ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

སྐད་ཡིག་གཉིས་ཀྱི་ལམ་ནས་གསར་རྩོམ་བྱེད་པའི་སྙན་ངག་པ་དང་གཞས་ཚིག་རྩོམ་མཁན་དགའ་བདེ་ཚེ་རིང་།

2016-12-23

༢༠༡༥ལོར་མཚོ་སྐོར་ལམ་དུ།

༢༠༡༥ལོའི་དབྱར་གཞུང་ལ་ཀན་ལྷོ་ནས་སྤྲོ་གསེང་བཏང་བ།

  ནག་པོ། མིང་དངོས་ལ་དགའ་བདེ་ཚེ་རིང་ཟེར། སྤྱི་ལོ༡༩༨༡ལོའི་ཟླ༩བར་མཚོ་སྔོན་དུ་སྐྱེས་པ་དང་ཀན་ལྷོའི་བླ་བྲང་དུ་འཚར་ལོངས་བྱུང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་བྱེད་པའི་སྙན་ངག་པ་དང་གཞས་ཚིག་རྩོམ་པ་པོ་ཡིན། ད་ལྟའི་བར་དུ་སྙན་ངག་དང་ལྷུག་རྩོམ། གཞས་ཚིག འཁྲབ་གཞུང་། གློག་བརྙན་གྱི་དཔྱད་པ་སོགས་རྩོམ་སྣ་མི་གཅིག་པ་ཡི་འབྲུ་ཁྲི་བརྒྱ་ལ་ཉེ་བ་བརྩམས་ཡོད་ལ། དེ་དག་ལས་རྩོམ་ཡིག་སྐོར་ཞིག་དབྱིན་ཇི་དང་འཇར་མན། ཉི་ཧོང་། སོག་པོ། ཡི་གུར་སོགས་ཀྱི་ཡི་གེར་བསྒྱུར་ཡོད།

  ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་སྙན་ངག་པ་བཅུ་དང་༢༠༠༥ལོའི་ཀྲུང་གོའི་གདོང་ལེན་སྙན་ངག་པ། ༢༠༠༦ལོའི་ནུབ་བྱང་ས་ཁུལ་གྱི་ཕུལ་བྱུང་སྙན་ངག་པ། ལོ་རབས༨༠རྗེས་ཀྱི་ཕུལ་བྱུང་སྙན་ངག་པ་བཅུ། སྐལ་བཟང་མེ་ཏོག་རྩོམ་རིག་བྱ་དགའ། ༢༠༠༩ལོའི་ཀྲུང་གོའི་ན་གཞོན་སྙན་ངག་པ་རྩེ་གྲ་བཅུ། སྐབས་དང་པོའི་ཨན་ཁང་སྙན་ངག་བྱ་དགའ། ༢༠༡༠ལོའི་ཀྲུང་གོའི་ཕུ་བྱུང་ན་གཞོན་སྙན་ངག་པ་བཅུ། ༢༠༡༡ལོའི་ཕུལ་བྱུང་སྙན་ངག་བཅུ། ཀན་སུའུ་ཞིང་ཆེན་གྱི་སྐབས་ལྔ་བའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་ཨང་དང་པོ། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སོགས་བྱ་དགའ་མང་པོ་སྔ་གཞུག་ཏུ་བླངས་ཡོད་པ་དང་། ༢༠༠༨ལོར་ཀྲུང་གོའི་ལོ་རབས༨༠རྗེས་ཀྱི་རྩེ་གྲ་རྩོམ་པ་པོའི་ནང་དུ་ཚུད།

ཆུང་མ་དང་ལྷན་དུ།

  གཞན།《འཁོར་བ》དང《མཇིང་སྨུག་སྦྲ་ཆུང་།》《ལས་ཀྱི་བདག་མོ།》《བསྟན་འཛིན་ལྷ་སྐྱིད། 》《གཡུ་ཆུང་དྲུག་དཀར།》《ཁྲི་ཤོར་རྒྱལ་མོ། 》《ནས་འབྲུ་རྡོག་གཅིག》《 བྱབ་ཆུབ་སྨོན་ལམ། 》《མེས་པོ་རལ་བ་ཅན། 》《ཡར་ཀླུང་གཙང་པོ། 》《རི་བོ་གྲུ་འཛིན། 》《རིག་འཛིན་དབང་མོ། 》《ཨ་ཇོ། 》《གངས་ཀྱི་ཡུལ། 》《ཞལ་འཛོམས།》《 རྒྱལ་མོ་ཚ་བ་རོང་པ།》《དུས་མཐའི་གླུ་》སོགས་བོད་པའི་ཁོར་ཡུག་ཀུན་ཏུ་ཁྱབ་རྒྱ་ཆེ་བའི་གླུ་གཞས་༡༥༠ལྷག་བརྩམས་གནང་བྱུང་ཡོད།

  ད་ལྟ་རང་དབང་རྩོམ་པ་པོ་ཞིག་ཡིན་ལ། གསར་རྩོམ་གྱི་ལས་ཀའི་ཞར་ཏུ་དབུ་ཁྱུད་རིག་གནས་ཞེས་པའི་རིག་གནས་དང་སྒྱུ་རྩལ་ལ་འབྲེལ་བའི་ལས་ཤག་ཅིག་ལ་བདག་པོ་རྒྱག་གི་ཡོད།

 

དབུས་མཇལ།


གྲིབ་མའི་ནང་གི་སྙན་ངག

རྩོམ་པ་པོ། ནག་པོ།

 

ཁྱེད་ཀྱིས་ཉི་མར་ལྡེ་བའི་ལྭ་བ་དེས
ང་ཡི་འོད་སྣང་བརྐུས་སོང

 

