ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུ་དང་མཇལ་འཛོམས་གནང་བ།

2018-10-22 སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུ་དང་མཇལ་འཛོམས་གནང་ཡོད་པ་རེད། ཧྲའོ་དབྱི་ཀུས་ཐོག་མར་ཙུང་ཐུང་ཕུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཧྲའོ་དབྱི་ཀུ་ལ་ཙུང་ཐུང་ཕུ་ཅིང་ལ་ལྷག་བསལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། འདི་ལོ་ཤར་ཚུན། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་མུ་མཐུད་གནས་བབ་མཐོ་པོའི་ཐོག་གོང་འཕེལ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་མཐོ་ཤོས་ལ་སླེབས་ཡོད། ཉེ་བའི་ཟླ་བ་ལྔའི་རིང་། ངོས་ནས་ཙུང་ཐུང་ཕུ་ཅིང་དང་གྲོས་མོལ་ཐེངས་གསུམ་ཞུས་པ་དེའི་ཐོག་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་མངོན་ཐུབ། ཕྱོགས་གཉིས་པོས་ཕན་ཚུན་ནི་འཐབ་ཇུས་རོགས་ལས་རོགས་པ་དང་ཕྱི་འབྲེལ་གྱི་སྔོན་ལ་འཇོག་པའི་ཁ་ཕྱོགས་གལ་ཆེ་ཤོས་ལ་རྩིས་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། རྒྱལ་སྤྱིའི་བྱ་དོན་ཁྲོད་མཐུན་སྦྱོར་དང་རམས་འདེགས་དམ་ཟབ་བྱས་ནས། འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་འགག་རྩའི་རྒྱུ་རྐྱེན་དང་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་གྱུར་ཡོད་ལ། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་མིག་དཔེ་སྟོན་ཡོད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་ཨུ་རུ་སུ་ཕྱོགས་དང་མཉམ་དུ་དུས་སང་གི་ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་གོ་སྐབས་བཟང་པོ་དེ་བེད་སྤྱོད་གང་ལེགས་བྱས་ཏེ། ཁྱོན་ཡོངས་རོགས་ལས་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུའི་དམག་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། འཐབ་ཇུས་མཉམ་ལས་ཀྱི་ཁྱད་ཆོས་དང་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཉེ་ལམ་ལོ་ཤས་རིང་། དམག་གཉིས་ཀྱིས་མཉམ་འབྲེལ་ནང་སྦྱོང་དང་དངོས་འཐབ་ཅན་གྱི་སྦྱོང་བརྡར། དམག་དོན་འགྲན་བསྡུར་སོགས་ཁྱབ་ཁོངས་ནང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད་པ་དང་། དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་ཐོབ་ཡོད་ཅིང་། ཕྱོགས་གཉིས་པོར་ཕན་ཐོགས་མི་དམན་པ་ཐོབ་ཡོད། དམག་གཉིས་ཀྱིས་ཐུན་མོང་གི་བདེ་འཇགས་འཇིགས་སྐུལ་ལ་དམིགས་ནས། རང་སོའི་རྒྱལ་ཁབ་ཀྱི་གོང་འཕེལ་དང་མི་རིགས་དར་རྒྱས་ཆེད་ཕན་ཡོད་ཀྱི་ཕྱི་རོལ་ཁོར་ཡུག་བསྐྲུན་དགོས་པ་དང་། མུ་མཐུད་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུས་བློ་བརྟན་འགྱུར་མེད་ངང་འཐབ་ཇུས་རོགས་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་བ་བྱེད་པའི་གནོན་རྡོ་ལྟ་བུ་བྱེད་དགོས་པ་དང་། རང་སོ་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་སྤྱིའི་བདེན་ལམ་དང་དུས་རབས་ཀྱི་འཕེལ་ཕྱོགས་ནི་འཛམ་གླིང་ཧྲིལ་པོའི་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཀྱི་ཕྱོགས་ལ་ཡོད་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད་པ་རེད།
          ཧྲའོ་དབྱི་ཀུས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུ་ཅིང་གི་འཐབ་ཇུས་ཁྲིད་སྟོན་ནི་ཨུ་རུ་སུ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ཙུང་ཐུང་ཕུ་ཅིང་གིས་དམག་གཉིས་ཀྱི་མཉམ་ལས་ལ་མཐོང་ཆེན་གནང་གི་ཡོད་པ་དང་། ཕྱོགས་གཉིས་པོས་ཤར་ཕྱོགས་༢༠༡༨ཞེས་པའི་འཐབ་ཇུས་ནང་སྦྱོང་ཁྲོད་མཐུན་སྦྱོར་རམས་འདེགས་བྱས་པར་གདེང་འཇོག་མཐོ་པོ་གནང་གི་ཡོད། ཨུ་རུ་སུ་ཕྱོགས་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོ་དང་དམག་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་ཇུས་རོགས་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་དམག་དོན་མཉམ་ལས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། རིགས་ཁག་གི་བདེ་འཇགས་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་མཉམ་དུ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག