ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེས་ལྷ་སར་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ།

2018-07-17 སངས་སྐྱབས་ཀྱིས་བསྒྲིགས།
ཟླ་7ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་2018ལོའི་དབྱར་དུས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གདན་ཞུའི་ཚོགས་འདུ་འཚོག་ཡུལ་དུ་ཕེབས་ནས། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ལས་དོན་མི་སྣར་གདན་ཞུའི་ལས་གནས་དང་། གདན་ཞུའི་མི་གྲངས། ཐོབ་ཆ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
           2018ལོའི་དབྱར་དུས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཆེད་གཉེར་གདན་ཞུའི་ཚོགས་འདུ་ཟླ་7ཚེས་14ཉིན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་གདན་ཞུའི་ཚོགས་འདུ་འཚོག་ཡུལ་དུ་ཕེབས་ཏེ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ལས་ཞུགས་སྔོན་ལ་སྒྲུབ་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ལས་ཀ་སྔར་བས་བརྟན་པོ་དང་ཡོང་འབབ་སྔར་བས་ཚིམ་པོ་རག་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། རྒྱ་ཆེའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མས་ལས་ཞུགས་ཀྱི་ལྟ་བ་འགྱུར་ལྡོག་གཏོང་བ་དང་དུས་རབས་གསར་པའི་ནང་ཧུར་ཐག་ཞུགས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
           ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་འཇིགས་ཡོན་བཅས་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད།
           གདན་ཞུའི་ཚོགས་འདུ་འཚོག་ཡུལ་དུ་མི་སྤྱོད་ཚན་པ་300ལྷག་ཙམ་གྱིས་ལས་ཞུགས་ལས་གནས་4000ལྷག་ཙམ་མཁོ་འདོན་བྱས་ཡོད་པས་ལས་ཀ་འཚོལ་མཁན་མཐོ་སློབ་སློབ་ཐོན་སློབ་མ་མང་པོའི་ཡིད་དབང་བཀུག་པ་རེད། ཝུའུ་དབྱིང་ཅེ་དེ་གར་ཕེབས་རྗེས་ཕེབས་ཀྱིན་གཟིགས་ཀྱིན་དུ་མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་ནས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
           བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི། བོད་ལྗོངས་བདུད་རྩི་རྟགས་ཅན་གྱི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་སོགས་ཀྱི་འགྲེམས་གནས་སུ། ཝུའུ་དབྱིང་ཅེས་ལས་དོན་མི་སྣ་ཚོར་གདན་ཞུའི་ལས་གནས་དང་། གདན་ཞུའི་མི་གྲངས། ཐོབ་ཆ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གཞུང་ཁོངས་ཁེ་ལས་ཀྱིས། ཁེ་ལས་ཀྱི་ཐོན་འབབ་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་། ལས་བཟོའི་ཐོབ་ཆ་མང་དུ་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་དགོས་པ་དང་། ཁྲོམ་ར་རྒྱ་བསྐྱེད་ཧུར་ཐག་བཏང་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག ལས་ཞུགས་ལས་གནས་སྔར་བས་མང་བ་བཏོད་དེ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སྔར་བས་མང་བ་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས། ཝུའུ་དབྱིང་ཅེས་ད་དུང་བོད་ལྗོངས་མགྲོན་ཁང་གི་འགན་ཁུར་བར་ཡུལ་སྐོར་སྣེ་ལེན་གནས་ཚུལ་སྐོར་ཡང་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཡུལ་སྐོར་ལས་རིགས་ནི་བོད་ཀྱི་སྔོན་ཁྲིད་ཐོན་ལས་དང་ཀ་རྟེན་ཐོན་ལས་ཡིན་པ་མ་ཟད་དམངས་ཕན་དམངས་ཕྱུག་གི་ཐོན་ལས་ཀྱང་ཡིན་པས། བོད་ལྗོངས་མགྲོན་ཁང་ལ་ཞབས་འདེགས་ལེགས་སུ་གཏོང་བ་དང་། གོ་སྐབས་དམ་འཛིན། ཁེ་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
           ཧྭ་ཀྲུང་ཞིང་ལས་སློབ་ཆེན་ནས་ཐོན་པའི་ཕུར་བུ་ཚེ་རིང་གིས་ཞིང་ལས་ཐོན་རྫས་ལས་སྣོན་ཀུང་སི་ཞིག་བཙུགས་པར་མིག་སྔར་ཁེ་སྤོགས་རག་གི་ཡོད། ཝུའུ་དབྱིང་ཅེས་ཐུགས་ཁུར་ཆེན་པོའི་སྒོ་ནས་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལོངས་སྤྱོད་བྱེད་ཐུབ་བྱུང་ངམ་ཞེས་བཀའ་འདྲི་གནང་བར། ཕུར་བུ་ཚེ་རིང་གིས། ང་དང་སློབ་ཆེན་སློབ་མ་གཞན་དག་གསུམ་གྱིས་མཉམ་དུ་ལས་གཏོད་བྱས་པར། སྲིད་གཞུང་གིས་སྔོན་འགྲོའི་མ་དངུལ་སྒོར་ཁྲི་20མཁོ་འདོན་བྱས་པ་མ་ཟད། ད་དུང་ཀུང་སི་འཛུགས་སའི་ས་ཆར་རིན་པ་གཅིག་ཀྱང་མ་བླངས་པའི་ཁར། ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་བཏང་བས་ང་ཚོའི་དངོས་ཡོད་དཀའ་ངལ་མང་པོ་ཞིག་ཐག་གཅོད་ཐུབ་སོང་ཞེས་ལན་བཏབ། ཝུའུ་དབྱིང་ཅེས། ང་ཚོས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་བཞིན་པའི་སྒང་ཡིན་པས། མཐོ་སློབ་སློབ་ཐོན་སློབ་མ་སྔར་བས་མང་བའི་བསམ་བློར་བཅིངས་འགྲོལ་དང་ལྟ་བར་འགྱུར་ལྡོག་བཏང་ཐོག་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་ཞུགས་ལས་གཏོད་བྱས་ནས་མི་ཚེའི་རིན་ཐང་མངོན་པ་དང་ཆབས་ཅིག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་གཟིགས་སྐྱོང་སྲིད་ཇུས་སྔར་བས་ལེགས་པ་ཞིབ་འཇུག་ཧུར་ཐག་བྱས་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་དང་། སྐུལ་ཁྲིད་ནུས་པ་ཆེ་བ། ཁྱབ་འགྱེད་ཁྱབ་ཁོངས་ཡངས་པ། དམངས་འཚོ་ལེགས་སུ་ཆེན་པོ་ཕྱིན་པ་བཅས་ཀྱི“གཉིས་གཏོད”ཁེ་ལས་རིགས་ལ་གཙོ་གནད་རོགས་སྐྱོར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་དགོས་ཞེས་གསུངས།
           བོད་ལྗོངས་རྒྱལ་ཇུས་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་འགྲེམས་གནས་སུ། ཝུའུ་དབྱིང་ཅེས་ཀུང་སིའི་མི་སྤྱོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། ལས་ཞུགས་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་འཕེལ་རྒྱས་ཆེན་པོར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལས་ཞུགས་ལས་གཏོད་ཐུབ་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་ལས་ཀ་འཚོལ་བར་ཡོང་མཁན་བཀྲ་ཤིས་བསྟན་འཛིན་ལྷ་མོར་སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ཏེ་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལག་ལེན་ཚ་ཚ་འུར་འུར་ཁྲོད་ཧུར་ཐག་ཞུགས་རྒྱུའི་ལྕག་སྐུལ་གནང་བ་རེད།
           ཝུའུ་དབྱིང་ཅེས་བོད་ལྗོངས་ལམ་བཟང་སློབ་གསོའི་འགན་ཁུར་བར་གདན་ཞུའི་ལས་གནས་དང་ལས་སྒོ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཀུན་སྤྱོད་སློབ་གསོ་སྐད་རིགས་སློབ་གསོར་འདྲེས་བར་བྱས་ཐོག སློབ་ཁྲིད་བྱེད་རིང་བོད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ནི་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཀྱི་རྟེན་ས་དང་། སེམས་ཀྱི་ཆགས་ས། བསམ་བློའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ“གདེང་ཚོད་བཞི”བརྟན་དུ་དང“མོས་སེམས་ལྔ”ཆེ་རུ་བཏང་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། སྐད་རིགས་སློབ་གསོ་ལ་བརྟེན་ནས་མི་རིགས་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲིས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་གསུངས།
           རྟོག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། ལས་ཞུགས་སྔོན་ལ་སྒྲུབ་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མཐའ་འཁྱོངས། ཕྱོགས་ཡོངས་ལ་ཁྱབ་པའི་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ལས་ཞུགས་ཀྱི་ཐབས་ལམ་དང་ཡོང་སྒོ་ཡོད་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས། ཕ་ཡུལ་ནས་ཁ་འབྲལ་མི་དགོས་པ། ལས་ཀ་བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ནས་ཐོན་འཕར་དང་འབྲི་གཡག་སྡོམ་གསོ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཕ་ཡུལ་ནས་ཁ་འབྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་ཞུགས་པ་དང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས། ལས་ཞུགས་ལ་སྐུལ་འདེད་གཏོང་བ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མཐོ་སློབ་དཀྱུས་མ་དང་ལས་རིགས་སློབ་གླིང་གི་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བ། རང་བྱུང་ཚན་རིག་ཚན་ཁག་དང་ལག་ལེན་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་སྤུས་ཚད་མཐོ་བ་དང་ལས་ཞུགས་གང་ལེགས་ཐུབ་རྒྱུར་རྨང་གཞི་བཟང་པོ་འདིང་དགོས། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་རྩ་ཆག་གཏོང་ཐུབ་རིགས་རྩ་ཆག་གཏོང་བ་དང་། ལྷུག་ཏུ་གཏོང་ཐུབ་རིགས་ལྷུག་ཏུ་གཏོང་བ། གཟིགས་སྐྱོང་བྱེད་ཐུབ་རིགས་གཟིགས་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བས་ལས་གཏོད་གསར་གཏོད་བྱ་རྒྱུའི་ཡིད་དབང་འགུགས་པ་དང་ཆབས་ཅིག དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག