སྐྱོང་གི་རླབས་ཆེན་གྱི་ལས་དོན་འདི་སྐྱོང་བྱ་སློབ་མ་རྣམས་ཀྱི་དངོས་ཡོད་ཀྱི་ཚད་རིམ་མི་འདྲ་བར་དམིགས་ནས་སློབ་མ་རང་སྟེང་གི་ནུས་པ་མི་འདྲ་བ་སྔོག་འདོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། ། 
             ལྔ་པ། དཔྱད་བསྡུར་ནི་སློབ་ཁྲིད་ཀྱི་ལྷུ་ཚིགས་གཙོ་བོར་འཛིན་པ། 
             དབྱིན་ཇིའི་སློབ་ཁང་གི་སློབ་ཁྲིད་ཁྲོད།  དགེ་སློབ་གཉིས་ཀའི་དཔྱད་བསྡུར་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་གི་འདུན་པ་དང་བསམ་གཞིག་གི་ནུས་པ།  གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་བཞིན་ཡོད་པས། དཔྱད་སྡུར་ནི་དགེ་རྒན་གྱི་སློབ་ཁྲིད་བྱ་བའི་ལྷུ་ཚིགས་གཙོ་བོ་ཞིག་ཏུ་གྱུར་ལ།  ལྷག་དོན་དཔྱད་སྡུར་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མིའི་གསོ་སྐྱོང་གི་སློབ་གསོ་བྱ་བ་ཡར་རྒྱས་དང་གོང་འཕེལ་དུ་གཏོང་བཞིན་ཡོད། 
             སློབ་ཁང་གི་སློབ་ཁྲིད་ཁྲོད་ནས་དཔྱད་སྡུར་གྱི་བྱེད་སྒོ་སྤེལ་བ་ནི་སློབ་མའི་གནས་སྟངས་དངོས་དང་ཁ་མ་བྲལ་བར་ཁོ་རང་ཚོས་སློབ་སྦྱོང་དང་འཚོ་བ། སྤྱི་ཚོགས་ཀྱི་ཤེས་བྱ་མང་པོའི་ཁྲོད་ནས་རང་སྟེང་གི་འཇོན་ཐང་སྔོག་འདོན་ཐད་ལ་ནུས་པ་བླ་ལྷག་ཏུ་འདོན་ཐུབ་པའི་སློབ་གསོའི་ཐབས་ལམ་བཟང་པོ་ཞིག་ལགས་པས།  འདི་ཉིད་སློབ་མ་དང་འཚོ་བ།  བསླབ་གཞིའི་ནང་དོན་དངོས་དང་བསྟུན་ནས་བེད་སྤྱོད་བགྱི་བའི་སློབ་ཁྲིད་ཀྱི་རྣམ་པའང་འདི་གར་རྒྱ་ཆེ་ཞིང་དངོས་སམ་བརྒྱུད་ནས་འདོན་སྤེལ་བྱེད་བཞིན་པའི་སློབ་ཁང་གི་སློབ་ཁྲིད་ཁྲོད་ཀྱི་བྱ་འགུལ་གལ་ཆེན་ཞིག་ཏུ་ཚིག་ཙམ་མ་ཡིན་པར་མངོན་སུམ་དུ་བེད་སྤྱོད་བྱེད་བཞིན་ཡོད། 
             དཔྱད་སྡུར་གྱི་བྱ་འགུལ་འདི་ལ་འཛིན་གྲྭའི་དཔྱད་བསྡུར་དང་ཚོ་ཆུང་དཔྱད་བསྡུར།  དགེ་སློབ་བར་གྱི་དཔྱད་བསྡུར།  སློབ་མ་ཕན་ཚུན་བར་གྱི་དཔྱད་སྡུར།  མི་སྒེར་གྱི་དཔྱད་སྡུར་སོགས་རིགས་མི་འདྲ་བ་མང་པོ་ཞིག་འབྱུང་ཡང་།  གཙོ་ཆེ་ཤོས་ནི་གོང་གསལ་དུ་འབྱུང་བའི་གནས་སྟངས་འདི་གྲས་རེད། 
             དཔྱད་སྡུར་སྤེལ་སྟངས་ཀྱི་ཐད་ནས་བསླབ་བྱ་སོ་སོའི་དམིགས་ཚད་དང་འགན་འཁྲི།  ཁྲིད་སྟངས་སོགས་རྩ་བ་ནས་མི་འདྲ་བས་དཔྱད་སྡུར་གྱི་རྣམ་པའང་ཐ་དད་དུ་འབྱུང་གིན་ཡོད། 
             དགེ་རྒན་གྱིས་བསླབ་ཁྲིད་ཀྱི་བརྗོད་དོན་དང་སློབ་མའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས།  སློབ་མའི་ཤེས་རྟོགས་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ།  ལག་ལེན་གྱི་ནུས་པ།  གསར་གཏོད་ཀྱི་ནུས་པ་སོགས་གསོ་སྐྱོང་བླང་བྱ་དམིགས་འབེན་དུ་བཟུང་སྟེ་སློབ་ཁྲིད་ཁྲོད་དཔྱད་སྡུར་སྤེལ་བའི་བྱེད་སྒོ་འདི་ཉིད་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་མཆིས།  དཔྱད་སྡུར་དེ་ཡང་མདོར་དོན་ཧྲིལ་གྱིས་དྲིལ་ན།  དགེ་རྒན་གྱིས་དམིགས་ཡུལ་དང་འཆར་བཀོད།  མཇུག་འབྲས་ལྡན་པའི་སྒོ་ནས་མིའི་ཤེས་རྒྱུད་ཀྱི་འཇོན་ཐང་སྲིད་ན་དཀོན་པ་དེ་སྔོག་འདོན་བྱས་ཏེ།  རང་ཉིད་ཀྱི་སློབ་མ་སོ་སོར་རང་ཚོད་ཀྱིས་ཤེས་བྱའི་རྒྱགས་ཕྱེ་བཟང་པོ་དེ་མི་རང་གི་འདོད་བློ་དང་ཚིམ་པ་ཞིག་མཁོ་སྤྲོད་བགྱིས་ཏེ།  མ་འོངས་པར་སློབ་མས་སློབ་སྦྱོང་བྱེད་ཤེས་པ་དང་དཀའ་རྙོག་གང་འདྲ་ཞིག་ལ་འཕྲད་ཚེའང་།  རང་གིས་དངོས་སུ་དང་ལེན་དང་ཐག་གཅོད་བྱེད་ནུས་པ།  སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་ངོས་ལེན་བྱེད་ཐུབ་པ།  ལག་ལེན་ཁྲོད་ནས་རང་ཉིད་ཀྱིས་འཚོ་བ་རོལ་ཤེས་པ་དང་རང་ཉིད་ཀྱི་འདོད་མོས་ལྟར་སྒྲུབ་འདོད་ཀྱི་བྱ་བཞག་གང་ཡང་རུང་བ་ལ་འཕེལ་རྒྱས་ངེས་ཅན་དང་གསར་གཏོད་ངེས་ཅན་འབྱུང་བར་ནུས་པ་ལྡན་པའི་མི་གསོ་སྐྱོང་བྱེད་པའི་ཐབས་ཤེས་ཞིབ་ཚགས་ཆེ་ཞིང་བླ་ན་མ་མཆིས་པ་ཞིག་སྩོལ་བཞིན་མཆིས། 
             དཔྱད་སྡུར་གྱི་ཐད་ནས་བསླབ་བྱ་སོ་སོའི་རྣམ་པ་མི་འདྲ་སྟེ།  ས་ཁམས་སློབ་ཁྲིད་ལྟ་བུ་ལ་ཆ་མཚོན་ན།  དཔེར་ན།  མེ་རི་ལྟ་བུའི་སློབ་ཚན་ཁྲོད་མེ་རིའི་རྣམ་པ་དེ་དགེ་རྒན་གྱིས་མཚམས་སྦྱོར་ཉུང་བསྡུས་ཤིག་བྱས་རྗེས།  སློབ་མ་རྣམས་ལ་མེ་རིའི་རིགས་དང་དེའི་གས་སྟངས།  དེའི་གནས་ཚུལ་མདོར་བསྡུས་ཤིག་རང་ཉིད་ཀྱིས་བྲིས་པ་དང་།  སློབ་བུ་རྣམས་ཀྱི་ལྟ་ཚུལ་དེ་ཤོག་བྱང་ལེབ་མོ་ཆུང་ངུ་ཞིག་གི་སྟེང་ཏུ་བྲིས་ཚར་རྗེས་མེ་རིའི་རྣམ་པ་འབུར་དུ་དོད་པའི་བརྐོས་རིས་མི་འདྲ་བའི་སྟེང་སྦྱར།  མེ་རིའི་རིགས་དང་གནས་སྟངས་གཅིག་པའི་སློབ་བུ་རྣམས་ཀྱིས་ཚོ་ཆུང་གི་མེ་རིའི་འབུར་བཟོས་བརྐོས་དབྱིབས་ཁྱེར་ནས་རྩྭ་སྔོན་གྱིས་གཡོགས་པའི་ཐང་ཆེན་ཞིག་ཏུ་འཛོམས་རྗེས།  ཚོ་ཆུང་རེ་རེ་ལ་རང་གི་མེ་རིའི་ཁ་མདོག་དང་དབྱིབས། གནས་སྟངས། འབར་གས་ཀྱི་རྣམ་པ་མཚོན་ཆེད་དགེ་རྒན་གྱིས་ཚོ་ཆུང་རེ་རེའི་མེ་རིའི་འབུར་རིས་ཁོག་སྦུབས་ཅན་རིགས་མི་འདྲ་བའི་རྩེ་ན་དམ་བིའི་ཁ་ལྟ་བུ་ཞིག་ཡོད་པའི་ནང་དུ་སྨན་རྫས་དང་སྨན་ཆུ།  དགེ་རྒན་གྱིས་ངག་བཀོད་ལྟར་སློབ་བུ་ཚོས་སྦུབས་སུ་བླུགས་རྗེས།  དངོས་གནས་དབྱིབས་དང་ཁ་དོག  རྣམ་པ་མི་འདྲ་བའི་མེ་རི་རེ་རེའི་སྟེང་ནས་ཁ་དོག་དང་རྣམ་པ་མི་འདྲ་བའི་མེ་འཕྱུར་འོང་བས།  སློབ་བུ་རྣམས་ཀྱིས་མེ་རི་འབར་གས་ཀྱི་རྣམ་པ་དེ་མངོན་སུམ་དུ་མཐོང་བ་དང་།  ཚོ་ཆུང་དྲུག་ཙམ་གྱིས་རང་ཉིད་ཀྱི་མེ་རིའི་གནས་སྟངས་དེ་གོང་ལྟར་འགྲེམས་སྟོན་བྱས་རྗེས།  ས་ཁམས་དགེ་རྒན་གྱིས་རང་གི་སློབ་མ་རྣམས་ཕྱིར་སློབ་ཁང་དུ་ཁྲིད་འོང་ནས་མེ་རིའི་རྩ་བའི་གནས་སྟངས་ཐད་ནས་ཚོ་ཆུང་ དཔྱད་བསྡུར་སྤེལ་བ་དང་། སློབ་མ་རྣམས་ཀྱིས་རང་རང་གི་མེ་རིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་བཤད་དུ་བཅུག་པས།  སློབ་མ་རྣམས་ཀྱིས་འགྲན་རྩོད་ཀྱིས་རང་རང་ས་ནས་ལག་པ་མཐོན་པོར་ཡར་སྒྲེང་ནས་རང་གི་ལྟ་ཚུལ་འཆད་པར་བྲེལ་གྱིན་འདུག  །སྐབས་དེར་དགེ་རྒན་གྱིས་སློབ་མ་ཁ་ཤས་ཤིག་སྒོ་སམ་སྟེང་དུ་བོས་རྗེས།  རང་ཉིད་ཀྱི་མེ་རིའི་ཁྱད་ཆོས་དེ་སློབ་མ་རྣམས་ལ་ཕྱོགས་བསྡོམས་བྱེད་དུ་འཇུག་པར་མ་ཟད།  ཡང་སློབ་མ་ལ་ལས་སྒོ་སམ་སྟེང་མིང་ཚིག་གི་རོལ་རྩེའི་རྣམ་པ་བེད་སྤྱད་དེ།   སློབ་བུ་གཞན་དག་ལ་ཁ་སྐོང་དུ་འཇུག་པ་དང་།   སུས་ཤེས་པ་དེ་གཞན་ལས་མྱུར་ཚེ་སློབ་བུ་དེ་སྒོ་སམ་སྟེང་འོང་ནས་རང་ཉིད་ཀྱི་ལྟ་བ་དེ་ཚིག་གཅིག་གི་ནང་དུ་བསྡུས་ནས་བཤད་དུ་འཇུག   མཇུག་མཐར་མེ་རི་ཞེས་པའི་ས་ཁམས་སློབ་ཁྲིད་འདི་ལྟར་མཇུག་བསྡུས་སོང་།  གཞན་ཡང་ཕྱི་སྐད་དང་ལོ་རྒྱུས།  རྫས་དངོས་སོགས་ཀྱི་སློབ་ཁྲིད་ཁྲོད་ཀྱི་དཔྱད་བསྡུར་གྱི་རྣམ་པ་དེ་རིགས་དང་བྱེད་ནུས་མི་འདྲ་བའི་སྒོ་ནས་རྒྱ་ཁྱབ་ཏུ་སྤྱོད་ཀྱིན་ཡོད་པ་རེད།  དབྱིན་ཇིའི་རེན་ཇེན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨེད་ས་སྦད་ཨའོ་ལགས་ཀྱིས་ཀྱང་སློབ་ཁྲིད་ཁྲོད་སློབ་བུ་རྣམས་ལ་དཔྱད་བསྡུར་སྤེལ་སྟངས་དེ་ཞིབ་གསལ་ཅིག་བཤད་ཀྱང་།  འདིར་ཡིག་ཚོགས་ལ་འཇིགས་ནས་རེ་རེ་འགོད་པའི་ངལ་བ་མ་བྱས།   
             དྲུག་པ།  སྒོ་སམ་ཇུས་འགོད་ནི་ཤེས་བྱ་ཕྱོགས་བསྡོམས་ཀྱི་བྱང་བུར་གྱུར་པ། 
             དབྱིན་ཇིའི་དགེ་རྒན་གྱིས་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད།  སློབ་ཁྲིད་བྱ་བ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གླང་ཆེན་གྱི་རྒྱབ་ཁལ་ལོངས་པ་ལྟ་བུ་འདུག་པ་ནི་སྨོས་མ་དགོས་མོད། སློབ་ཁྲིད་བྱ་བའི་ཁྲོད་ཀྱི་སྒོ་སམ་ཇུས་འགོད་ལྟ་བུའི་ཆེས་སྤྱིར་བཏང་གི་ལས་གཉེར་སྟངས་ལའང་རང་ངོས་ན་ཁྱད་ཆོས་ཆེན་པོ་རང་ཆས་སུ་ཡོད་པ་རེད།  སྒོ་སམ་ཇུས་འགོད་ནི་སློབ་མ་རྣམས་ལ་ཤེས་རིག་ཕྱོགས་བསྡོམས་ཀྱི་མེ་ལོང་ངམ་བྱང་བུ་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད།  
             ང་ཚོའི་དུས་རྒྱུན་གྱི་སློབ་ཁྲིད་བྱ་བའི་ཁྲོད་དུ་སྒོ་སམ་ཇུས་འགོད་ནི་དགེ་རྒན་གྱིས་སློབ་མ་རྣམས་ལ་ཤེས་བྱ་བརྒྱུད་སྤྲོད་ཐད་ནས་སློབ་ཚན་ཁྲོད་ཀྱི་རྩོམ་པ་པོ།  མིང་ཚིག་དང་བརྗོད་དོན།  རང་གྲུབ་ཚན་པ་སོགས་འགེར་བྱེད་ཀྱི་བརྡ་འཕྲིན་པར་ངོས་ལས་གཞན་པའི་ནུས་པ་རང་རྐྱ་ཐུབ་པ་ཞིག་དང་ནུས་པ་ལྡན་པ་ཞིག་བལྟོས་བཅས་ཀྱིས་ཐོན་ཐུབ་ཀྱིན་མེད།  དེ་ནི་དགེ་རྒན་གྱི་ངོས་ནས་སློབ་ཚན་གྱི་འབྲེལ་ཡོད་ཤེས་བྱ་དག་སློབ་བུ་རྣམས་ལ་ངོ་སྤྲོད་ཀྱི་ནུས་པ་འདོན་པ་གཙོ་བོ་ཡིན་ལ།  སློབ་མའི་ངོས་ནས་ཀྱང་སྒོ་སམ་ནི་རང་ཉིད་ཀྱི་འབྲེལ་ཡོད་ཤེས་བྱའི་བརྗོད་དོན་བསྐྱར་པར་རྒྱག་སའི་གནས་སྟངས་གཅིག་པུ་ཙམ་ལས་དགེ་སློབ་གཉིས་ཀའི་སློབ་ཚན་གྱི་འབྲེལ་ཡོད་ཤེས་བྱའི་གནད་བསྡུས་སྣེ་སྟོན་དང་ཕྱོགས་སྡོམ། ཉམས་ཞིབ་ངོས་གཙང་བྱེད་སའི་དམིགས་བསལ་གྱི་བྱང་བུའམ་མེ་ལོང་ལེགས་པོ་ཞིག་ཏུ་ཏག་ཏག་འགྱུར་ཐུབ་ཀྱིན་མེད། 
             དབྱིན་ཇིའི་སློབ་ཁྲིད་ག་འདྲ་ཞིག་གི་ཁྲོད་དུའང་སྒོ་སམ་ཇུས་འགོད་ནི་དགེ་སློབ་གཉིས་ཀའི་སློབ་ཚན་གྱི་ཤེས་བྱའི་ཟབ་གནད་མཐའ་དག་སྣེ་སྟོན་དང་སློབ་བུའི་བསམ་གཞིག་དང་ལག་ལེན། ཉམས་མྱོང་གི་གནད་བསྡུས་ཕྱོགས་སྟོན་བྱེད་སའི་དམིགས་བསལ་གྱི་ཁྱད་ཆོས་དེ་ཉིད་འདོན་སྤེལ་བྱ་བ་ལས་ང་ཚོ་ནང་བཞིན་སྒོ་སམ་ཇུས་འགོད་ནི་གོང་གསལ་ལྟར་སློབ་ཚན་གྱི་རྩོམ་པ་པོའི་ལོ་རྒྱུས་དང་མིང་ཚིག་འགྲེལ་བཤད།  རང་གྲུབ་ཚན་པ།  བརྗོད་དོན་གཙོ་བོ།  རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་ཀྱིས་ཚོད་འཛིན་བྱས་པ་དེ་འདྲ་ཞིག་གཏན་ནས་མིན། 
             ཁོ་རང་ཚོའི་སློབ་ཁང་གི་སློབ་ཁྲིད་ཁྲོད་སྒོ་སམ་ཇུས་འགོད་ཀྱི་ཁྱད་ཆོས་གཙོ་བོ་དེ་ནི་ང་ཚོའི་སྒོ་སམ་ཇུས་འགོད་ཀྱི་འཆང་རྒྱ་ལས་བར་བརྒལ་ཆེན་པོ་བྱས་ཏེ།  དེ་ནི་དགེ་སློབ་གཉིས་ཀའི་ཤེས་བྱའི་ཉིང་བཅུད་བསྡུ་ལེན་དང་སྣེ་སྟོན།  དཀའ་གནད་ཐག་གཅོད།  བསམ་གཞིག་རྒྱ་བསྐྱེད།  ཉམས་མྱོང་ཕྱོགས་སྡོམ་ངོས་གཙང་བྱེད་སའི་གནས་གཅིག་པུ་ལས་ང་ཚོ་ལྟར་དུ་རྙོག་འཛིང་གི་ཤེས་བྱ་བསྐྱར་པར་རྒྱག་སའི་བྱང་བུ་རྣམ་པ་ཙམ་པོ་དེ་འདྲ་ཞིག་རྩ་བ་ནས་མིན་པས།  སྒོ་སམ་ཇུས་འགོད་ནི་ཁོ་རང་ཚོའི་སློབ་ཁང་གི་སློབ་ཁྲིད་ཁྲོད་ཀྱི་ཤེས་བྱ་དང་ཉམས་མྱོང་།  དཀའ་གནད་ཕྱོགས་སྡོམ་བྱེད་སའི་དམིགས་བསལ་གྱི་མེ་ལོང་དང་བྱང་བུ་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་འདུག 
             ང་ཚོས་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་ཀྱི་སྒོ་སམ་ཇུས་འགོད་ཀྱིས་བརྒྱ་ཆའི80ཡས་མས་ཟིན་པའི་རྩོམ་པ་པོའི་ལོ་རྒྱུས་དང་མིང་ཚིག་འགྲེལ་བཤད།   རང་གྲུབ་ཚན་པ།  བརྗོད་དོན་གཙོ་བོ།  རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་སློབ་མའི་ལུས་སེམས་འཕེལ་རྒྱས་ལ་དངོས་སུ་ཕན་ཁེ་ཆེ་བའི་སློབ་ཁྲིད་ཀྱི་གྲ་སྒྲིག་དེ་དག་ནི་དབྱིན་ཇིའི་དགེ་རྒན་གྱིས་སྔ་ས་ནས་ཤོག་བུ་གཙང་མའི་ངོས་སུ་གསལ་དག་སྒོས་ཕབ་ཚར་འདུག  སློབ་བུ་རེ་རེ་ལ་དཔེར་ན་རྩོམ་པ་པོའི་ལོ་རྒྱུས་རྒྱུས་ལོན་དང་གནས་སྟངས་ཐད་ཀྱི་འབྲེལ་ཡོད་བརྡ་འཕྲིན་དང་བརྗོད་དོན་གཙོ་བོ།  རྩོམ་སྟངས་ཀྱི་ཁྱད་ཆོས།  རྟོགས་དཀའ་བའི་མིང་ཚིག་རྣམས་ང་ཚོ་བཞིན་སྒོ་སམ་སྟེང་དུ་བསྐྱར་པར་དང་དགེ་རྒན་གྱིས་འགྲེལ་བཤད་ཙམ་པོ་ལ་བརྟེན་པའི་སློབ་ཁྲིད་བྱེད་སྟངས་དེ་འདྲ་ཞིག་གཏན་ནས་མིན།
             ཁོ་རང་ཚོས་རྩོམ་པ་པོའི་ལོ་རྒྱུས་ལྟ་བུ་ཞིག་ལ་ཆ་མཚོན་ནའང་།  དཔེར་ན་སློབ་བུ་རྣམས་ལ་ཁྱོད་རང་ཚོས་རྩོམ་པ་པོ་གྲགས་ཅན་གང་དག་ངོ་ཤེས་སམ།  ཞེས་པ་ལྟ་བུའི་དྲི་བ་ཞིག་གིས་སྣེ་ཁྲིད་དེ་སློབ་མ་རྣམས་ཀྱིས་རྩོམ་པ་པོ་མང་པོ་ཞིག་གིས་མིང་གླེང་རྗེས།   འོ་ན་ཁྱོད་རང་ཚོས་རྩོམ་པ་པོ་ཆེ་གེ་མོ་ཤེས་སམ།  གལ་ཏེ་ཤེས་ན་ཁོ་རང་གང་ནས་ཡིན་པ་དང་གྲགས་ཆེ་བའི་བརྩམས་ཆོས་གང་དག་ཡོད།  དཔྱད་སྡུར་བརྒྱུད་ནས་དགེ་རྒན་གྱིས་སྣེ་སྟོན་འོག  །རྩོམ་པ་པོའི་གནས་སྟངས་མང་པོ་ཞིག་སློབ་མ་རང་ངོས་ནས་བསམ་གཞིག་དང་དཔྱད་སྡུར།  དགེ་རྒན་གྱིས་སྣེ་སྟོན་ལ་བརྟེན་ནས་ཤེས་བྱའི་རྒྱགས་ཕྱེ་བསྡུ་ལེན་བྱེད་བཞིན་ཡོད།  
             སློབ་ཁྲིད་ནི་སློབ་མའི་ཤེས་རིག་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན།  བསམ་གཞིག་དང་ལག་ལེན།  རིག་སྟོབས་ཀྱི་ནུས་པ་སོགས་སྐྱེད་སྲིང་བྱེད་པ་ལ་ཐད་ཀར་དུ་དམིགས་བཙུགས་པ་ཞིག་ཡིན་ན།  སློབ་ཁྲིད་ཁྲོད་ཀྱི་ཆུ་ཚོད་དང་བྱ་འགུལ་གྱི་བདག་པོ་དངོས་ནི་སློབ་མ་ཡིན་ལ།  སློབ་ཁྲིད་ཀྱི་བྱ་འགུལ་ཐམས་ཅད་གསོན་ཉམས་ལྡན་པའི་སྒོ་ནས་སྤེལ་རྒྱུ་ནི་དགེ་རྒན་གྱི་འོས་འགན་ཞིག་ཡིན་པ་ལས།  བྱ་འགུལ་དེ་ཡང་སློབ་མའི་ཤེས་རིག་འཕེལ་རྒྱས་ལ་དངོས་སུ་རམ་འདེགས་ཞུ་ནུས་པ་དག་དགེ་རྒན་གྱིས་རང་འགུལ་སྒོས་སྔོག་འདོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད།  སློབ་ཚན་གྱི་བརྗོད་དོན་ངོ་སྤྲོད་དང་མིང་ཚིག་འགྲེལ་བཤད།  རང་གྲུབ་ཚན་པ།  བརྗོད་དོན་གཙོ་བོ།  རྩོམ་སྟངས་ཀྱི་ཁྱད་ཆོས་སོགས་གང་འདྲ་ཞིག་ཡིན་ནའང་།  སློབ་མའི་བསམ་གཞིག་དང་ལག་ལེན།  རིག་སྟོབས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་པའི་རྒྱུ་ཆ་སྔོག་འདོན་དང་འདོན་སྤེལ་བྱ་རྒྱུ་ནི་དགེ་རྒན་གྱི་ཐུན་མོང་མ་ཡིན་པའི་འགན་འཁྲི་ཞིག་ཡིན། 
             སྒོ་སམ་ཇུས་འགོད་ལྟ་བུ་ལ་ཆ་མཚོན་ནའང་།  ང་ཚོའི་སྒོ་སམ་ཇུས་འགོད་ཀྱིས་ཟིན་པའི་བརྗོད་དོན་མང་པོ་ཞིག་དབྱིན་ཇིའི་དགེ་རྒན་གྱིས་སྔ་ས་ནས་གྲ་སྒྲིག་བྱས་ཚར་བ་མ་ཟད།  གྲ་སྒྲིག་དེ་ནི་ང་ཚོ་ནང་བཞིན་དགེ་སློབ་ཕན་ཚུན་བར་གྱི་བསྐྱར་པར་འཕྲུལ་ཆས་ཀྱི་ནུས་པ་འདོན་པ་དེ་ལྟ་བུ་ཞིག་གཏན་ནས་མིན།  ཁོ་རང་ཚོའི་སློབ་ཁྲིད་ནི་དངོས་གནས་སློབ་མའི་འཕེལ་རྒྱས་གཙོ་བོ་འཛིན་པའི་ཁ་མིན་དོན་གྱི་སློབ་ཁང་གི་སློབ་ཁྲིད་ཅིག་ཡིན་ལ།  སྒོ་སམ་ཇུས་འགོད་ཀྱི་ཆ་ནས་ཀྱང་དགེ་སློབ་གཉིས་ཀའི་ཁོ་རང་ཚོའི་སློབ་ཁང་གི་སློབ་ཁྲིད་ཁྲོད་ཀྱི་ཤེས་བྱ་དང་ཉམས་མྱོང་།  དཀའ་གནད་ཕྱོགས་སྡོམ་བྱེད་སའི་དམིགས་བསལ་གྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད། 
             བདུན་པ།  སྨྱན་མང་གཟུགས་བེད་སྤྱད་དེ་སློབ་ཁྲིད་འཐུས་ཚང་དུ་སྤེལ་བ། 
             སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ནི་ད་ལྟ་རྒྱལ་ཁབ་དང་ས་གནས་གང་འདྲ་ཞིག་ལ་ཁ་གཏད་དེ་བརྗོད་ནའང་།  དེ་ནི་ཧ་ལས་དགོས་པ་དང་ཧང་སངས་དགོས་པའི་སློབ་གསོའི་རྣམ་པ་གསར་རྐྱང་དང་ངོ་མཚར་པ་ཞིག་ཏུ་སུས་ཀྱང་ངོས་འཛིན་བྱེད་ཀྱིན་མེད། དེ་ནི་སློབ་གསོའི་ལས་གནས་སུ་བེད་སྤྱོད་གནང་བཞིན་པའི་སྤྱིར་བཏང་གི་ལས་ཤིག་ཡིན་པའི་རྐྱེན་རེད། ཡིན་ནའང་ང་ཚོས་ཉམས་ཞིབ་དང་ཡིད་འཇོག་བྱེད་དགོས་པ་ནི་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ལ་བརྟེན་ནས་མིའི་ཤེས་རྒྱུད་ཀྱི་འཇོན་ཐང་སྲིད་ན་དཀོན་པ་དེ་སྔོག་འདོན་བྱ་བའི་ཐད་ནས་དབྱིན་ཇི་ལྟར་ནུས་པ་རང་རྐྱ་ཐུབ་པ་ཞིག་གཏན་ནས་འདོན་ཐུབ་ཀྱིན་མེད། 
             ད་ལྟ་ང་ཚོའི་སློབ་གསོའི་ལས་གནས་སུའང་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ཀྱི་ཡོ་ཆས་དེ་འདྲ་ཆ་ཚང་ཞིག་མིན་ནའང་།  བལྟོས་བཅས་ཀྱི་བེད་སྤྱོད་ཕྱོགས་རེ་བ་ཙམ་གཏོང་ཐུབ་ཀྱིན་ཡོད།  དེའང་དོན་དངོས་སུ་སློབ་མའི་ཤེས་བྱ་ཡར་རྒྱས་ཐད་ནས་དམིགས་བཙུགས་ཏེ་ཁྱབ་གདལ་དུ་གཏོང་བཞིན་པའི་སློབ་གསོའི་གནས་སྟངས་ཤིག་ཡིན་ཀྱང་།   དེས་ཐད་ཀར་དུ་སློབ་མའི་ཤེས་བྱ་སྡུད་ལེན་དང་བསམ་གཞིག་སྐྱེད་སྲིང་།  ལག་ལེན་དངོས་མྱོང་།   གསར་གཏོད་གནད་འདོན་གྱི་ནུས་པ་ཞིག་གཏན་ནས་འདོན་ཐུབ་ཀྱིན་མེད།  ཐ་ན་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ཀྱི་ཡོ་ཆས་བེད་སྤྱོད་བྱེད་མི་ཤེས་པའི་སློབ་གསོ་དོ་དམ་པ་དང་དགེ་རྒན་ག་ཚོད་ཡོད།  གལ་ཏེ་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱེད་ཐུབ་པའི་དགེ་རྒན་ཞིག་ཡིན་ནའང་ཁྱོད་ཀྱི་སློབ་ཁྲིད་ཁྲོད་སྨྱན་མང་གཟུགས་ཀྱིས་སློབ་ཁྲིད་ཀྱིས་གྲངས་ཚད་ག་ཚོད་ཟིན་ཡོད།  སྨྱན་མང་གཟུགས་ཀྱི་སློབ་གསོའི་ནུས་པ་སྔོག་འདོན་བྱེད་པའི་རྒྱུ་ཆ་དང་བྱེད་ཐབས།  བེད་སྤྱོད་ཀྱི་ཐད་ནས་ཞིབ་ཏུ་བསམ་བློ་རེ་བཏང་ན་ནི།  ང་ཚོའི་སྨྱན་མང་གཟུགས་སློབ་ཁྲིད་ནི་གོང་རིམ་གྱི་མགོ་ཁྲིད་ལ་སློབ་གྲྭའི་སྒྲིག་ཆས་ངོམས་བྱེད་དང་དགེ་རྒན་རྣམས་ཀྱིས་བྱ་དགའ་ལེན་སྤྱད་ཀྱི་སློབ་ཁྲིད་འགྲན་བསྡུར་སྤེལ་ས་ཞིག  །ཡང་ན་རང་ཉིད་ཀྱི་འཇོན་ཐང་གཞན་ལ་འཁྲབ་སྟོན་བྱེད་ས་ཙམ་ལས་སློབ་མའི་མདུན་ལམ་དང་ཕུགས་བསམ།  མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་སློབ་གསོའི་ནུས་པ་སྔོག་འདོན་གྱི་ལས་ཤིག་ཏུ་བསམ་ཀྱིན་མེད། 
             དབྱིན་ཇི་ལྟ་བུའི་སློབ་ཁྲིད་ཀྱི་ཁྲོད་བསླབ་བྱ་གང་འདྲ་ཞིག་ཡིན་ནའང་།  སྨྱན་མང་བེད་སྤྱོད་ཀྱིས་བརྒྱ་ཆའི་བདུན་ཅུ་ནས་བརྒྱད་ཅུ་ལྷག་ཟིན་པ་རེད།  དེ་ནི་སློབ་མའི་ཤེས་རྒྱུད་ཀྱི་ནུས་པ་སྔོག་འདོན་བྱེད་སའི་སློབ་ཁྲིད་ཀྱི་བྱེད་སྒོ་ཉག་གཅིག་ཏུ་གྱུར་ཡོད་ལ།  དགེ་རྒན་དང་བསླབ་ཁྲིད་རིས་མེད་ཀྱིས་སློབ་གསོའི་ཐོན་ཁུངས་སྔོག་འདོན་བྱེད་སའི་གཏེར་ཁ་དང་ཡང་ན་དགེ་རྒན་གྱིས་སློབ་ཁྲིད་ལ་རམ་འདེགས་དང་སློབ་མའི་སློབ་སྦྱོང་གི་འཚོ་བ་ཕུན་ཚོགས།   བསམ་གཞིག་དང་གསར་གཏོད་ཀྱི་ནུས་པ་རྒྱ་བསྐྱེད་དུ་གཏོང་བའི་ཆ་ཤས་ཅིག་ལས་ང་ཚོ་ནང་བཞིན་ཆེས་ལྐོག་གྱུར་གྱི་གནས་ཤིག་ཏུ་གཏན་ནས་བགྲང་ཀྱིན་མེད། 
             སྨྱང་མང་གཟུགས་ཀྱི་སློབ་ཁྲིད་རྒྱ་ཆེར་བེད་སྤྱོད་གནང་བ་དེས་ང་ཚོའི་མིག་མདུན་གྱི་སློབ་ཁྲིད་དང་སློབ་གསོ།  སྤྱི་ཚོགས།  མི་རིགས།  རྒྱལ་ཁབ།  ཐ་ན་འཛམ་གླིང་གི་ལས་ག་འདྲ་ཞིག་ཡིན་ཀྱང་འདི་ཉིད་དང་ཁ་འབྲལ་ཐབས་མེད་པའི་ཚོར་སྣང་ཞིག་དངོས་སུ་སྟེར་ལ།  ལྷག་དོན་སློབ་གསོའི་ལས་གནས་སུ་རྒྱ་ཁྱབ་ཏུ་བེད་སྤྱོད་གནང་བཞིན་པ་འདི་ནི་སློབ་གསོ་བྱ་བ་དངོས་གནས་དེང་རབས་ཅན་དང་འཛམ་གླིང་།  མ་འོངས་པ་ལ་ཁ་ཕྱོགས་ཐུབ་པར་གདེངས་ཚོད་ཆེན་པོ་ཞིག་ནམ་ཀུན་སྟེར། 
དབྱིན་ཇིའི་སློབ་ཁང་གི་སློབ་ཁྲིད་ཁྲོད་སྨྱན་མང་གཟུགས་ཀྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་བྱེད་པའི་རྣམ་པ་རྒྱ་ཆེ་ལ།  དོན་གྱི་གཏིང་ཟབ་པ།  བྱེད་ཐབས་འཛོམས་པར་མ་ཟད།  སློབ་ཁང་གི་སློབ་ཁྲིད་ཁྲོད་དགེ་སློབ་ཐུན་མོང་གི་རིས་མེད་དུ་སྤྱོད་པའི་མི་ནུས་སྔོག་འདོན་གྱི་བྱེད་སྒོ་ཆེས་སྤྱིར་བཏང་བ་ཞིག་ཡིན་པ་ལས།  ང་ཚོ་ལྟ་བུའི་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བེད་སྤྱོད་ལྟར་སྣང་དང་རྣམ་པ་ཙམ་པོ་ཞིག་གཏན་ནས་མིན། 
             ཁོ་རང་ཚོས་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ལ་བརྟེན་ནས་འཛམ་གླིང་གི་ཤེས་བྱ་དང་བརྡ་འཕྲིན་མང་པོ་ཞིག་ཐད་ཀར་དུ་རོ་མྱོང་ངོས་གཙང་བྱེད་བཞིན་ཡོད་པར་མ་ཟད། སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ཁྲོད་བེད་སྤྱོད་བྱེད་པའི་འདྲ་རིས་དང་བརྙན་གཟུགས།  འགུལ་རིས།  དབྱེ་ཞིབ་རྒྱུ་ཆ་སོགས་སྣ་མང་ཕུན་སུམ་ཚོགས་པས།  དེས་སློབ་མ་རྣམས་སློབ་སྦྱོང་ལ་དགའ་བ་དང་མ་འོངས་པར་དགའ་བ།  གསར་གཏོད་ལ་དགའ་བའི་འགྲོ་ལམ་ཡངས་པོ་ཞིག་ཏུ་ཁྲིད་པར་ནུས་པ་ཆེན་པོ་ཞིག་འདོན་ཀྱིན་ཡོད་པར་མ་ཟད། སློབ་ཁང་གི་སློབ་ཁྲིད་དེ་གཞན་དང་མི་འདྲ་བར་གསོན་ཉམས་ལྡན་པ་དང་ནུས་པ་ཆེ་བའི་སློབ་གསོའི་བྱེད་སྒོ་ལེགས་པོ་ཞིག་ཏུ་དུས་དང་རྣམ་པ་ཀུན་ཏུ་བསྒྱུར་ཀྱིན་མཆིས་སོ། ། 
             (2012ལོའི་ཟླ5ཚེས7ལ་དབྱིན་ཇིའི་རེན་ཇེན་གྲོང་ཁྱེར་གྱི་རང་ཤག་ཏུ་བྲིས།  2014ལོའི་ཟླ6 པར་བསྐྱར་བཅོས་བགྱིས།)
འབྲེལ་ཡོད་རྩོམ་ཡིག