ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཧུའུ་ཧྲིའི་མཐོང་སྣང་གི་ཤར་ནུབ་རིག་གནས། (སྔ་དུམ།)

2015-08-11 གུ་རུས་བསྒྱུར།
ཤར་ནུབ་རིག་གནས་གཤིབ་བསྡུར།
གཅིག
   ཉེ་བའི་ལོ་འདི་འགར། ཡོ་རབ་ཀྱི་ཤེས་ཡོན་པ་མ་རྩ་རིང་ལུགས་ལ་བློ་མི་དད་པ་འགའ་ཞིག་གིས་ད་ནི་ནུབ་གླིང་གི་དངོས་པོའི་དཔལ་ཡོན་འཐོར་ཞིག་ཏུ་གྱུར་ནས་ཤར་གླིང་གི་བསམ་པའི་དཔལ་ཡོན་རྩ་ལག་རྒྱས་པའི་དུས་ལ་སོན་ཞེས་སྨྲ་བ་དང་།  ན་ལོ་ང་རང་འཇར་མན་དུ་བསྡད་དུས། ཤེས་ཡོན་པ་རིག་གནས་རབ་འབྱམས་ཁོང་དུ་ཆུད་པ་ཞིག་གིས་ཁོ་བོར་འདི་བཞིན་བརྗོད་དེ། ཤར་གླིང་རིག་གནས་ནི་བསམ་པའི་དཔལ་ཡོན་རྩ་བ་བྱས་ནས་གྲུབ་པ་ཡིན་ཏེ། ཡུལ་དེར་འཚོས་པའི་སྐྱེ་བོ་ཡོངས་ཀྱིས་ཀུན་སྤྱོད་ཀྱི་ལེགས་དམན་བླ་སྲོག་དག་ཞིང་དུ་འདྲེན་པའི་ཚད་གཞིར་འཛིན་ལ། སྐྱེ་བ་སྔ་ཕྱིའི་རྣམ་གཞག་ཀྱང་དེ་ལྟ་བུ་མ་ཡིན་ནམ་ཞེས་བཤད། སྨྲས་ཚད་འདི་དག་ནི་ཁོ་ཚོ་དམག་འཁྲུག་ལ་ཞེན་ལོག་པར་གྱུར་བའི་སེམས་ཀྱི་དྲན་ཚོར་ཞིག་ཏུ་འཁུམས་མོད། ཤར་གླིང་རིག་གནས་ངོམ་སོ་འཕྱར་སྤྲོ་བ་དེ་དག་ལ་མཚོན་ན། འདི་ནི་ཁོ་ཚོས་རྔམ་ཟིལ་མངོན་ཆོག་པའི་དཔང་རྟགས་རྣོན་པོ་ཞིག་ཅི་ལ་མིན། ཡིན་ནའང་། ཁོ་བོའི་མཐོང་ཐོས་མྱོང་གསུམ་ལྟར་ན། འདོད་ཚུལ་འདི་རིགས་ནི་ནུབ་གླིང་པ་དེ་དག་གིས་ཉིན་རེ་ནས་ཟླ་རེར་གོང་ནས་གོང་དུ་འཕེལ་བའི་རིག་གནས་དེ་གར་གོ་རྟོགས་ཡང་དག་ཅིག་མ་བྱུང་པས་ཡིན་ལས་ཆེ། དེ་ལྟར་ན། ཁོ་བོས་ཤར་ནུབ་རིག་གནས་གཤིབ་བསྡུར་གྱི་རྩོམ་ཡིག་འདི་བྲིས་ཏེ་ཀུན་ནས་རིག་གནས་འདི་གཉིས་ལ་ངེས་ཤེས་རྣལ་མ་ཞིག་ཨེ་ཡོང་རེ་བ་ཡིན། 

གཉིས།
   ང་རང་ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས་ཁུང་ཙི་ནས་གླེང་སློང་དགོས་བར་འདུག་སྟེ། ཁུང་ཙིའི་རྫས་ཀྱི་གྲུབ་ལུགས་སྨྲ་བའི་གཞུང་དུ། རིག་གནས་མཐའ་དག་གི་འབྱུང་གཞི་སེམས་ལ་རག་ལས་ཤིང་བློ་ཡིས་བསྐྱེད་པར་བཞེད་དེ། “ མིག་ལ་ཐོགས་པ་སྣང་ཡུལ་དང་། །གཟུགས་སུ་རུང་བ་དབྱིབས་ཞེས་སྨྲ། །གང་དག་བཟོས་ཤིང་སྤྱད་པ་ལ། ཆོས་ཉིད་བྱ་བའི་མིང་འདོགས་ཏེ། །དེ་ལ་འདྲེས་ཤིང་གོམས་པ་ཡིས། །འཇིག་རྟེན་ལྷ་ཡི་མཚན་ཡང་གསོལ། །ཞེས་སྨྲས་ཤིང་། ཁུང་ཙིས་སྒྲུབ་བྱེད་མང་དུ་བཀོད་དེ་གཞུང་འདིའི་རང་ལུགས་ཚད་མ་ཡིན་པར་བསྟན་ཡོད། འུ་ཅག་གིས་ཤིང་དུམ་མཚོ་ངོས་སུ་གཡང་ནས་ནུབ་པར་མི་འགྱུར་བ་མཐོང་བས་མཚོ་གྲུ་བཟོ་ཤེས་པར་གྱུར་བ་དང་། ཤིང་དུམ་མཚོ་རུ་འཐིམས་ཀྱང་རུལ་མི་ཞུགས་པ་རྟོགས་པས་བེམ་པོ་པུར་སྒྲོམ་དུ་འཇུག་སྲོལ་བྱུང་བ་དང་། ཆར་ཆུ་ས་ལ་ཟད་པའི་ཆོས་ཉིད་ལས་ལོ་རྒྱུས་ཐོ་རུ་འགོད་པའི་ཡི་གེ་བཟོས་པ་ཡིན་ཏེ། དེ་ལྟར་མ་ཡིན་ཚེ། སྔར་གྱི་བྱུང་རབས་ཀུན་ཀྱང་ས་རུ་ཟད་པའི་ཆར་ཆུ་ཇི་བཞིན་མི་མཐོང་བའི་དབྱིངས་ལ་འཐིམ་མི་འགྱུར་བའི་ངེས་པ་ག་ལ་ཡོད། 
   ཕ་ལཱ་ཐོ(Plato)དང་ཨརི་ཟི་ཐོ་ཐེ(Aristotle) གཉིས་ཀྱིས་ཀྱང་གཞུང་འདི་ལྟ་བུ་བརྩམས་མྱོང་ལ། མིའི་རིགས་ཀྱི་ཡོ་ཆས་དང་ལམ་ལུགས་མཐའ་དག་ཡིད་ཤེས་ལས་བྱུང་བར་འདོད་དེ། དེ་ནི་ཨརི་ཟི་ཐོ་ཐེ་ཡིས་གཟུགས་རྒྱུ(Formal Cause) ཞེས་སྨྲ་བ་དེའོ། །ཁུང་ཙི་དང་ཕ་ལཱ་ཐོ། ཨརི་ཟི་ཐོ་ཐེ་སོགས་ནི་སྤྱི་ལོ་སྔོན་གྱི་དུས་སུ་སྐུ་འཁྲུངས་ཤིང་། དུས་དེ་ཙ་ན་དངོས་པོ་དང་བསམ་པ་ཞེས་པའི་གཞི་གཉིས་རིང་ལུགས་བྱ་བའང་གུད་དུ་མེད་པས། ཁོ་ཚོས་དངོས་པོ་ཀུན་གྱི་རྒྱབ་ལོགས་སུ་འདུ་ཤེས་ཤིག་ཞུགས་ཡོད་པར་འདོད། 
   དོན་ལ་དངོས་པོ་རྐྱང་བས་གྲུབ་པའི་རིག་གནས་ཤིག་བཙལ་ཡང་རྙེད་པར་མི་འགྱུར་ལ། སྲིད་པའི་རིག་གནས་མཐའ་དག་རང་བྱུང་གི་རྒྱུ་དང་ནུས་པ་ཡོ་བྱད་བྱས་ཤིང་རྣམ་དཔྱོད་ཀྱིས་ཡང་ཡང་བརྟགས་ཏེ། མིའི་རིགས་ཀྱི་ཆགས་པ་དང་དགའ་བ། སྲེད་པ་སོགས་སྐོང་བྱེད་དུ་བཟོས་པ་ཡིན། ང་ཚོས་སྙན་ངག་ཤོ་ལོ་ཀ་གཅིག་ལས་རྫ་བུམ་གཅིག་ལ་དངོས་པོའི་ཤན་ཞུགས་ཆེ་བར་སྨྲ་མི་རུང་ལ། དེ་བཞིན་དུ་ཝོར་ཟི་ཐོག་ཁང་ལས་སཱོ་ཕུ་ལོ་ཆོས་ཁང་ལ་བསམ་པ་ཤས་ཆེས་བའི་ཁ་ཚོན་སུ་ཡིས་ཆོད། མེ་སྒྲོན་ཤེས་པའི་དུས་ཀྱི་ཐོག་མར། སྐྱེ་བོ་ཀུན་གྱིས་མེ་སྒྲོན་པ་འདི་བསམ་པས་བསྐྱེད་ཅིང་རླབས་ཆེན་གྱི་ལྷ་གང་ཞིག་གིས་གསར་དུ་བཟོས་པ་ཡིན་པར་འདོད། ཀྲུང་གོའི་ལྷ་སྒྲུང་གི་དུས་རབས་སུ། རྒྱལ་བོ་ཆོས་ཀྱི་འགན་མ་བཞེས་པ་མང་པོར་གསར་གཏོད་པའི་མཚན་གསོལ་བའང་ཡོད་དེ། མེ་དང་སྡོད་ཤག རྨོ་བཤོལ། གསོ་རིག་སོགས་གསར་གཏོད་བྱེད་མཁན་མང་པོ་དཔེ་རུ་འདྲེན་རྒྱུ་ཡོད། 
   འུ་ཅག་གི་མེས་པོས་ཡོ་བྱད་མཐའ་དག་ལྷ་ལས་བྱུང་བར་འདོད་པའང་གནས་ལུགས་ཀྱི་དོན་ཡོད་དེ། མིའི་རིགས་ནི་ཡོ་བྱད་བཟོ་ཤེས་པའི་སྲོག་ཆགས་ཤིག་ཡིན་པས་ཡོ་བྱད་ཀྱིས་རིག་གནས་བསྐྱེད་པ་ཡིན། འགྲོ་བ་མིའི་རིག་གནས་ཀྱི་འཕེལ་རིམ་ལ་བལྟས་ཚེ། མེ་སྤྱོད་ཤེས་པ་ནས་དུས་རིམ་གསར་བའི་སྒོ་མོ་ཐོག་མར་ཕྱེས་ཤིང་། ཞིང་ལས་ཀྱི་གསར་གཏོད་ནི་དུས་རིམ་གཉིས་པ་ཡིན་ལ། ཡི་གེ་གསར་དུ་བཟོས་པས་དུས་རིམ་གསུམ་པའི་དབུ་ཚུགས་ཤིང་། པར་འདེབས་ཀྱི་ལས་བྱུང་བ་ནས་དུས་རིམ་བཞི་བར་ཞུགས་པ་ཡིན། དུས་རབས་དཀྱིལ་མར།(སྤྱི་ལོ་སྔོན་གྱི476ལོ་ནས་སྤྱི་ལོ1453བར།) འཛམ་གླིང་གི་ཆོས་ལུགས་དག་གིས་ཀྲུང་གོའི་ཤར་ཁུལ་ནས་དབྱིན་ཇིའི་བར་གྱི་ཡུལ་ཁམས་མཐའ་དག་འཕྲེད་ཀྱིས་བཅད་དེ། ས་ལྒང་ཧྲིལ་བོ་འདིའི་རིག་གནས་གཅིག་ཀྱང་དབང་དུ་མ་བསྡུས་པ་མེད་ལ། རྗེས་སོར་རྒྱང་མཐོང་དང་རླངས་འཁོར། གློག་རླངས། སྐུད་མེད་གློག་སོགས་གསར་དུ་བཏོད་པས་འཛམ་གླིང་གི་རིག་གནས་སོ་སོ་ད་ལྟ་མཐོང་ཡུལ་དུ་གྱུར་བ་འདི་ལྟ་བུར་འཕེལ། གལ་སྲིད་དུས་རབས་དཀྱིལ་མའི་མཆོད་དཔོན་དེ་དག་སྐྱེས་བུ་དམ་པར་བསྔགས་དགོས་པ་ཡིན་ཚེ། གྷ་ལི་ལེ(Galileo)དང་ཝཱ་ཊི། (James Watt)  ཟི་ཏེཕེ་ཟོན(George Stephenson) མོར་ཟེ།(Morse) བྷེལ།(Bell) ཨདྷི་ཟོན།(Edison) ཧྥོར་དྷི་སོགས་ནི་ལྷ་རུ་བགྲང་འོས་ཤིང་། དེ་དག་ལའང་དགེ་སྒྲུབ་པ་ཕརོ་མེ་ཟེ་(Prometheus)དང་ཁཱ་དྷ་མུ་ཟི་(Caddmus)ལ་མངའ་བའི་གོ་གནས་ཡོད་ཐང་སྟེ། ཁོ་ཚོས་ཀྱང་རྣམ་དཔྱོད་ཀྱི་རྩལ་སྤྲུགས་ནས་ཡོ་བྱད་མང་དུ་བཟོས་ཤིང་རིག་གནས་རྒྱས་པར་མཛད་པས་སོ། ། 
   མི་རིགས་ཤིག་གི་རིག་གནས་ནི་མི་རིགས་གང་ཞིག་རང་གི་ཁོར་ཡུག་ལ་མཐུན་པར་གྱུར་བའི་འབྲས་བུ་ཡིན་ཏེ། གནས་དུས་ལ་བསྟུན་ཤེས་མིན་གྱི་རྩ་བ་ནི་སྐྱེ་བོ་དེ་དག་གིས་ཡོ་བྱད་སྐྲུན་པའི་རྣམ་དཔྱོད་ལ་རག་ལས་ཤིང་། རིག་གནས་དར་རྒྱས་བྱ་བའང་དོན་ལ་ཡོ་བྱད་ཀྱི་འཕེལ་རྒྱས་ལ་མ་བརྟེན་པ་མེད། རྡོ་ཆས་ཀྱི་དུས་རབས་དང་ཟངས་ཆས་ཀྱི་དུས་རབས། རྣོ་ལྕགས་ཀྱི་དུས་རབས། འཕྲུལ་ཆས་ཀྱི་དུས་རབས་སོགས་ཀྱི་སྨྲ་སྲོལ་འདི་རིགས་ཀྱིས་ཀྱང་ཕུ་དེད་ན་རིག་གནས་ཀྱི་འཕེལ་རིམ་མི་འདྲ་བ་མཚོན་ཞིང་། རིག་གནས་སོ་སོའི་ཡུལ་ཁམས་ཀྱི་འཕེལ་རྒྱས་ནི་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་ཤིན་ཏུ་ཉེའོ། ། 
   ཤར་ནུབ་རིག་གནས་ཀྱི་ཁྱད་པར་ནི་ཡོ་བྱད་ཐ་དད་པ་ཉིད་ཡིན་ཏེ། ཉེ་བའི་ལོ་ངོ་ཉིས་བརྒྱ་ལྷག་རིང་ནུབ་གླིང་བླ་ལྷག་གིས་རྒྱས་པའང་ཧྲིལ་གྱིས་བསྡུས་ན་ནུབ་གླིང་གིས་ཡོ་བྱད་གསར་ཏུ་བསྐྲུན་ནས་ལས་ཆོད་མཐོ་རུ་བཏེགས་ཤིང་རང་བྱུང་ཁམས་དབང་དུ་བསྡུས་པས་ཡིན། གནའ་བའི་དུས་སུ་ཤར་གླིང་ནས་ཀྱང་ཡོ་བྱད་ཁ་ཅིག་གསར་དུ་བཟོས་མྱོང་མོད། འབད་པའི་རྒྱུན་ཆད་དེ་ནུབ་གླིང་གི་རྗེས་མ་ཟིན་པས། ཤར་གླིང་བ་ལག་ཤེས་ཀྱི་དུས་རབས་སུ་འཚོ་དུས་ནུབ་གླིང་བས་འཕྲུལ་ཆས་དང་གློག་རླངས་སྤྱོད་ཤེས་པའི་དུས་ལ་སླེབས། མདོར་ན་ཤར་གླིང་རིག་གནས་ཀྱིས་མིའི་རྩོལ་བར་གཞི་བྱས་ཤིང་། ནུབ་གླིང་རིག་གནས་ནི་འཕྲུལ་ཆས་ལ་བརྟེན་ཡོད་དེ། ཤར་ནུབ་རིག་གནས་ཀྱི་ཁྱད་པར་ཞེས་པའང་འདི་ལས་ལྷག་པ་ཅི་ཡང་མེད། ཨ་རིའི་གྲོགས་པོ་ཞིག་གིས་ཁོ་བོར་འདི་སྐད་དུ་སྨྲས་མྱོང་སྟེ། “ཨ་རིའི་ཕོ་མོ་རྒན་གཞོན་སུ་ཡིན་ཡང་། མི་རེས་འཕྲུལ་ཆས་ཉེར་ལྔ་ནས་སུམ་ཅུ་ལྷག་བྲན་དུ་བཀོལ་ཡོད་ཀྱང་། ཀྲུང་གོ་རུ་བཞི་ཆའི་གསུམ་ཙམ་ལས་འཕྲུལ་ཆས་སྤྱོད་ཤེས་མཁན་མི་འདུག”ཅེས་སྨྲས་པ་དང་། ཡང་ཨ་རིའི་ཇུས་འགོད་པ་ཞིག་ན་རེ། “ཨ་རི་བ་རེར་གཟུགས་མེད་ཀྱི་ཁོལ་བོ་སུམ་ཅུ་སོ་ལྔ་ལྷག་ཡོད་ཅིང་། ཨ་རིའི་ལས་བཟོ་བ་དག་ནི་ལས་ཕོགས་ཀྱི་བྲན་ཏུ་གྱུར་མེད་པར་ལས་བཟོ་མང་པོའི་ལས་མགོ་བ་ཡིན”ཞེས་གླེང་། ཤར་ནུབ་རིག་གནས་ཀྱི་ཁྱད་པར་ཞེས་པ་འདི་རེད། མ་གཞིར་འཕེལ་རྒྱས་ཀྱི་མགྱོགས་བུལ་མ་འདྲ་བས་ཡིན་ཡང་། ཡུན་གྱིས་རིག་གནས་ཤིན་ཏུ་ཐ་དད་པ་གཉིས་སུ་གྱེས་སོ། ། 

གསུམ།
   1926ལོའི་ཟླ7པར་ང་རང་ཧ་ཨར་པིན་བརྒྱུད་ནས་ཡོ་རབ་ལ་ཕྱིན་པ་ཡིན།  ཧ་ཨར་པིན་ནི་ཨུ་རུ་སིའི་གླས་ཁུལ་ཞིག་ཡིན་ལ། སྔར་གྱི་དུས་སུ་གྲོང་རྡལ་ལག་མཐིལ་ཙམ་ལས་མེད་ཀྱང་། ད་སྐབས་ཤིན་ཏུ་རྒྱས་ཏེ་ཀྲུང་གོའི་བྱང་ཁུལ་གྱི་ཧྲང་ཧེ་གྲོང་ཞེས་པའི་མིང་ཡང་ཐོགས་འདུག ཧ་ཨར་པིན་དང་རྒྱང་མི་རིང་བའི་ས་ན་ཀྲུང་གོའི་གྲོང་ཁྱེར་གཞན་པ་ཞིག་ཆགས་ཡོད་དེ། དེའང་སྔོན་ཆད་ཞིང་སྡེ་ཆུང་ངུ་ཞིག་ཡིན་སྐད། ཡུལ་འདིར་ཁམས་གསེང་ལ་བསྡད་དུས་དོན་དག་གཅིག་ལ་ངས་དོ་སྣང་ཆེན་པོ་བྱེད་དགོས་བྱུང་། ཀྲུང་གོའི་གྲོང་ཁྱེར་ཡིན་སྐད་དག་ཏུ་འགྲིམ་འགྲུལ་ལ་རྐང་འཁོར་རམ་མིས་འདྲུད་འཁོར་ལོ་རྐྱང་བ་སྤྱོད་ཀྱང་། གླས་ཁུལ་དག་ཏུ་བཀས་བཅད་ནས་རྐང་འཁོར་དེ་རིགས་འགྲོ་ཡང་མི་ཆོག་པར་གློག་འཁོར་དང་རླངས་འཁོར་ཁོ་ན་སྤྱོད་ཅིང་། བརྒྱ་ལ་མིས་འདྲུད་འཁོར་ལོ་རེ་འགྲོ་མཁན་བྱུང་ཡང་འདྲུད་གླ་སྟེར་སྲོལ་ཚུགས་མི་འདུག  ད་ལྟ་གླས་ཁུལ་དེ་དག་ཕྱིར་མངའ་ཁུལ་དུ་བསྡུས་ནས་ཡུན་རིང་འདས་ཀྱང་། སྲིད་ནི་སྔར་མོས་སུ་ཨུ་རུ་སིའི་ལུགས་བཞིན་དུ་སྒྲུབ། 
   ཤར་གླིང་གི་བསམ་པའི་རིག་གནས་ཞེས་ཡིན་མདོག་གིས་ངོམ་ཁྱེར་བྱེད་མཁན་དེ་དག་གིས་གནས་ཚུལ་འདིའི་ཐད་ལ་མནོ་ཞིང་བསམ་རྒྱུ་མང་སྟེ། ང་ཚོའི་རིག་གནས་ཀྱིས་ད་དུང་ཡང་མིའི་ཤུགས་བྲན་ཏུ་བཀོལ་བའི་ལས་སྡུག་པོ་ཆེ་འདི་དག་གུ་ཡངས་སུ་གཏོང་ཕོད་ཚེ། ཁྱེད་ཅག་གིས་འུད་ཀྱིས་སྒྲོག་བཞིན་པའི་བསམ་པའི་འདུ་ཤེས་ཞེས་པ་དེ་གང་དུ་བཞུགས། “གླ་ཕོགས་ལ་དམའ་མཐར་འདི་དགོས། ལས་ཡུན་ནི་འདི་འདྲ་ཡིན།”ཞེས་པ་ཙམ་སྨྲ་བའི་འདུ་ཤེས་ཐོར་རེ་བ་ཡང་འཛིན་མི་ཤེས་པར། ལུས་སྲོག་འབེན་བཙུགས་ཀྱིས་ལས་གང་བགོས་ཁོ་ནར་འབད་དེ་ཉི་མ་ཚང་ཤར་ཚང་མཇལ་བྱེད་པའི་འཚོ་བ་འདིར་བསམ་པའི་དཔལ་ཡོན་ཞེས་པ་ཡོད་རེ་སྐན། ཨ་རིའི་ལས་བཟོ་བ་ཞིག་ལ་མཚོན་ན། ལས་སྒྲུབ་ཏུ་འགྲོ་བར་རང་གི་མོ་ཊར་བསྡད་ཆོག་ཅིང་། གཟའ་མཇུག་ལ་སླེབས་ཚེ་ཁྱིམ་མི་དང་ལྷན་དུ་ཁམས་གསེང་ལ་རོལ་བ་དང་། སྐུད་མེད་སྒྲ་སྡུད་གྱི་ལམ་ནས་རོལ་དབྱངས་གང་སྙན་ཐམས་ཅད་རིན་མེད་པར་ལོངས་སུ་སྤྱོད་ཆོག་ལ། དེར་མ་ཟད་རང་གི་བུ་རབས་ཚ་རྒྱུད་སློབ་གྲྭ་རྩེ་གྲ་ཕྱི་ནང་གི་མཐུན་རྐྱེན་གྱ་ནོམ་པ་དག་ཏུ་སློབ་གསོ་མྱོང་ཏུ་བཅུག་ཆོག དུས་འདི་འདྲ་ཞིག་གི་ཚེ་ན།  ཟས་ཁམ་གང་ཡང་ཟ་ལོང་མེད་པར་ལྟོ་གོས་འགྲང་ཙམ་ལ་རེ་བའི་འཁོར་འདྲུད་པ་དེ་དག་ཨ་རིའི་ལས་བཟོ་བ་དག་ལས་བསམ་པའི་རྒྱགས་ཕྱེས་ནོམ་ཞིང་ཀུན་སྤྱོད་གཙུགས་སུ་འཛིན་པའི་གདེང་ཅི་ལྟར་རྙེད། 
   འཁོར་འདྲུད་པ་དེ་དག་གིས་ལྟོ་གྱི་ན་དང་གོས་ལྷགས་སྐྱོར་ཙམ་གྱིས་འཚོ་ཐབས་ལ་འབད་དེ་ལུས་ཟད་ཅིང་མདངས་མཐོང་བར་མི་འགྱུར་ལ། འཚོ་བའི་དཀའ་སྣང་འདི་ལྟ་བུ་ཚོར་ཡོང་དུས། ང་ཚོས་ཧར་གྷི་རེ་ཝེས(Hargreaves)་དང་ཁཱར་ཁྲི་རིག་ཁྲི།(Cartwright) ཝཱ་ཊི། ཧྥུལ་ཏོན།(Fulton) ཟི་ཏིས་ཟི་སོན། ཧྥོར་ཊི་བཅས་ཀྱི་བཀའ་དྲིན་བླ་མེད་དྲན་ཡོང་སྟེ། ཁོང་ཅག་གིས་འཕྲུལ་ཆས་སྣ་ཚོགས་གསར་དུ་བཟོས་ཏེ་མིའི་རིགས་(ནུབ་གླིང་བ)ཤར་གླིང་བས་བཟོད་བསྲན་སྒོམ་ཅི་ཐུབ་བྱེད་པའི་སྡུག་བསྔལ་ཁུར་བོ་ཆེ་འདི་དག་ལས་གྲོལ་བར་བྱས། འདི་ལྟ་བུའི་དངོས་པོའི་དཔལ་ཡོན་ནི་བསམ་པའི་དཔལ་ཡོན་ཡང་ཡིན་ཏེ། འཕྲུལ་ཆས་ཀྱི་འཕེལ་རྒྱས་ནི་བློ་རིག་རྩལ་ཏུ་བཏོན་ནས་ཡོ་བྱད་ཇེ་ལེགས་འཐུས་ཚང་དུ་བཏང་ཏེ་མིའི་རིགས་ཀྱི་ལས་སྒྲུབ་དང་ཐོན་སྐྱེད་ཀྱི་ནུས་པ་མཐོ་རུ་བཏེགས་པ་ཡིན། དེ་ལྟར་ན། ལྟོ་གོས་འགྲང་ཙམ་དུ་ལག་པ་ཁྲག་དང་སྒལ་བ་རྣག་བྱེད་མི་དགོས་ལ། ང་ཚོར་ཡང་མཐོ་རིམ་རིག་གནས་ལ་རོལ་མྱོང་བྱེད་པའི་ཁོམ་ལོང་དང་ཆ་རྐྱེན་ཡོད་ངེས་པ་ཡིན། གལ་སྲིད་ང་ཚོས་འཚོ་གནས་ཀྱི་ཆེད་དུ་དཀའ་བ་དང་སྡུག་བསྔལ་བསྒོམ་དགོས་པ་ཡིན་ན། ང་ཚོར་འཚོ་བ་ཟེར་བ་མེད་ལ། རིག་གནས་ཞེས་པ་དེ་བས་ཀྱང་ངོ་། །རིག་གནས་ཤིག་གྲུབ་པ་ལ་ངེས་པར་དངོས་པོས་མཐིལ་གདིང་དགོས་པ་ཡིན་ཏེ། ལོ་ངོ་ཉིས་སྟོང་དྲུག་བརྒྱའི་ཡར་སྔོན་དུ་ཀཱན་ཀྲུང་གིས་འདི་སྐད་དུ། “ལྟོ་གོས་ཚིམ་པའི་རྗེས་སུ་ནི། །ངོ་ཚ་ཁྲེལ་ལ་འཛེམ་པར་འགྱུར། །”ཞེས་སྨྲས་པའོ། །འདི་ནི་དཔལ་འབྱིར་ཡང་སྙིང་དུ་བཟུང་པའི་ལྟ་ཚུལ་ཕྱོགས་རེ་བ་ཙམ་མ་ཡིན་པར། རྒྱུན་ཤེས་རྣལ་མ་ཞིག་ཡིན་ཏེ། འདི་བཞིན་སོམས་དང་། བུད་མེད་བྱིས་ཁྲིད་འགའ་ཤས་གཡས་དབྱུ་གུ་དང་གཡོན་སྨྱུག་སློམ་བྱས་ཏེ་གད་སྙིགས་སྤུངས་རོ་ལ་ཉུལ་ནས་གོས་ཆད་ཡུགས་རེའམ་སོལ་ཕྱེ་ལག་མཐིལ་ཙམ་ཐོབ་རེ་སྙམ་འདུག་པའི་ངང་ཚུལ་དྲན་ཡོང་ཚེ། དཔལ་ཡོན་ཞེས་པ་གང་དུ་སྟོན། འཁོས་འདི་ཙམ་ལས་མེད་པ་ཞིག་ཏུ་ཀུན་སྤྱོད་དང་བསམ་པའི་དཔལ་ཡོན་ཅི་ལྟར་གླེང་།   ཡང་ཁ་ཅིག་གིས་བསམ་པའི་དཔལ་ཡོན་གྱི་གཉོམ་ལག་དེ་ཙམ་མ་རྒྱས་པའི་མི་རིགས་དག་གི་དད་མོས་གླེང་རི་བར་འདོད་ཀྱང་། དེ་དག་གི་དད་པའི་རྟེན་དུ་མཆོད་བྱ་ནི་ཤིང་བརྐོས་འཇིམ་བཟོས་ཀྱི་ལྷ་སྐུ་དེ་དག་ལས་ལྷག་པ་ཞིག་གང་དུ་ཡོད། འདིར་ཤར་གླིང་དུ་དར་བའི་ཆོས་ལུགས་མང་པོ་ཞིག་བགྲོ་བའི་དགོས་དབང་མ་མཐོང་ཡང་། དྲི་བ་འདི་ལྟ་བུ་ཞིག་མི་འདྲི་རང་འདྲི་ཆགས་ཏེ། རྒན་མོ་ཁ་ལ་ཟ་མི་བྲ། རྒྱབ་ལ་གྱོན་མི་བྲ། འབྱོར་བས་ཤིན་ཏུ་ཕངས་པ་ཞིག་གིས་སྐྱིད་སེན་མོ་ཙམ་ལའང་རོལ་མ་ཐུབ་པར་འཆི་ལ་ཉེ་དུས། ཁ་ནས་ད་དུང་ཡང་མ་ཎི་ཆག་མེད་དུ་བགྲངས་ཤིང་བླ་མ་གང་གིས་ཕྱི་མ་དག་ཞིང་དུ་འདྲེན་ངེས་པའི་གཉིས་མེད་ཀྱི་དད་པ་སྐྱེས་འདུག་པ་འདིར་མཚོན་ན། དད་མོས་རྫུས་མ་ཞིག་གིས་རྒན་མོ་འབྱོར་མེད་ལག་སྟོང་འདི་བསླུ་གང་ཐུབ་བྱས་ཏེ་འཚོ་བ་དབུལ་ཕོངས་ཀྱིས་སྐྱེལ་བཅུག་པ་འདིར་ཀུན་སྤྱོད་ཀྱི་དཔལ་ཡོན་ཟེར་རམ་བསམ་པའི་དཔལ་ཡོན་དུ་བསྙད། ཅི་སྟེ་ཁོ་མོ་རིག་གནས་ཀྱི་ཁོར་ཡུག་གཞན་ཞིག་ཏུ་འཚོས་ཡོད་ཚེ། འཚོ་བའང་མི་འདྲ་བ་ཞིག་ཡོད་ཀྱང་སྲིད། 
   མིན། དེ་འདྲ་ཡིན་མི་སྲིད་དེ། མི་རྒས་ནས་འཆི་བ་ལ་ཕྱོགས་པའི་ཚེ། རང་བྱུང་གི་ནུས་བར་རྒོལ་མི་ཚུགས་པས། སྦྲིད་སྨན་འདྲ་ལེ་བའི་ཆོས་ལུགས་ལ་མི་བརྟེན་པའི་ཐབས་ཅི། ཁོ་ཚོ་རེ་ཐག་ཆད་ཅིང་བརྩོན་པར་ཐང་ལྷོད་ཤོར་པས་རང་སེམས་གསོ་བྱེད་དུ། འབྱོར་བ་ལ་ཁའི་ན་བུན་དང་། སྡུག་བསྔལ་བདེ་བའི་རྒྱུ་རུ་སྨྲ་ཞེས་པའི་འདུ་ཤེས་སྐྱེ་བར་བྱེད། འོན་ཏེ་དོན་ལ་མི་འདི་རིགས་ནི་ཝ་མོས་རྒུན་འབྲུམ་མ་ཟས་པར་བྲོ་བ་སྐྱུར་རུ་བ་ཡིན་ཞེས་སྒྲོག་པ་དང་ཀུན་ནས་མཚུངས། ཞིབ་མོར་བསམས་ཚེ། གོང་ཏུ་མོལ་བ་འདི་དག་ཧྲིལ་གྱིས་དྲིལ་ན། སྲིད་པའི་ཕུན་ཚོགས་ལ་སྙིང་བོ་མེད་པས་བདེ་སྐྱིད་དངོས་མ་ཚེ་ཕྱི་མ་ན་བཙལ་དུ་ཡོད་ཅེས་སྨྲ་བ་ཡིན། སྔར་གྱི་གཏན་ཚིགས་སྨྲ་བ་པོ་མང་པོས་ཀྱང་ལུགས་འདི་བཞིན་གྱི་སྨྲ་བ་འཆད་ལ། ཐལ་དྲགས་པའི་སྐྱེ་བོ་ཁ་ཅིག་གིས་དཀའ་བ་དང་དུ་བླངས། ལྕི་མོ་རྒྱབ་ཏུ་ཁུར། ཤ་ཁྲག་གཟན་དུ་བོར་ཏེ་འཚོ་བ་དང་། ནུབ་གླིང་གི་མཆོད་དཔོན་དག་གིས་ཀྱང་རྟག་པར་ལྟོ་ཚད་ལ་ཕབ། གཉིད་སྲང་ལ་གཅུར། གྱོང་ལྟོ་གོས་ལ་བཏང་ཏེ་རང་ལུས་ལྕགས་ཀྱིས་བཞུ་བའི་དཀའ་ཐུབ་ཚད་མེད་སྤྱོད་པ་དང་། གནའ་བའི་ཀྲུང་གོའི་ཆོས་ལུགས་པ་མང་པོས་ཀྱང་ཁ་ཟས་ཡོངས་སུ་སྤངས་ཏེ་སྣུམ་འབའ་ཞིག་གསོལ་ནས་སྐྱབས་ཞུ་ཞིང་། རང་ལུས་སྣུམ་ལ་སྦྱར་ཏེ་གསོན་སྲེག་གི་མཆོད་སྦྱིན་བྱེད་པའང་བྱུང་མྱོང་། 
   དུས་རབས་དཀྱིལ་མར། འཛམ་གླིང་ཧྲིལ་བོའི་རིག་གནས་ཆོས་ལུགས་འདི་དག་གི་ཀློང་དུ་ཚུད་དེ། ལོ་ངོ་ཆིག་སྟོང་ལྷག་འགོར་རྗེས་མིའི་རིགས་གཞི་ནས་དཀའ་ཐུབ་སྙིང་བོར་འཛིན་པའི་རིག་གནས་ཀྱི་འཆིང་རྒྱ་ལས་གྲོལ་ཏེ་འཚོ་བ་སྲོག་ཤིང་བྱས་པའི་རིག་གནས་གསར་བ་དང་དུ་ལེན་མགོ་ཚུགས། དེང་དུས་འུ་ཅག་གི་ཁོར་མོ་ཡུག་ཏུ་དུས་རབས་དཀྱིལ་མའི་ཆོས་ལུགས་སྔར་བཞིན་དུ་གནས་ལ། ཆོས་ཁང་དང་ལྷ་ཁང་མང་པོའང་གཏོར་བཤིག་མ་ཐེབས་པར་མིག་གིས་མཇལ་རྒྱུ་ཡོད། འོན་ཏེ་འུ་ཅག་གིས་མི་ཚེར་བཟུང་བའི་ལྟ་བ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ལ། འདི་ཡང་མཐར་གཏུགས་ནས་སྔར་གྱི་ལོ་ངོ་ཉིས་བརྒྱ་ལྷག་རིང་མིའི་རིགས་ཀྱིས་ཡོ་བྱད་དང་འཕྲུལ་ཆས་སྣ་མང་བཟོས་ཏེ་རང་བྱུང་ཁམས་དབང་དུ་བསྒྱུར་བའི་འབྲས་བུ་ཡིན། འཕྲུལ་ཆས་དེ་དག་ལ་བརྟེན་པས་མི་ཤུགས་གྲོན་ཐུབ་ལ། གནས་ཀྱི་བར་ཐག་ཀྱང་ཉེ་བར་བྱས་ཏེ་ནམ་མཁའི་དབྱིངས་ནས་བསྐྱོད་ཅིང་།  རི་ཀླུང་འཕྲེད་ཀྱིས་གཅོད་ལ། རྒྱ་མཚོའི་མཐིལ་ལའང་འགྲིམས་ཐུབ་པར་གྱུར། དེ་མ་ཟད་འུ་ཅག་གིས་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ཡུལ་ཁམས་ཀུན་ཏུ་སྐད་དང་འཕྲིན་ཡང་སྐྱེལ་ཐུབ་པའི་གློག་འཕྲིན་བཟོས། ཚན་རིག་དང་འཕྲུལ་ཆས་ཀྱིས་རང་བྱུང་ཁམས་དགོས་འདོད་དུ་སྔོག་འདོན་བྱས་ཆོག་པས། སྐྱིད་ཀྱི་ཉི་མ་ཇེ་དྲོ་ནས་ཇེ་རིང་ལ་སོང་ཞིང་། མིའི་རིགས་ཀྱིས་ཀྱང་རང་ཉིད་ལ་ཡིད་ཆེས་ཀྱི་གདེང་རྙེད་པར་གྱུར། འདི་ལྟར་རང་ཉིད་རང་གི་མགོན་དུ་གྱུར་བ་ནི་གསར་བརྗེ་སྙན་ངག་པ་ཞིག་གི་ངག་གི་ཕྲེང་བ་འདི་བཞིན་ཡིན་ཏེ།
གཡུལ་ནི་ངས་བཤམ། ཕམ་ཉེས་ངས་ལེན། རྣམ་པར་རྒྱལ་བ་ང་ཡིན་ཏེ། 
རང་དབང་ངས་སྨྲ། འཆིང་བ་ཀུན་གྲོལ་ང་ལས་སུ།
ལྟ་གྲུབ་ངས་འཆད། བསམ་པར་ཐང་ལྷོད་ཡོད་མིན་ཏེ།
འཆི་བར་ང་ཕྱོགས། ཡེ་ཤུ་སྐྱབས་སུ་བསྟེན་པའི་དོན་པོ་ཅི། ཞེས་པའོ། །
དེང་རབས་ཀྱི་རིག་གནས་གསར་བས་དད་མོས་འདི་ལྟ་བུ་ཞིག་བསྐྱེད་ཡོད་དེ། དེ་ནི་དུས་རབས་དཀྱིལ་མའི་ཆོས་ལུགས་ཀྱི་ལྟ་བ་དང་ཤིན་ཏུ་ཐ་དད་དོ། །
འབྲེལ་ཡོད་རྩོམ་ཡིག