ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ལེན་ཀྲན་བཅས་པ་དང་མཇལ་འཛོམས་གནང་བ།

2018-07-16 སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་ཟླ་7ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་ལེན་ཀྲན་གྱིས་སྣེ་ཁྲིད་གནང་བའི་ཐའེ་དབན་ལས་རིགས་ཁག་གི་མི་སྣའི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
             ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་ལེན་ཀྲན་གྱིས་སྣེ་ཁྲིད་གནང་བའི་ཐའེ་དབན་ལས་རིགས་ཁག་གི་མི་སྣའི་འཚམས་འདྲི་ཚོགས་པ་དང་མཇལ་འཛོམས་གནང་སྐབས། ཡང་དག་ལམ་ཆེན་ཐོག་སྐྱོད་པ་དང་མི་སེམས་གཏད་ཕྱོགས་ནི་འགོག་ཐབས་བྲལ་བ་ཞིག་རེད།ང་ཚོས་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ང་ཚོར་ཡིད་ཆེས་གང་ལེགས་དང་ནུས་ཤུགས་འདང་ངེས་ཡོད་ཅེས་ནན་བཤད་གནང་བ་དང་འབྲེལ་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཀྲུང་གོ་གཅིག་གི་རྩ་དོན་མངོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང་སེམས་ཐག་གཙང་བཅད་ཀྱིས“ཐའེ་དབན་རང་བཙན”ལ་ངོ་རྒོལ་དང་བཀག་འགོག་བྱས་ཏེ་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་ཆེ་དང་ཟབ་ཏུ་གཏོང་བ་དང་སྤུན་ཟླའི་དབར་གྱི་བརྩེ་སེམས་དང་བདེ་སྐྱིད་ཟབ་ཏུ་བཏང་སྟེ་དུས་རབས་གསར་པར་མཉམ་དུ་ལག་གདང་སྦྲེལ་ནས་བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལེའུ་གསར་པ་བརྩམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
             ཞི་ཅིན་ཕིང་གིས“རང་ལུས་སྤྲིན་གྱི་གོང་དུ་གནས་ལགས་པས། ཆུ་འཛིན་སྟུག་པོས་འདྲེན་བྱེད་སྒྲིབ་དོགས་ཅི” ཚང་མས་མཐོ་རྩེར་འཛེགས་ནས་རྒྱང་ལྟ་བྱས་ཚེ། གནས་ཚུལ་གསལ་པོ་མཐོང་ཐུབ་པ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་ཐུབ་སྟེ། ཐུན་མོང་ཐོག་ངོགས་གཉིས་འབྲེལ་བ་དཀའ་སེལ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ། ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་ལ་གཞོལ་རྒྱུ་དེ་ནི་མི་རིགས་ཀྱི་ཁེ་ཕན་ཧྲིལ་པོ་དང་མཐུན་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ། ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་རྒྱུ། ངོགས་གཉིས་ཀྱི་སྤུན་ཟླའི་བརྩི་བཀུར་ཐོབ་པ་བཅས་ཀྱི་ཡང་དག་པའི་ལམ་བུ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་འགྱུར་ལྡོག་མང་པོའི་ཁྲོད་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མི་རིགས་དང་རིག་གནས་ཀྱི་མོས་སེམས་དང་བརྩེ་སེམས་རྩ་བ་ནས་ཁ་འབྲལ་མྱོང་མེད་པ། ལོ་བཅུ་གྲངས་ཁ་ཤས་ནང་ངོགས་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཅི་ཞིག་བྱུང་ནའང་སྤྱིའི་འཕེལ་ཕྱོགས་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ། ངོགས་གཉིས་ནི་ཁ་འབྲལ་ཐབས་མེད་པ་དང་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་བཅས་ཡོད་པས། ང་ཚོས་ངོགས་གཉིས་ཀྱི་འབྱུང་འགྱུར་འབྲེལ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ཅེས་གསུངས་པ་རེད།
             ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་ན། མི་འགྲུབ་བྱ་བ་ཅི་ཡང་མེད” ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ལྷག་པར་དུ་མིག་སྔའི་ཐའེ་དབན་མཚོ་འགག་གི་དུས་བབ་འོག་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་དེ་བས་ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་མདུན་སྐྱོད་བྱེད་དགོས།
             གཅིག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ཏེ“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་དགོས། “ཐའེ་དབན”རང་བཙན་བྱེད་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་གནོད་འཚེ་གཏོང་བ་དང་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་མ་ཟད། ངོགས་གཉིས་ཀྱི་སྤུན་ཟླར་ཡང་གོད་ཆག་བཟོ་སྲིད། ང་ཚོས“ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱི་ཕུ་དཀྲུག་མདའ་དཀྲུག་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ལ། “ཐའེ་དབན་རང་བཙན”གྱི་ལྐོག་གཡོ་གང་རུང་ཡང་སྒྲུབ་ཏུ་འཇུག་མི་སྲིད། མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མཐའ་དག་ཕམ་རྒྱུ་ཉག་ཅིག་རེད།
             གཉིས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེ་དང་ཟབ་ཏུ་གཏོང་དགོས། སྤེལ་རེས་རྒྱ་ཆེར་གཏོང་བ་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། ངོགས་གཉིས་ལའང་ཕན་ཐོགས་ཡོད། ངོགས་གཉིས་ཀྱི་སྤུན་ཟླའི་དབར་གནད་དོན་ཁ་ཤས་ཐད་ལྟ་སྟངས་མི་གཅིག་པ་ཡོད་པ་དེས། ངོགས་གཉིས་ཀྱི་རྒྱུན་གཏན་སྤེལ་རེས་མཉམ་ལས་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་པ་དང་། ངོགས་གཉིས་ཀྱིས་སྤེལ་རེས་མཉམ་ལས་ལ་འགོག་རྐྱེན་དང་ཚོད་འཛིན་བཟོ་བའི་ཁ་གཡར་སར་འགྱུར་བ་བྱེད་མི་རུང་། ང་ཚོས་སྤུན་ཟླ་ཐའེ་དབན་བའི་དམིགས་བསལ་བསམ་བློར་རྦད་དེ་བསམ་ཤེས་བྱེད་ཀྱི་ཡོད་ལ། སྤུན་ཟླ་ཐའེ་དབན་བའི་ད་ལྟའི་སྤྱི་ཚོགས་ལམ་ལུགས་དང་འཚོ་བའི་གོམས་གཤིས་ལའང་བརྩི་འཇོག་གང་ལེགས་བྱེད་ཀྱི་ཡོད།
             གསུམ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་དགོས། ངོགས་གཉིས་ནི་ཁྱིམ་ཚང་གཅིག་ལྟར་གྱི་སྤུན་མཆེད་དང་། ཚང་མ་ནི་ཀྲུང་གོ་བ་ཡིན་པ། སྤུན་ཟླ་ཐའེ་དབན་བ་ནི་ང་ཚོའི་ཤ་རུས་འདྲེས་པའི་སྤུན་ཟླ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་སྤུན་ཟླ་ཐའེ་དབན་བ་ཚོས་ཐོག་མཐའ་བར་གསུམ་དུ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་དེ་བས་འོད་ཟེར་གྱི་མདུན་ལམ་ལྡན་པས། ང་ཚོས་སྤུན་ཟླ་ཐའེ་དབན་བར་བདེ་སྐྱིད་བསྐྲུན་རྒྱུའི་ནུས་པ་དེ་བས་ཡོད་ལ། ཆ་རྐྱེན་ཡང་ཡོད།
             བཞི། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ངོགས་གཉིས་ཀྱི་སྤུན་ཟླ་མཐུན་སྒྲིལ་བྱས་ཏེ་ཐུན་མོང་ཐོག་མི་རིགས་བསྐྱར་དར་ཡོང་རྒྱུར་གཞོལ་དགོས། མི་རིགས་སྟོབས་འབྱོར་མངའ་ཐང་ལྡན་པ་ནི་སྤུན་ཟླ་ཡོངས་ཀྱི་ཐུན་མོང་གི་བདེ་སྐྱིད་དང་། མི་རིགས་ཉམས་ཞན་ཟང་ཟིང་ནི་སྤུན་ཟླ་ཡོངས་ཀྱི་ཐུན་མོང་གི་ཆག་སྒོ་རེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེན་གྱི་ཕུགས་འདུན་ཞིག་དང་། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་བས་འབད་འཐབ་ལྷོད་མེད་བྱེད་པའི་ཐུན་མོང་གི་བྱ་གཞག་ཅིག་ཀྱང་རེད་ཅེས་གསུངས་པ་རེད།
             ལེན་ཀྲན་གྱིས་ཀྲུང་གོ་གཅིག་དང་། ངོགས་གཉིས་ཞི་བདེ། གཉིས་ཁེ་མཉམ་འདྲེས། ཀྲུང་ཧྭ་དར་རྒྱས་བཅས་ཀྱི་དགོངས་ཚུལ་བཞི་བཏོན་ཞིང་། ཁོང་གིས་2005ལོར་གོ་གུང་ཏང་གཉིས་ཀྱིས་མཉམ་དུ་ངོགས་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་རྩ་དོན་དོན་ཚན་ལྔ་ཁྱབ་བསྒྲགས་བྱས་ཡོད། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་ངེས་ཤེས་མཐའ་འཁྱོངས་བྱ་རྒྱུ་རྨང་གཞིར་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
             ལེན་ཀྲན་གྱིས་ངོགས་གཉིས་ཀྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་ཐོག་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་བསྐྱར་དུ་གླེང་མོལ་བྱས་ཏེ་ལོ་རྒྱུས་ཀྱིས་བཞག་པའི་ཆབ་སྲིད་ཀྱི་འགལ་ཟླ་རིམ་གྱིས་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་རྩོམ་ཡིག