མེ་ཏོག་ཅིག་གི་བཀྲག་མདངས
ཕྱི་ཉིན་ཞོགས་པར་འཁྱག་པ་ཞིག་རེད་སྙམ

 

ལྗོན་པ་ཁེར་སྐྱེས་ཤིག་གི་གྲིབ་བསིལ་འོག་ཏུ
ཆུ་ཕྲན་གྱ་གྱུ་ཞིག་སྐམ་ཐག་ཏུ་གྱུར

 

ཆུང་གྲོགས་དྲན་པའི་གདུང་བ་སེལ་ཆེད
སའི་གོ་ལའི་གྲུ་ག་རེ་རེར་ཆུ་རྫིང་རེ་བསྐྱིལ་བར་སེམས

 

ངའི་རྟ་ཕོའི་གོམ་ལག་ཇེ་དལ་དུ་སོང
སྤང་འདི་སྒྲོལ་ཐུབ་མིན་ལ་ཐེ་ཚོམ་སྐྱེ

 

ཁོར་ཡུག་ཧྲིལ་བོར་ཚ་སྨུག་ཅིག་འདུག
ངས་ཆུ་འཁྱག་ཕོར་བ་གསུམ་ཧུབ་ཀྱིས་འཐུང

 

རླུང་དང་ཆར་བས་གློད་དཀའ་བའི
སྤྲིན་པ་ནག་པོ་དེ་འདར་ཁྱོམ་ཁྱོམ་གང་དུ་བུད་སོང

 

རྙིད་ཀྱིན་པའི་མེ་ཏོག་རེ་རེར་ཆུ་དྲངས
སེམས་ཁྲལ་དང་བཅས་མེ་ཏོག་རེ་རེ་མིང་ནས་བོས

 

རྩྭ་སྐྱའི་གཞོབ་དྲི་སྣས་མི་བཟོད
རི་དྭགས་ཉམས་ཆུང་དག་ལ་སྐོམ་པས་གདུངས

 

གཏིང་ཟབ་པའི་མཚན་མོ་ཞིག་ལ་སྒུག
ཉིན་གཅིག་གི་སྲེད་པ་དག་བལ་བཞིན་གསེད་དགོས

 

སྒོ་ཁྱིའི་ངུ་ཟུག་ལ་མཚམས་ཤིག་མི་འདུག
ཉི་མའི་ཞགས་ཐག་གིས་བརྡེགས་པས་ཡིན་ནམ

 

སྙུ་གུར་ཐེངས་འགར་འཕུར་འཕུར་བྱས་ཀྱང
ཁ་ཆེམས་ཀྱི་ཡི་གེ་ཅི་ཡང་འབྲི་མ་ཐུབ

 

ད་ལྟ་ཁྲག་རྣག་སྙིམ་པ་གང་གནམ་ལ་བཏེགས་ནས
ངན་འགྲོ་སུས་མཆོད་པར་རེ་ཞིང་སྒུག

2016/5/22

 

བཙལ་བས་མ་རྙེད་པ་དག

རྩོམ་པ་པོ།  ནག་པོ།

 

ཚེ་རབས་འདིའི་སྡིག་སྒྲིབ་མ་ལུས་པ་དག
སྙིམ་པར་ལྷུང་བའི་ཁ་བ་བཞིན་སྐད་ཅིག་ལ་འཇིག་པར་ངེས

 

ལྕེ་རྩེའི་རོ་གང་རུང་བཞིན
དེས་མཚོན་པའི་ལུས་ཀྱི་ངལ་དུབ་ནི
མིག་གིས་མཐོང་དཀའ་སྟེ  ཡོད་ཚད་ཟ་འབྲུ་དང་བཏུང་ཆུའི
དམིགས་ཡུལ་མེད་པའི
ངོ་བོ་འགྱུར་སླ་བའི
རྒྱུན་རིང་ཞིང་དུས་ཚོད་ཀྱིས་མི་ཟིན་པའི་འཚོ་བའོ
ངའི་ཕྱོགས་སུ  ལག་པ་བསྲིངས་ནས
འགྲོས་དལ་བའི་ཉིན་རེ་རེ་སྤྲིན་པ་བཞིན་བསེད
ཁོར་ཡུག་དལ་ཅག་སེ

 

གྱང་ལྡེབས་ལ་ཅེར་ནས  ལག་པ་འཁྱག་པ་དེས
རྒྱུད་གྱོང་བའི  གླེང་རིན་མེད་པ་དེ་དག་ཡི་གེར་ཕབ
འོན་ཏེ་ཚོད་ཚོད་ལ་རྙེད་པའི་ཐ་སྙད་འདི་དག
རླངས་པ་བཞིན་མི་རྟག་པའོ

 

ཅ་ལག་སྣ་ཚོགས་ཟད་པར་གྱུར
དཔེ་རྙིང་བར་གྱི་གདོད་མའི་གླུ་གཞས་དེ་དག་ཀྱང་ཡལ་བར་གྱུར
ངའི་ལག་གི་སྙུ་གུ་འདིའང་བྱེ་ཟགས་བཞིན
ངའི་དོན་ལྔ་སྣོད་དྲུག་ནས
མཁའ་དབུགས་ལྟར  རྡུལ་ཕྲ་རབ་ཀྱི་ཁོང་གསེང་ནས
བཙལ་བས་རྙེད་པ་མ་བྱུང
སྙིམ་པར་ལྷུང་བའི་ཁ་བ་བཞིན་སྐད་ཅིག་ལ་འཇིག་སོང

 

ཁོར་ཡུག་དལ་ཅག་སེ

 

2016/6/12

(རྩོམ་སྒྲིག་འགན་འཁུར་བ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག