ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་ལ་གཟིགས་ཞིབ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

2018-05-18 སངས་སྐྱབས་ཀྱིས་བསྒྲིགས།
            ཟླ་5ཚེས་16ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་ལ་གཟིགས་ཞིབ་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་དམག་དོན་ཚན་རིག་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་དམག་དོན་ཚན་རིག་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པར་ཞུགས་མཁན་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བའི་གནས་ཚུལ་ཡིན་པ།
            ཚེས་16ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་ལ་གཟིགས་ཞིབ་གནང་སྟེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་དམག་དོན་ཚན་རིག་ཁང་གི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ། དམག་དོན་ཚན་རིག་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་ཞིང་། ཁོང་གིས་དམག་དོན་ཚན་རིག་ནི་དམག་དོན་ལག་ལེན་ལ་མཛུབ་ཁྲིད་དང་དམག་དོན་གསར་སྒྱུར་ལ་ཁྲིད་སྟོན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། དེར་བརྟེན་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱེད་པ། དམག་ས་དང་། དཔུང་སྡེ། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་དང་ཚན་རྩལ་མཉམ་འདྲེས་དང་། ཞིབ་འཇུག་དང་བེད་སྤྱོད་ཟུང་འབྲེལ། དམག་དམངས་མཉམ་འདྲེས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དེང་རབས་དམག་དོན་ཚན་རིག་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་དམག་དོན་ཚན་ཞིབ་སྒྲིག་གཞི་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
            དམག་དོན་ཚན་རིག་ཁང་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཚན་ཞིབ་སྒྲིག་གཞི་གལ་ཆེན་ཞིག་ཡིན་ཞིང་། ལོ་བཅུ་གྲངས་ཁ་ཤས་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ཐེངས་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ནང་། དམག་དོན་ཚན་རིག་ཁང་གིས་གཟུགས་བརྙན་གསར་པ་བཏོད་པ་དང་། ན་ནིང་ཟླ་7པར་བསྐྱར་འཛུགས་བྱས་པའི་དམག་དོན་ཚན་རིག་ཁང་ལ་ཞི་ཅིན་ཕིང་གིས་དམག་དར་གནང་བ་མ་ཟད། བསླབ་སྟོན་བཀའ་སློབ་ཀྱང་གནང་བ་རེད།
            ཆུ་ཚོད་9དང་སྐར་མ་15ཙམ་ལ། ཞི་ཅིན་ཕིང་དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་དུ་ཕེབས་ནས་འབྲེལ་ཡོད་ཚན་ཞིབ་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། གྲུབ་འབྲས་མི་ཉུང་བ་ཞིག་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་གཟིགས་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ནས་ཚང་མས་ཡང་འབད་བསྐྱར་འབད་ཀྱིས་སླར་ཡང་གཡུར་ཟའི་གྲུབ་འབྲས་གཏོད་རྒྱུའི་སྐུལ་ལྕག་གནང་བ་རེད།
            དམག་དོན་གསོ་རིག་ཞིབ་འཇུག་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་དམག་དོན་ཚན་རིག་ཁང་ལས་ཁུངས་སུ་ཕེབས་ཤིང་། ཁོང་གིས་ཚན་ཞིབ་ཤེས་ལྡན་མི་སྣར་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། དམག་དོན་ཚན་རིག་ཁང་དུ་ལས་ཀ་བྱེད་བཞིན་པའི“ཁང་གཉིས”ཀྱི་ཡོན་ཧྲིར་ཆེད་མངགས་གཟིགས་པ་དང་འབྲེལ་ཁོང་ཚོའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་ཁྱེད་ཚོ་ནི་ཏང་དང་དམག་དཔུང་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ངས་དུས་དང་རྣམ་པ་ཀུན་ཏུ་ཚང་མ་སེམས་ནང་འཆང་བཞིན་ཡོད་པས། ཚང་མས་གྲུབ་འབྲས་སྔར་བས་མང་བ་གཏོད་པ་དང་དཔུང་སྡེའི་སྣེ་ཡག་པོ་ཁྲིད་དེ་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ཤེས་ལྡན་མི་སྣར་བརྩི་བཀུར་དང་གཅེས་སྐྱོང་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཁྲིད་སྟོན། གཅིག་སྡུད། བེད་སྤྱོད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཤེས་ལྡན་མི་སྣ་སྣ་ཚོགས་གསོ་སྐྱོང་ཧུར་ཐག་གིས་བྱང་ཚད་མཐོ་བའི་དམག་དོན་ཚན་ཞིབ་ཤེས་ལྡན་མི་སྣའི་དཔུང་ཁག་གཏོད་དགོས་པའི་མངགས་བཅོལ་གནང་བ་རེད།
            དེ་རྗེས་ཞི་ཅིན་ཕིང་གིས་དམག་དོན་ཚན་རིག་ཁང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དམག་དོན་ཚན་རིག་ཞིབ་འཇུག་ལ་འཚོལ་ཞིབ་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས་གསར་གཏོད་བྱ་རྒྱུ་གནས་བབ་དེ་བས་མངོན་གསལ་དོད་པའི་ཐོག་བཞག་ནས་འཐབ་ཇུས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དམག་དོན་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། རྒྱལ་སྲུང་ཚན་རྩལ་གྱི་གསར་གཏོད། དམག་དོན་ཚན་ཞིབ་ལས་དོན་གྱི་སྒྲིག་འཛུགས་བྱེད་སྟངས་གསར་གཏོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དམག་དོན་ཚན་ཞིབ་གསར་གཏོད་ཀྱི་སྒུལ་ཤུགས་མགྱོགས་མྱུར་འཕེལ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་དམག་འཁྲུག་དང་དམག་འཐབ་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་དམག་དོན་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རང་རེའི་དམག་དཔུང་གི་ཁྱད་ཆོས་ལྡན་པ་དང་དེང་རབས་དམག་འཁྲུག་གི་ཆོས་ཉིད་དང་མཐུན་པའི་སྔོན་ཐོན་དམག་འཐབ་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བསྐྲུན་ཏེ་དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་འཕེལ་རྒྱས་ཀྱི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ལག་ལེན་ནས་རིགས་པའི་གཞུང་ལུགས་བར་དང་། སླར་ཡང་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་ཚུར་ལན་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཏེ་དམག་དོན་རིགས་པའི་གཞུང་ལུགས་ཞིབ་འཇུག་ལག་ལེན་ནང་མངོན་པ་དང་། ལག་ལེན་གྱི་ཞིབ་དཔྱད་དང་ལེན་བྱས་ཏེ་རིགས་པའི་གཞུང་ལུགས་དང་ལག་ལེན་མཉམ་སྐུལ་ཡག་པོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས་ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ལག་ལེན་བསྟར་བ་དང་། ལེགས་ཆའི་ཁྱབ་ཁོངས་བརྟན་དུ་དང་ཤུགས་སྣོན་རྒྱག་པ། གསར་དར་ཁྱབ་ཁོངས་ཀྱི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཐབ་ཇུས་རང་བཞིན་དང་། མདུན་ཕྱོགས་རང་བཞིན། རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། རང་བརྟེན་གསར་གཏོད་ཀྱི་འཐབ་ཇུས་གཞི་གནས་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་རང་བརྟེན་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་ལྟེ་བའི་ལག་རྩལ་ཚད་བརྒལ་སྔ་ཙམ་ཡོང་བ་བྱེད་དགོས། དངོས་འཐབ་ལ་དམིགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་ནུས་པར་དམ་འཛིན་ཡག་པོ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱིས་སྔར་བས་ལེགས་པའི་ངང་འཐབ་ནུས་ཆེ་རུ་གཏོང་རྒྱུར་ཞབས་འདེགས་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་དམག་དོན་ཚན་ཞིབ་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཤར་གཏོང་དང་ནུས་ཆེའི་འཁོར་སྐྱོད་ལམ་སྲོལ་ཆགས་པ་བྱས་ཏེ་གསར་གཏོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས། རིགས་པའི་གཞུང་ལུགས་དང་ཚན་རྩལ་མཉམ་འདྲེས་ཀྱི་ནང་དོན་དང་། ལམ་སྲོལ། བྱེད་ཐབས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་བུའི་ཐོག་ཏན་ཏིག་ངང་ཡག་པོ་སྐྱོད་དགོས། སྒོ་དབྱེའི་སྒོ་ནས་ཚན་ཞིབ་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། དམག་དམངས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དམག་དོན་ཚན་ཞིབ་ལས་དོན་གྱི་མཉམ་འབྲེལ་ཆེ་མོ་དང་མཐུན་སྦྱོར་ཆེ་མོའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
            མཇུག་ཏུ་ཞི་ཅིན་ཕིང་གིས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིམ་ཁག་ཏང་རྩ་འཛུགས་རྒྱ་སྟོབས་ཆེ་རུ་བཏང་ནས་ཏང་གི་འགོ་ཁྲིད་དམག་དོན་ཚན་ཞིབ་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཚན་ཞིབ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཚན་ཞིབ་གྲོན་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག