ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ནུབ་ཕྱོགས་ཀྱི་ཁྲིམས་རིག་མཁས་ཅན་གྱིས་ཁྲིམས་སྐྱོང་ཇི་ལྟར་གླེང་ཚུལ་སྐོར་བཤད་པ།(3)

2015-08-11 ཝེ་སེན(韦森)གྱིས་བརྩམས།
མོན་ཊེ་སི་ཀེའུ་ཡི་ཁྲིམས་ཀྱི་དགོངས་དོན་ནི།   དབང་ཆ་ཕན་ཚུན་ཚོད་འཛིན་ཅིང་སོ་སོར་དབྱེ་ཡོད་པ་གང་དེ་ད་གཟོད་རང་དབང་གི་སྒྲོག་ཏུ་མི་འགྱུར་རོ། །

   གཞན་ཡང་།    མོན་ཊེ་སི་ཀེའུ་ཡི་ཚིག་འདི་གསུམ་པོར་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན།   ང་ཚོའི་དབང་སྒྱུར་མཁན་གྱིས་ཚིག་གསུམ་པོ་འདི་ཡང་ཡང་བཀླགས་ནས་བསམ་མནོ་གཏོང་རན་འདུག  དང་པོ་ནི།    རྒྱལ་ཁབ་ཀྱི་དབང་ཆ་གང་བྱུང་དུ་མི་སྤྱོད་པའི་སྐབས་སུ་ད་གཟོད་རང་དབང་ཡོད།   དབང་ཆ་འཛིན་མཁན་ཐམས་ཅད་ཀྱིས་དབང་ཆ་གང་བྱུང་དུ་སྤྱོད་སླ།   དེ་ནི་འགྱུར་བ་མེད་པའི་ཉམས་མྱོང་ཞིག་ཡིན།   དབང་ཆ་འཛིན་མཁན་རྣམས་ཀྱིས་དབང་ཆ་སྤྱད་ནས་ཚད་ཅིག་ལ་སླེབས་ཚེ་ད་གཟོད་མཚམས་འཇོག་གི་ཡོད།    ལྟོས་མེད་ཀྱི་དབང་ཆ་ནི་ལྟོས་མེད་ཀྱི་རུལ་སུངས་རེད།    ང་ཚོ་ལ་རུལ་སུངས་འདི་འདྲ་དར་བའང་གཙོ་བོ་སྲིད་གཞུང་གི་དབང་ཆར་ཚོད་འཛིན་བྱེད་མ་ཐུབ་པས་ལན།    སྡོམ་ཚིག་འདི་ལམ་སེང་འཐོབ་ཐུབ་ཀྱི་འདུག
   གཉིས་པ་ནི།   མི་ཞིག་ལ་དབང་ཆ་ཅི་ཙམ་ཆེ་བ་དེ་ཙམ་གྱིས་དེ་བས་མང་བ་འཐོབ་འདོད་སྐྱེ།   རྒྱུ་མཚན་ནི་ཁོ་ལ་མང་པོ་ཞིག་དབང་ཡོད་པས་དེ་ལས་གཞན་པའི་ཡོད་ཚད་བདག་ཏུ་འཛིན་བསམས་པས་རེད།   ཚང་མས་བསམ་བློ་ཞིག་ཐོངས་དང་།    དབང་ཆ་ཅི་ཙམ་ཆེ་བ་དེ་ཙམ་གྱིས་དབང་ཆ་སྔར་བས་མང་བ་འཐོབ་འདོད་སྐྱེ་བ་ཅིས་མ་བདེན།གསུམ་པ་ནི།   དབང་ཆ་ཚད་མེད་པ་ཐམས་ཅད་ཁྲིམས་དང་མི་མཐུན།   རྒྱུ་མཚན་ནི་དབང་ཆ་འདིའི་རིགས་ལ་ཁྲིམས་དང་མཐུན་པའི་འབྱུང་རྩ་ཞིག་གཏན་ནས་ཡོད་མི་སྲིད་པའི་ཕྱིར་རོ། །ཚིག་དུམ་འདི་དེ་བས་བཙན་ལ་ལེགས་བཤད་རྨ་མེད་པ་ཞིག་ཡིན།
   གོང་གི་ཚིག་དུམ་འདི་གསུམ་པོ་ནི་ལེགས་བཤད་རྨ་མེད་དུ་ངེས་ཤིང་།   ཁྲིམས་ལ་གོ་བ་ལེན་པའི་སྐོར་ལ་མོན་ཊེ་སི་ཀེའུ་ཡིས་གསུང་རབ་ཤ་སྟག་གསུངས་ཡོད། ཡང་ཁོང་གིས་དབང་ཆ་གསུམ་སོ་སོར་དབྱེ་ནས་ལོགས་སུ་འཛུགས་སྟངས་བཤད་ཡོད་མོད་དེ་རེ་ཞིག་བཤད་པར་མི་བྱ།    ཚང་མས་ཤེས་གསལ་ལྟར།    བཅའ་ཁྲིམས་ཀྱི་དགོངས་དོན་གླེང་བའི་སྐབས་སུ་ཁོང་གིས་གསུངས་པའི་ཚིག་དེ་ནི་ཁོང་གི་སྐུ་ཚེ་ཧྲིལ་པོའི་རིང་གི་གསུང་རབ་ཀྱི་མཆོག་ཏུ་བརྩི་ཆོག   ཁོང་གིས་གསུངས་དོན།   དབང་ཆ་དག་སོ་སོར་དབྱེ་ནས་བཙུགས་པ་ཙམ་གྱིས་ནི་ཆབ་སྲིད་ཀྱི་རང་དབང་ཁག་ཐེག་བྱ་མི་ཐུབ་པར།    དབང་ཆ་སོ་སོར་ཕྱེ་ནས་བཙུགས་པ་དག་གིས་ཕར་ཚུར་ལ་ཚོད་འཛིན་པ་གང་དེ་ད་གཟོད་རང་དབང་གི་སྒྲོག་ཏུ་མི་འགྱུར་རོ།  །དེ་ནི་ཁྲིམས་སྐྱོང་གི་རྩ་བའི་དགོངས་དོན་ཞིག་རེད།

ཕེན(Thomas Paine, 1737–1809)ན་རེ།   རྩ་ཁྲིམས་ནི་སྲིད་གཞུང་གིས་མི་དམངས་ལ་དབང་བསྒྱུར་སྤྱད་མིན་པར།   མི་དམངས་ཀྱིས་སྲིད་གཞུང་ལ་བདག་པོ་རྒྱག་སྤྱད་ཡིན།

   མཇུག་ཏུ་ང་ཚོས་ཕེན་ལགས་ལ་ལྟ་ཙམ་བྱ།   ཁོང་ན་རེ།   སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་དུ་རྒྱལ་པོ་ནི་བཅའ་ཁྲིམས་ཡིན་པས་ན།    རང་དབང་ཡོད་པའི་རྒྱལ་ཁབ་ཏུ་ལྡོག་སྟེ་བཅའ་ཁྲིམས་ནི་རྒྱལ་པོ་ཡིན་པར་འོས་ཤིང་།   དེ་ལ་གདམ་ག་གཞན་གང་ཡང་མེད།   ཕེན་གྱིས་ཁྲིམས་སྐྱོང་དང་ཁྲིམས་གཙོའི་སྲིད་ལུགས་ཀྱི་སྐོར་གླེང་སྐབས་བཤད་པའི་སྐད་ཆ་དེ་ལེགས་བཤད་ཅིག་ཡིན།   ཁོང་ན་རེ།   རྩ་ཁྲིམས་ནི་སྲིད་གཞུང་གི་སྔོན་ལ་བྱུང་བའི་ཆོས་ཤིག་དང་།    སྲིད་གཞུང་ནི་རྩ་ཁྲིམས་ཀྱིས་ད་གཟོད་བྱས་པ་ཞིག་ཡིན།    རྒྱལ་ཁབ་ཅིག་གི་རྩ་ཁྲིམས་ནི་སྲིད་གཞུང་གི་གྲོས་ཆོད་མ་ཡིན་པར།   སྲིད་གཞུང་དེ་འཛུགས་མཁན་གྱི་མི་དམངས་ཀྱི་གྲོས་ཆོད་ཡིན།   དེ་ནི་ཁྲིམས་སྲོལ་གྱི་ཆ་ཤས་གཙོ་བོ་ཡིན།   དཔྱད་གཞིར་བཟུང་ཆོག་པའམ་ཡང་ན་དོན་ཚན་རེ་རེ་བཞིན་དྲངས་ཡང་རུང་།    དེའི་ནང་དུ་སྲིད་གཞུང་བཙུགས་པའི་རྩ་དོན་དང་།   སྲིད་གཞུང་གི་རྩ་འཛུགས་ཀྱི་རྣམ་པ།   སྲིད་གཞུང་ལ་ལྡན་པའི་དབང་ཆ།    འདེམས་བསྐོ་བྱེད་སྟངས།    གྲོས་ཚོགས་ཀྱི་ཡུན་ཚད་སོགས་འདུས་ཡོད།    མདོར་ན།  རྩ་ཁྲིམས་ནི་མི་དམངས་ཀྱིས་སྲིད་གཞུང་ལ་བདག་པོ་རྒྱག་པའི་རྩ་བའི་རྩ་དོན་ཡིན། ཁོང་གིས་ད་དུང་ཡང་ལེགས་བཤད་ལྟ་བུའི་གསུང་ཞིག་གནངས་ཡོད།   ཁོང་ན་རེ།  ཁྲིམས་གཙོའི་སྲིད་ལུགས་ནི་སྲིད་གཞུང་གི་བྱ་བྱེད་མ་ཡིན་པར་མི་དམངས་ཀྱིས་སྲིད་གཞུང་འཛུགས་ཤིང་སྐྱོང་བའི་བྱ་བྱེད་ལ་ཟེར།   རྩ་ཁྲིམས་མེད་པའི་སྲིད་གཞུང་ནི་ཁེ་དབང་མེད་པའི་དབང་ཆ་ཙམ་ཡིན།   རྩ་ཁྲིམས་དང་རང་དབང་གི་འབྲེལ་བ་ནི་སྐད་དང་བརྡ་སྤྲོད་ཀྱི་འབྲེལ་བ་ནང་བཞིན་ཡིན།   འདི་ལ་གཞིགས་ནས་བརྡར་ཤ་བཅད་ཚེ།   ཁྲིམས་གཙོའི་སྲིད་ལུགས་ཀྱི་རྩ་བའི་གནད་ནི།   ཆབ་སྲིད་ཀྱི་དབང་ཆའི་སྟེང་དུ་རྩ་ཁྲིམས་ཞེས་བྱ་བའི་ཁྲིམས་སྔར་བས་ཆ་ཚང་བ་ཞིག་གིས་སྲིད་གཞུང་གི་དབང་ཆ་དང་དེའི་སྲིད་འཛིན་ཁྱབ་ཁོངས་ལ་ཚད་ཐིག་བཟོ་བ་ཡིན།   དེར་བརྟེན།   ཁྲིམས་སྐྱོང་དང་དམངས་གཙོ་ཡི་ཚོད་འཛིན་འོག་གི་སྲིད་གཞུང་ཚད་ཡོད་པ་གང་དེས་ད་གཟོད་ཁྲིམས་གཙོའི་སྲིད་ལུགས་གྲུབ་ཐུབ་ཀྱི་ཡོད།   དེ་འདྲ་མ་བྱས་པར་གལ་ཏེ་སྲིད་གཞུང་དང་སྲིད་ཏང་ཐམས་ཅད་རྩ་ཁྲིམས་ཀྱི་གཉའ་རུ་ཞོན་ཚེ།   རྩ་ཁྲིམས་གང་དེ་ཏང་གཅིག་གམ་ཤོག་ཁག་གཅིག་གིས་རང་གི་ཁེ་ཕན་གྱི་ཆེད་དུ་ཅི་དགར་འགྱུར་བ་གཏོང་བའི་ཡོ་བྱད་ཙམ་ཞིག་ཏུ་ཆགས་འགྲོ་ལ།   ཆབ་སྲིད་པ་རྣམས་ཀྱིས་ཀྱང་རྩ་ཁྲིམས་གང་དེ་རང་ཉིད་ཀྱི་འདོད་བློ་ལག་ལེན་དུ་འདེབས་པའི་རྩེད་ཆས་ཤིག་ཏུ་བསྒྱུར་འགྲོ།    གནས་ཚུལ་འདི་འདྲའི་སྐབས་སུ་རྩ་ཁྲིམས་ཡོད་ནའང་ཁྲིམས་གཙོའི་སྲིད་ལུགས་ངོ་མ་དེ་ཡོང་མི་སྲིད་དོ། །མཇུག་ཏུ་ང་ཚོས་ཕྱོགས་བསྡུས་ཤིག་བྱ།   ཁྲིམས་སྐྱོང་བ་ཞེས་བྱ་བ་ནི་སྲིད་གཞུང་གིས་བཅའ་ཁྲིམས་སྤྱད་ནས་སྤྱི་ཚོགས་བཅོས་སྐྱོང་ཡག་པོ་བྱེད་པའམ།   ཡང་ན་བཅའ་ཁྲིམས་སྤྱད་ནས་མི་སེར་དབང་དུ་སྡུད་པ་ལྟ་བུ་ཞིག་མིན་པར།   འདེམས་དམངས་ཀྱིས་རྩ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞན་དག་ལ་བརྟེན་ནས་སྲིད་གཞུང་ལ་ཚོད་བཟུང་སྟེ།   སྲིད་གཞུང་གི་དཔོན་རིགས་དག་གི་བྱ་སྤྱོད་གཅུན་པ་དང་དམངས་འདུན་ལ་ཚོད་འཛིན་པ་ཞིག་གོ།  །འདི་ནི་ད་གཟོད Rule of Law ཡིན་པ་ལས།   Rule by Lawམ་ཡིན་ནོ། །

མིའི་རིགས་དེང་རབས་ཅན་དུ་འགྱུར་རིམ་ནི་ཁྲིམས་སྐྱོང་ཅན་དུ་འགྱུར་རིམ་ཡིན།

   ཉེ་ཆར་ངས་པིང་ཧམ(Tom Bingham, 1933–2010)གྱི་དཔེ་ཆ་བཀླགས་རྗེས་ད་གཟོད་ཁྲིམས་སྐྱོང་ནི་རྩ་དོན་ཙམ་ཞིག་མ་ཡིན་པར།  དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་དང་གནས་སྟངས་ཤིག་ཡིན་པ་གཞི་ནས་ཚོར།   འགྲོ་བ་མིའི་རིགས་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ལ་བལྟས་ན།   གཅིག་ལ་ཐུན་མོང་གི་སྒྲིག་གཞི་དང་།   ཅིག་ཤོས་ལ་སྤྱི་ཚོགས་ཟེར།   མིའི་རིགས་དེང་རབས་ཅན་དུ་འགྱུར་རིམ་ནི་ཁྲིམས་སྐྱོང་ཅན་དུ་འགྱུར་རིམ་ཡིན།   པིང་ཧམ་གྱིས་དོན་ཆེན་འགའ་གླེང་འདུག   དང་པོ་ནི།  《རྩ་འཛིན་ཆེན་པོ》 རེད།   སྤྱི་ལོ1215ལོར《རྩ་འཛིན་ཆེན་པོ》ལ་མིང་རྟགས་བཀོད་པའི་ནང་དོན་ལས་སྲོག་ཤིང་དུ་གྱུར་པ་གཉིས་ནི།   1, རྒྱལ་ཚོགས་ཀྱི་ཆོག་མཆན་མ་བརྒྱུད་པར་སྲིད་གཞུང་གིས་ཁྲལ་བསྡུ་མི་ཆོག   2, གྲལ་རིམ་གཅིག་པའི་མིས་ཁྲིམས་དང་མཐུན་པའི་ངང་ངམ།  ཡང་ན་རང་རྒྱལ་གྱི་སྤྱིར་བཏང་གི་བཅའ་ཁྲིམས་ལྟར་འདྲི་གཅོད་བྱས་པ་ཕུད།    མི་རང་དབང་ལྡན་པ་སུ་གཅིག་ཀྱང་འཛིན་པ་དང་།   བཙོན་དུ་འཇུག་པ།   བདག་ཏུ་འཛིན་པ།  བཅའ་ཁྲིམས་ཀྱི་རོགས་རམ་འཕྲོག་པ།   དམག་ཏུ་འཇུག་པ།   གནོད་འཚེ་གཞན་རིགས་བཟོ་བ་སོགས་གང་ཡང་མི་རུང་།
   གཉིས་པ་ནི། དུས་རབས་བཅུ་གཉིས་པའི་རྗེས་སུ་དབྱིན་ཇིར་མངོན་པའི་མི་ལུས་སྲུང་སྐྱོབ་ཀྱི་བཀའ་རྒྱ་རེད།  དེ་ནི་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་འགལ་གྱི་བྱ་བྱེད་ལས་སྐྱོབ་ཐབས་ཡག་ཤོས་ཤིག་རེད།
   གསུམ་པ་ནི།   བཙོན་པར་སྡུག་སྦྱོང་གཏོང་བ་མེད་པར་བཟོ་རྒྱུ་རེད།     ལོ་རྒྱུས་སུ་བཙོན་པར་སྡུག་སྦྱོང་བཏང་བའི་ལྟ་བ་ཆགས་ཤིང་།    བྱེད་ཐབས་ཁ་ཤས་ནི་ཤིན་ཏུ་ནས་ཞེ་མེར་བ།     ཐ་ན་བཟོད་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པས།   རྒྱལ་ཁབ་ཀྱི་དབང་ཆ་ཆེས་ཆེ་ཤོས་ཀྱིས་ཀྱང་དེ་སྤྱོད་མི་རུང་།
   བཞི་པ་ནི།    སྤྱི་ལོ1628ལོར《ཁེ་དབང་ལ་རེ་འདུན་ཞུ་བའི་ཡི་གེ》བསྐྱར་དུ་དར་ནས་ཁྱབ་གདལ་དུ་སོང་བ་དེ་རེད།    རྒྱལ་ཚོགས་མ་བརྒྱུད་པར་ཁྲལ་བསྡུ་མི་ཆོག   ཁྲིམས་བཀོད་ཀྱི་འགྲོ་ལུགས་མ་བརྒྱུད་པར་མི་སུ་གང་ཡང་འཛིན་པའམ་གསོད་མི་ཆོག   ཁོང་གིས་ཁྲིམས་སྐྱོང་སྤྱི་ལ་དར་བའི་རྟགས་མཚན་ནི་རྒྱལ་པོས《ཁེ་དབང་ལ་རེ་འདུན་ཞུ་བའི་ཡི་གེ》ཁས་ལེན་པའི་སྐབས་ཡིན་པར་འདོད།
   ལྔ་པ་ནི།   མ་སེའུ∙ཧེལ(Matthew Hale, 1609–1676)གྱིས་དུས་རབས17པའི་ནང་དུ་ཁྲིམས་དཔོན་གྱི་རང་གཅུན་དོན་ཚན་བཅོ་བརྒྱད་ཅེས་བྱ་བ་བཏོན་ཡོད་པ་དེ་རེད།   ཁྲིམས་སྐྱོང་གིས་ནུས་པ་དངོས་འབྲེལ་འདོན་པའི་སྔོན་འགྲོའི་ཆ་རྐྱེན་ནི།   ཁྲིམས་དཔོན་དབང་ཆ་ལས་བཅའ་ཁྲིམས་ལ་བློ་དཀར་དགོས་པ་དེ་ཡིན།   ཁྲིམས་ལུགས་པ་དང་།   ལྷག་པར་དུ་ཁྲིམས་དཔོན་རང་རྐྱ་བ་དག་བཅའ་ཁྲིམས་ཀྱི་ལྟེ་བར་གནས་པས།   དེ་དག་གིས་ཇི་ལྟར་ཁྲིམས་འཛིན་དྲང་བདེན་ངང་སྐྱོང་གི་ཡོད་དམ།    ཁྲིམས་དཔོན་པིང་ཧམ་གྱིས་ལོ་རྒྱུས་ལ་བསྐྱར་དུ་བལྟས་ཏེ་དུས་རབས17པའི་ནང་གི་ཁྲིམས་དཔོན་གྱི་རང་གཅུན་དོན་ཚན་བཅོ་བརྒྱད་ཀྱི་ཚད་གཞི་ལུང་དུ་དྲངས་ཡོད།
   དྲུག་པ་ནི།   སྤྱི་ལོ1679ལོའི་མི་ལུས་སྲུང་སྐྱོབ་ཀྱི་ཁྲིམས་ཀྱིས་ངོ་བོ་ཆ་ནས་སྤྱི་དམངས་ཀྱི་རོགས་སྐྱོབ་གནང་ཐབས་གཏན་ལ་ཕབ་ཡོད་པ་དེ་རེད།    མི་འཛིན་པའི་ལག་རྟགས་གང་ལ་ཁྲིམས་ཁང་གིས་མིང་རྟགས་བཀོད་དེ་རྒྱུ་མཚན་གསལ་པོར་བཤད་པ་མ་ཡིན་ན།   མི་འཛིན་པ་དང་བཀག་མི་ཆོག   བཅའ་ཁྲིམས་ལྟར་བཟུང་བ་དག་ལ་ལམ་ཐག་ཉེ་རིང་ལ་གཞིགས་ནས།   ཉེ་དུས་ཁྲིམས་ཁང་དུ་ཞིབ་གཅོད་ལ་སྐྱེལ་དགོས།   བཟུང་བའི་མི་དང་ཡང་ན་དེའི་ངོ་ཚབ་བརྒྱུད་ནས་རེ་ཞུ་བྱ་ཆོག་ཅིང་།   ཁྲིམས་ཁང་གིས་མིང་རྟགས་བཀོད་པའི་མི་ལུས་སྲུང་སྐྱོབ་ཀྱི་བཀའ་རྒྱ་འཕབ་ཆོག་ལ།   འཛིན་མཁན་ལས་ཁུངས་སམ་མི་སྣས་བཟུང་བའི་རྒྱུ་མཚན་གསལ་པོར་བཤད་པ་དང་།   སྐྱེལ་བསུ་བྱེད་པ།   ཁག་ཐེག་བཙུགས་ཏེ་གློད་པའམ་ཡང་ན་བཟུང་མི་གཏོང་བ་བཅས་བྱ་དགོས།    འདི་ལས་འགལ་ཚེ་དངུལ་ཆད་གཅོད་ཆོག
   བདུན་པ་ནི།   སྤྱི་ལོ1689ལོའི《 ཁེ་དབང་ཁྲིམས་གཞི》དང་།   1701ལོའི《རྒྱལ་ས་འཛིན་པའི་ཁྲིམས》ཀྱིས་ང་ཚོར་དོན་དངོས་འདི་འདྲ་ཞིག་བཤད་ཡོད་དེ།   རྒྱལ་ཁབ་ཀྱི་དབང་ཆ་ཆེས་ཆེ་ཤོས་ཀྱི་རྒྱལ་པོ་ཡིན་ནའང་བཅའ་ཁྲིམས་ཀྱི་དབང་དུ་ཚུད་དགོས་དེའོ། །འདི་ལས་ཁྲིམས་སྐྱོང་ནི་བརྒྱུད་རིམ་ཞིག་དང་།    སྤྱི་ཚོགས་ཀྱི་གནས་སྟངས་ཤིག   རྩ་དོན་ཞིག་ཡིན་པ་ཚང་མས་གསལ་ལེར་མཁྱེན་ཐུབ།
འབྲེལ་ཡོད་རྩོམ་ཡིག