ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

རྩོམ་པ་པོ་གྲགས་ཅན་བསོད་ནམས་ལགས་ཀྱི་དཔེ་དེབ་གསར་པ་ཞིག་དོན་འདུག

2020-08-31
རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་། །
རྒྱལ་པོའི་བང་མཛོད་ནོར་གྱིས་མིན། །
འདོད་ཡོན་སྤྱད་པས་མི་ངོམས་ཏེ། །
མཁས་པ་ལེགས་བཤད་ཀྱིས་མི་ངོམས། །
——ས་པཎ།

           རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
           བོད་ཀྱི་རྩོམ་པ་པོ་གྲགས་ཅན་བསོད་ནམས་ལགས་ནི་1960ལོར་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་ཁོངས་སུ་འཁྲུངས་པ་དང་། 1985ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གསར་འགྱུར་ལས་དོན་པ་ཞིག་བྱས་པ་ནས་བཟུང་། སྔ་རྗེས་སུ་གསར་འགོད་པ་དང་། རྩོམ་སྒྲིག་པ། ལོ་ཙྰ་བ་བཅས་གནང་མྱོང་ཞིང་། གཞུང་དོན་སྤུས་འབོར་གཉིས་ལྡན་གྱིས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག 《ཚངས་སྲས་དགྱེས་པའི་སྙན་དབྱངས》དང་།《བསོད་ནམས་ཞིང་གི་སྙན་དབྱངས》《རྩྭ་ཐང་མེ་ཏོག་གི་དྲི་ཞིམ》《ས་མཐོའི་ཕུལ་བྱུང་མི་སྣ》《ཉམ་ཆུང་བུ་མོའི་ལས་དབང》《ཆེད་རྩོམ་བློ་གསལ་དགའ་སྟོན》《ས་མཐོའི་ཕུལ་བྱུང་མི་སྣ》(དེབ་གཉིས་པ)སོགས་རྩོམ་རིག་དང་རིག་གཞུང་གི་བརྩམས་ཆོས་མང་དག་ཅིག་བཏོན་གནང་ཡོད།
           ད་ལྟ་རྩོམ་པ་པོ་ཁོང་གིས་སྔར་བཞིན་ཆེད་ལས་ལག་རྩལ་གྱི་མཐོ་རིམ་གོ་མིང་ཐོག་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཞུས་ཆེན་གྱི་ཕྱག་ལས་གནང་མུས་ཐོག བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་བོད་ལྗོངས་དམངས་སྲོལ་རིག་གནས་ཚོགས་པ་དང་། དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་གནང་བཞིན་ཡོད།

           ནང་དོན་གཙོ་བོ།     
           བོད་ཀྱི་རྩོམ་པ་པོ་གྲགས་ཅན་བསོད་ནམས་ཀྱིས་བརྩམས་པའི་བཅད་ལྷུག་སྤེལ་མའི་སྒྲུང་རིང《ཐག་རིང་ནས་བསུས་པའི་མནའ་མ》ཞེས་པ་དེ་ནི་བོད་རྒྱ་ན་གཞོན་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན་ཅིང་། སྒྲུང་གཏམ་དེའི་ནང་མི་རིགས་ཐ་དད་ཀྱང་སེམས་པ་མཐུན་པའི་བོད་རིགས་གཞོན་ནུ་རྒྱལ་མཚན་དང་། རྒྱ་རིགས་གཞོན་ནུ་མ་ཟླ་བ་སྒྲོལ་དཀར་དགའ་རོགས་བསྒྲིགས་རྗེས།  ས་མཐོའི་ཞིང་གྲོང་དུ་གནས་སྐབས་འཚོ་བའི་ཁྲོད་དུ།   སྐད་ལུགས་དང་གོམས་གཤིས་སོགས་ཀྱི་བཀག་རྒྱ་ངེས་ཅན་འཕྲད་ཀྱང་། གཞོན་ནུ་ཕོ་མོའི་འགྱུར་མེད་བརྟན་པའི་བརྩེ་དུང་གི་དམ་བཅའ་མི་ཞིག་པ་དེར།  རྒྱལ་མཚན་གྱི་ཨ་མ་ཆུང་སྐྱིད་དང་ཕ་བཀྲ་རྡོར་གྱིས་བབ་བསྟུན་བགྱིས་ཏེ་རང་དབང་གཉེན་སྒྲིག་གི་གཞོན་ནུ་ཕོ་མོའི་འདོད་འདུན་བསྐངས་པའི་སྐོར་འགལ་བ་སྣ་ཚོགས་བརྒྱུད་ནས་གྲོལ་བའི་སྐོར་བཀོད་ཡོད།  
           སྒྲུང་གཏམ་གྱི་གྲུབ་ཆ་ཧྲིལ་པོའི་ནང་མི་རིགས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་བརྗོད་བྱ་གསལ་བར་བྱས་ཡོད་པ་དང་ཕྱོགས་མཚུངས། མི་རིགས་ཚང་མར་ལྡན་པའི་བསམ་བློ་དང་བྱ་སྤྱོད་ཀྱི་དགེ་མཚན་དང་ཞན་ཆ་ཡང་སྒྲོ་བསྐུར་བྲལ་བའི་ཐོག་ནས་སྒྲུང་གཏམ་གྱི་བརྒྱུད་རིམ་ནང་འཕྲོས་པ་བགྱིས་ཏེ།  མི་ཚང་མར་འཇིག་རྟེན་འཚོ་བའི་ཁྲོད་དུ་རང་ངོས་བྱ་སྤྱོད་ཀྱི་ཕྱོགས་གང་སར་སྙིགས་དོར་བཅུད་ལེན་དང་། ལྡོག་དཀའ་བའི་དགེ་སྐྱོན་འདྲེས་མར་བློ་མིག་མ་ལྡོངས་བར་ལེགས་སྤེལ་ཉེས་འགོག་བྱ་དགོས་པའི་གནས་ཧ་ཅང་མང་པོ་ཡོད་པ་བསྟན་ཡོད་ཅིང་།  ད་དུང་སྒྲུང་གཏམ་གྱི་བརྗོད་དོན་གཙོ་ཕལ་གཉིས་པོ་ཀ་གདུང་བཞིན་གནས་པའི་ཞོར་དུ།  དུས་རབས་ཀྱི་འཕོ་འགྱུར་བཟང་པོ་བྱུང་བའི་བོད་མི་དམངས་ཀྱི་འཚོ་བའི་ཕྱོགས་ཀུན་ཀྱང་མངོན་པར་བྱས་ཏེ་དུས་རབས་ཀྱི་རྟ་དབྱངས་བསྒྲགས་ཡོད་པ་རེད།
           འོས་སྦྱོར་བྱེད་དོན།
           ཡིག་འབྲུ་ཁྲི་ཚོ་30ལྷག་ཙམ་ཟིན་པའི་སྒྲུང་གཏམ་འདིར་བརྗོད་བྱར་བསྟུན་པའི་ཐོག་ནས་ལེའུ་དྲུག་ཏུ་དབྱེ་ཡོད་པ་དང་། བརྗོད་དོན་ཧྲིལ་པོ་བཅད་ལྷུག་སྤེལ་མའི་ལམ་ནས་ངོ་སྤྲོད་པ་འདི་ཡང་།  སྔར་སོང་བོད་ཀྱི་རྩོམ་སྲོལ་ལྟར་གྱི་བཅད་ལྷུག་སྤེལ་མ་དང་ཅུང་ཟད་མི་མཚུངས་པའི་སྒྱུ་རྩལ་གྱི་རྣམ་པ་ལྡན་ཡོད་པ་ནི།  རྩོམ་པ་པོས་བརྗོད་དོན་གསར་རྩོམ་གྱི་ནང་རྩོམ་ལུས་ལའང་གྲུབ་ཚུལ་གསར་གཏོད་བྱས་པ་ཞིག་ཡིན་པ་ནི།  ཀློག་པ་པོས་སྒྲུང་གཏམ་གཟིགས་བཞིན་དུ་ངེས་ཤེས་རྙེད་ཐུབ།  
           སྒྲུང་གཏམ་འདིའི་མི་སྣ་གཙོ་གྲས་སློབ་གྲྭ་ཆེན་མོ་བས་ལས་ཞུགས་གོང་དགའ་རོགས་བསྒྲིགས་པ་དང་།  སློབ་ཆེན་སློབ་མས་དགའ་རོགས་ལས་གནས་སུ་ཁྲིད་པ་སོགས་དངོས་སུ་བྱུང་བ་ཞིག་ཡིན་མིན་ཇི་ལྟར་ཡང་།  ཇི་ལྟར་སྲིད་པ་འཇིག་རྟེན་དུ་ཅི་ཡང་ཡོང་སྲིད་པའི་འཆར་ཡན་ལ་བརྟེན་པ་ནས།  དེང་འདིར་ན་གཞོན་ཕོ་མོར་ཚེ་གཅིག་གི་འདུན་མར་རང་དབང་ཤིན་ཏུ་ཆེ་བའི་ཕྱོགས་ཤིག་ཀྱང་མངོན་པར་བྱས་ཡོད་པ་དང་།  སློབ་ཆེན་སློབ་མས་ལས་གནས་འགྲིམས་རིམ་དུ།   དེའི་ཁོར་ཡུག་ཏུ་གྱུར་པའི་གཞི་རིམ་ལས་བྱེད་པའི་འཚོ་བའི་ཆ་ཤས་ཀྱང་མངོན་པར་བྱས་ཡོད་པ་ནི།  ལོ་མང་ཞིང་འབྲོག་ཁུལ་གྱི་འཐབ་ཕྱོགས་དང་པོར་དཀའ་བ་ཁུར་དུ་བཟོད་པའི་ལས་བྱེད་ལས་བཟོའི་གཟུགས་བརྙན་ལེགས་པར་བཏོད་པ་ཞིག་ཏུའང་གྱུར་ཡོད།
           མདོར་ན།  རྩོམ་པ་པོ་བསོད་ནམས་ཀྱིས་གསར་དུ་བརྩམས་པའི་སྒྲུང་རིང་འདི་ནི།  འཚོ་བ་དང་ཉེ་བཅར་བྱས་པའི་སྒྲུང་རིང་ཞིག་དང་།  བོད་ཀྱི་སྲོལ་རྒྱུན་བཅད་ལྷུག་སྤེལ་མའི་འཆད་རྩོམ་རྒྱུན་འཛིན་དར་སྤེལ་གཏོང་བའི་སྒྲུང་རིང་ཞིག་ཡིན་ལ།  འདི་ནི་མི་རིགས་མཐུན་སྒྲིལ་གྱི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བའི་བརྩམས་ཆོས་ཁྱད་པར་ཅན་ཞིག་ཀྱང་ཡིན་ཅིང་།  སྒྲུང་གཏམ་གྱི་མི་སྣ་གཙོ་ཕལ་གང་རུང་གི་གཏམ་སྤྱོད་འབྲེལ་ཆགས་པ་དང་།  ཁོར་ཡུག་བཀོད་འབྲི་ལེགས་པ།  དེ་བས་ཀྱང་ཚིག་སྦྱོར་ལེགས་པོས་མི་སྣའི་སྐད་ཆ་ཇི་ཡོད་གསོན་ཉམས་དོད་པོར་གྱུར་ཡོད་པ་དང་། སྒྲུང་རིང་འདིའི་སྲོག་ཤིང་ལྟ་བུར་གྱུར་པའི་སྙན་ཚིག་རྣམས་ལ།  དགོད་བྲོ་དང་།  ཟུར་ཟ།  བསྟོད་སྨོན།  རབ་བཏགས་སོགས་ཀྱི་ཉམས་སྣང་སྣ་ཚོགས་ལྡན་ཡོད་པ་ནི་ཀློག་པ་པོས་མ་གཟིགས་རང་གཟིགས་སུ་གྱུར་པའི་སྒྱུ་རྩལ་གྱི་སྟོན་མོ་འབའ་ཞིག་ཏུ་གྱུར་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག