ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཁྱེད་ལ་ཉིན་མོར་གཉིད་ཡོང་ཞིང་མཚན་མོར་གཉིད་མི་ཡོང་ན།འདི་ལྟར་བྱེད།

2020-08-27 སྣང་རྡོས་བསྒྲིགས།
            ཁྱེད་རང་ཉིན་མོར་གཉིད་ཡོང་ཞིང་མཚན་མོར་གཉིད་མི་ཡོང་ན། ཁྱེད་ཀྱིས་རང་གི་གཉིད་ཚད་ལ་སྙོམས་སྒྲིག་ཅིག་བྱེད་དགོས་ཡོད།

            ཁྱེད་རང་དུས་ཡུན་ག་ཚོད་རིང་ལ་གཉིད་སྐྱིད་པོ་ཞིག་ཁུག་མེད་དམ། མིའི་དུས་ཚོད་ཀྱི་གསུམ་ཆ་གཅིག་གི་ཚང་མ་མལ་ཁྲིའི་སྟེང་ནས་བསྐྱལ་དགོས་ཀྱང་། མི་དེ་བས་མང་བ་ཞིག་ལ་ཉིན་མོར་ལས་ཀའི་གནོན་ཤུགས་ཆེ་བ་དང་རིག་པ་གསལ་པོ་མེད་པས་དགོང་མོ་གཉིད་ཡག་པོ་ཁུག་མི་ཐུབ་པའམ་གཉིད་མི་ཡོང་བའི་སྣང་ཚུལ་བྱུང་གིན་ཡོད། དེའི་ཕྱིར་གཉིད་ཡོང་མིན་དེ་མི་མང་པོ་ཞིག་ལ་མཚོན་ན་རང་གི་ལུས་སེམས་ལ་གནོད་པའི་གནད་དོན་ཞིག་ཏུ་གྱུར་ཡོད། འོ་ན་ཇི་ལྟར་བྱས་ན་གཉིད་ཡག་པོ་ཞིག་ཁུག་ཐུབ་བམ་ཞེ་ན། དེ་ནི་རང་ཉིད་ཀྱི་གཉིད་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་རྣམས་རྒྱུས་ལོན་ཡག་པོ་བྱེད་པ་ནས་བཅོས་སྒྱུར་གཏོང་དགོས། 

            སྐྱེ་དངོས་ཆུ་ཚོད་དང་གཉིད་ཀྱི་གནོན་ཤུགས་ནི་ང་ཚོར་ཉིན་མཚན་གང་རུང་ལ་སད་པ་དང་གཉིད་པར་བྱེད་པའི་རྒྱུ་རྐྱེན་ཆེན་པོ་གཉིས་ཡིན་ཞིང་། དེའི་ཁྲོད་དུ་སྐྱེ་དངོས་ཆུ་ཚོད་ལ་འོད་ཐིག་གི་ཤུགས་རྐྱེན་ཆེས་ཆེ་བས་ཀླད་པའི་ཟགས་ཐོན་དངོས་རྫས་ཀྱིས་སད་པ་དང་གཉིད་ཡུར་བའི་ཚད་གཞི་ལ་སྙོམས་སྒྲིག་བྱེད་བཞིན་ཡོད་པ་དང་། དེའི་ནང་གི་ནུས་པ་ཆེས་མངོན་གསལ་ཞིག་ནི་མུན་དོར་རྒྱུ་སྐུལ་དེ་རེད། མཚན་མོ་སླེབས་ནས་མུན་རུབ་པར་གྱུར་བ་ན་ཀླད་པའི་ནང་གི་མུན་དོར་རྒྱུ་སྐུལ་མངོན་གསལ་གྱིས་ཟགས་ཐོན་བྱས་ཏེ་གཉིད་འདོད་ཇེ་ཆེར་འགྲོ་བ་ཡིན་ལ། གལ་ཏེ་མཚན་མོར་འོད་ཐིག་ཧ་ཅང་གསལ་དྲགས་ན་མུན་དོར་རྒྱུ་སྐུལ་ཟགས་ཐོན་ཇེ་ཉུང་དུ་སོང་སྟེ་གཉིད་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན་མཚན་མོར་གཉིད་དུ་མ་ཡུར་པའི་ཡར་སྔོན་དུ་ལག་ཁྱེར་ཁ་པར་སོགས་བརྙན་ཡོལ་ལ་བལྟ་རྒྱུ་ཇེ་ཉུང་དུ་བཏང་ནས་གཉིད་ཡུར་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་དང་། འོད་འགོག་ཐུབ་པའི་དྲ་ཡོལ་དང་སྐྱིད་སྣང་དོད་པའི་མལ་ཁྲིའི་རིགས་བཀོལ་དགོས།
            སྐྱེ་དངོས་དུས་ཚོད་ལ་ད་དུང་བཟའ་བཏུང་དང་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་སྲིད་པས་ཕྱི་དྲོར་ཁོ་ཧྥེན་རྒྱུ་ཡོད་པའི་ཟས་རིགས་ཟ་མི་འོས། དཔེར་ན་ཁ་ཧྥེ ཁ་ཧྥེ་དང་ཇ། ཁུ་ནག ཁྲོག་ལེ་སོགས་ལྟ་བུ། ཉལ་ཁར་ཐ་མག་འཐེན་པ་དང་ཆང་རག་མི་འཐུང་བ་དང་། དགོང་ཟས་མི་བཟའ་བར་ཁོག་སྟོང་ངམ་ཡང་ན་སྣུམ་ཞག་མང་ཞིང་འཇུ་དཀའ་བའི་ཟས་བཟའ་མི་རུང་། དུས་ངེས་ཅན་ལྟར་ལུས་ཕུང་སྦྱོང་བརྡར་བྱེད་པ་སོགས་ཀྱིས་སྐྱེ་དངོས་དུས་མཚམས་ལ་སྙོམས་སྒྲིག་བྱེད་པར་ཕན། དུས་མཚུངས་སུ་ཉལ་ཁར་འགུལ་སྐྱོད་དྲག་པོ་བྱེད་མི་འོས་ལ་ལུས་རྩལ་ལ་དགའ་མཁན་རྣམས་ཀྱིས་མ་ཉལ་གོང་གི་ཆུ་ཚོད་གཉིས་ནས་གསུམ་དུ་འགུལ་སྐྱོད་བྱས་ནས་གཉིད་ཡོང་བར་སྲུང་སྐྱོབ་བྱེད་དགོས།
           
           སྐྱེ་དངོས་དུས་མཚམས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཞན་ཞིག་ནི་གཉིད་ལོག་པའི་གནོན་ཤུགས་ཡིན་ལ། དེ་ནི་གཉིད་སད་པའི་དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་ཀླད་པར་རྒྱུན་ཆད་མེད་པར་གཉིད་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བ་དང་གཉིད་སད་པའི་དུས་ཡུན་ཇི་ཙམ་རིང་ན་གཉིད་ཀྱི་དགོས་མཁོ་དེ་ཙམ་ཆེ་ཞིང་། མཚན་མོར་ཉལ་དུས་གཉིད་ཡུར་བ་དེ་བས་མགྱོགས་པ་དང་གཉིད་དེ་བས་ཟབ་པ། གཉིད་དེ་བས་ལྕི་བ། གཉིད་ཁུག་པའི་དུས་ཡུན་ཡང་དེ་བས་རིང་དུ་འགྲོ་སྲིད། དེའི་ཕྱིར་གཉིད་ཀྱི་གོམས་སྲོལ་འོས་ཤིང་འཚམ་པ་ཞིག་ཆགས་ཆེད་ང་ཚོ་གཉིད་ལས་སད་རྗེས་འཕྲལ་མར་ལངས་དགོས་པ་དང་ཉིན་གུང་གི་གཉིད་ཡུན་རིང་མི་དགོས། མདང་དགོང་ཞག་གང་བོར་གཉིད་མ་ཁུག་རུང་དེ་ལ་ཁ་གསབ་ཀྱིས་གཉིད་མི་རུང་།
           རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ནས་གོང་གསལ་ཤུགས་རྐྱེན་རྣམས་གཞིར་བཟུང་སྟེ། ཁྱོད་ཀྱི་གཉིད་ཚད་ལ་སྙོམས་སྒྲིག་ལེགས་པོ་ཞིག་བྱས་ན། དེས་ཁྱེད་རང་གཉིད་སྐྱིད་པོ་ཞིག་ཁུག་ནས་གཉིད་ཡུར་བའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་ཕན་པ་འབྱུང་ངེས།
འབྲེལ་ཡོད་རྩོམ་ཡིག