ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འདམ་གཞུང་དུ་བསྐྱོད་དེ་འབྲོག་པའི་འཚོ་བར་མྱོང་རོལ་བྱེད་པ།

2018-08-10 པད་མས་བསྒྱུར།
—2018 ལོའི་“འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན”གྱི་འགོ་ཚུགས་པ།
          ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན།“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་ལོ་གཅིག་ནང་དུས་གཅིག་རེ་འཚོགས་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། བོད་བྱང་ཐང་གི་གཞི་རྒྱ་ཆེ་བའི་རྟ་རྒྱུག་དུས་ཆེན་གཟབ་རྒྱས་གྲས་ཀྱི་གཅིག་ཀྱང་ཡིན། བོད་སྐད་དུ“འདམ”ཞེས་པ་ནི་འདམ་གཞུང་དང་།“སྤྱི་རིམ”ནི་སྨོན་ལམ་ཆོས་ཚོགས་ཀྱི་དོན་ཡིན། “འདམ་སྤྱི་རིམ”ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་དམངས་ཁྲོད་ཀྱི་སྨོན་ལམ་ཆེན་མོ་དང་། རྟ་རྒྱུག་དུས་ཆེན་ཡིན།
རི་མོ་འདི་ནི་འགོ་ཚུགས་མཛད་སྒོའི་སྟེང་དུ་རྟ་རྩལ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།
“འདམ་སྤྱི་རིམ”ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་དམངས་ཁྲོད་ཀྱི་སྨོན་ལམ་ཆོས་ཚོགས་ཆེན་མོ་ཞིག་ཡིན།
          ཤེས་རྟོགས་བྱུང་བ་ལྟར་ན། ལོ་རྒྱུས་ཡུན་རིང་ལྡན་པའི“འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན”གྱི་ཁུངས་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པར་དེད་ཆོག་ཅིང་། དེ་ལོ་ངོ་300ལྷག་ཙམ་རིང་རྒྱུན་འཛིན་བྱས་ཡོད། 2008ལོར་རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག”ནང་དུ་ཚུད། ཉེ་བའི་ལོ་འགའི་རིང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་ནི་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་ཞིག་ཏུ་བརྩིས་ཏེ་རྒྱུད་འཛིན་དང་དར་སྤེལ་གཏོང་ཐུབ་ཡོད།
          ཟླ་8པའི་ཚེས་8ཉིན།མི་ཀུན་གྱི་སྣང་བ་བཟི་བར་བྱེད་པའི་མཛེས་སྡུག་ལྡན་པའི་འདམ་གཞུང་རྩྭ་ཐང་གི་ཨ་ཚ་འདམ་རའི་འགྲམ་དུ་ལོ་ངོ་སུམ་བརྒྱ་ལྷག་རིང་རྒྱུན་འཛིན་བྱས་པའི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་དེ་འདམ་གཞུང་རྫོང་རྟ་རྒྱུག་ཐང་ཆེན་དུ་འགོ་ཚུགས་པ་རེད།
          འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱིས་དེང་སྐབས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་རྩྭ་ཐང་སྟེང་རང་དབང་དང་བག་ཕེབས་ཀྱིས་རོལ་བའི་རུ་སྤོའི་འཚོ་བའི་རྣམ་པ་ཇི་བཞིན་དུ་མངོན་པ་སྟེ། ལྕི་བ་བསྒྲུགས་པ་དང་། འོ་མ་དཀྲོག་པ། ཇ་སྐོལ་བ། ལུག་བལ་བཀྲུ་བ། སྐུད་པ་བསྒྲིམས་པ། ཐགས་འཐག་པ། སྨོན་ལམ་རྒྱག་པ་སོགས་ལྷམ་མེར་མངོན། འབྲོག་པ་ལ་ལས་རྩྭ་ཐང་སྟེང་གི་ཉིན་རྒྱུན་གྱི་འཚོ་བའི་རྣམ་པ་སྒྱུ་རྩལ་ཅན་དུ་བསྒྱུར་རྗེས་གར་སྟེགས་སུ་འཁྲབ་ཅིང་། ད་རུང་འདམ་གཞུང་མི་དམངས་ཀྱིས་དགའ་འབོད་བྱེད་པའི་རྟ་མཆོག་དང་ཁོ་ཚོའི་ཐོན་སྐྱེད་འཚོ་བའི་ཁྲོད་ཁ་འབྲལ་ཐབས་མེད་པའི་ནོར་གནག་ཀྱང་གར་སྟེགས་སུ་ཁྲིད་འོངས་ནས་འཁྲབ་སྟོན་བྱས་ཏེ། སྐབས་ཤིག་རིང་དག་གཙང་གི་འདམ་གཞུང་ཁོག་གི་གང་ས་གང་དུ་འབྲོག་པ་མང་ཚོགས་ཀྱི་དགའ་སྤྲོའི་དགོད་སྒྲས་ཁེངས་ཤིང་། ཡུལ་དངོས་ཀྱི་ལྟད་མོ་བར་འབྲོག་པའི་རིག་གནས་ཀྱི་དགྱེས་སྟོན་ཆེན་པོ་ཞིག་མྱོང་རོལ་བྱེད་དུ་བཅུག  
འགོ་ཚུགས་མཛད་སྒོའི་ཐོག་ནོར་གནག་གར་སྟེགས་སུ་ཡོང་བའི་རྣམ་པ་རེད། 
          རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་ནི་དུས་ཡུན་ཉིན་བདུན་ཡིན་ཞིང་། དེས་སྲོལ་རྒྱུན་གྱི་རྟ་འགྲོས་དང་། རིང་རྒྱུག ཐུང་རྒྱུག གནམ་མཚོར་མཚོ་སྐོར་འགྲན་བསྡུར་བྱེད་པ་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་རྒྱུད་འཛིན་བྱས་ཤིང་། དེ་བཞིན་རྡོ་འགྱོགས་པ་དང་། སྒོར་གཞས་འཁྲབ་སྟོན། སྐྱེས་པ་དང་བུད་མེད་ཀྱི་ཐག་འཐེན། སྐྱེས་པ་དང་བུད་མེད་ཀྱི་ལྗིད་འདེགས་སོགས་ཀྱི་རོལ་རྩེད་རྣམ་གྲངས་ཡོད་པར་མ་ཟད། ད་དུང་རྩེད་སྤྲོ་ཞིང་ལྟ་ཡག་པའི་འབྲི་གཡག་འགྲན་སྡུར་དང་། གཡག་མགུ་དོམ། རྩྭ་ཐང་གི་གླུ་ཚོགས་དང་། རྟ་རྩལ་འཁྲབ་སྟོན། རྒྱན་གོས་འཁྲབ་སྟོན། གནམ་མཚོ•དུས་བཞིའི་འབྲོག་གླུ”འཁྲབ་གཞུང་སོགས་འདམ་གཞུང་ལ་དམིགས་བསལ་དུ་ཡོད་པའི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་འཛམ་གླིང་ཡོངས་སུ་འགྲེམས་སྟོན་བྱས།
          “འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་ནི་དམངས་ཁྲོད་ཀྱི་རིག་གནས་ཁྱབ་སྤེལ་དང་། ལུས་རྩལ་འགྲན་བསྡུར་དར་སྤེལ། སོས་དལ་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། དངོས་རྫས་འགྲེམས་ཚོང་དང་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་གཙོ་བོ་ཤིག་ཡིན་ཞིང་། དེ་ནི་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ལུས་རྩལ་གྱི་འགྲན་བསྡུར་བྱེད་སྒོ་ཞིག་ཀྱང་ཡིན། 2018ལོའི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་གྱི་གྲ་སྒྲིག་ཚོ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་སྤེན་པ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རེ་བར་ལོ་རྒྱུས་ཡུན་རིང་ལྡན་པའི‘འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན’གྱི་སྒེའུ་ཁུང་འདི་བརྒྱུད་དེ་འདམ་གཞུང་རྫོང་གི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་དུ་བཏང་སྟེ་མི་དེ་བས་མང་པོར་འདམ་གཞུང་ལ་རྒྱུས་ལོན་དང་། འདམ་གཞུང་ངོ་ཤེས་པ། འདམ་གཞུང་དུ་ཕེབས་ཐུབ་པར་འཇུག་རྒྱུའི་རེ་བ་ཡོད་ཅེས་བཤད།
          འདམ་གཞུང་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་བར་ཐག་ཆེས་ཉེ་ཤོས་ཀྱི་རྩྭ་ཐང་འབྲོག་ལས་གཙོ་བོར་བྱེད་པའི་རྫོང་ཡིན་ཞིང་། དེའི་མངའ་ཁོངས་སུ་བོད་ལྗོངས་ཀྱི་མཚོ་ཆེས་ཆེ་བ་གནམ་མཚོ་དང་། རི་བོ་གཉན་ཆེན་ཐང་ལྷ། ལྷ་སའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འདམ་རའི་རྩྭ་ཐང་དང་། བོད་རང་སྐྱོང་ལྗོངས་ནང་གི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་འོག་ཚ་ནུས་ཀྱི་ཆུ་ཚན་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་།འདམ་གཞུང་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་དམིགས་འབེན་ལ་དམིགས་ཏེ།“མོ་ནམ་གངས་རིའི་བརྩེ་མདངས་ཁྲོད་ནས།། དབྱར་རྩྭ་དགུན་འབུའི་འགྲུལ་བཞུད་རོལ།།”ཅེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་བདེ་ལེགས་ངང་སྤེལ་ཏེ། “ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གསར་གཏོད་བྱས་ཤིང་། ཡང་པ་ཅན་ནས་དགེ་རྟག་ནུས་རྒྱུ་གསར་པའི་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་གྱི་བསམ་གཞིགས་བཏོན་ཏེ་དེང་གི་འདམ་གཞུང་གིས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་གནས་ཡོང་བ། སྐྱེ་ཁམས་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་བསྟན་ནོ། །
འབྲེལ་ཡོད་རྩོམ་ཡིག