ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་དང་མཇལ་མོལ་གནང་བ།

2018-11-20 སངས་སྐྱབས་ཀྱིས་བསྒྲིགས།
            སྤྱི་ཚེས་༡༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་རི་པེ་ཁ་མཚོ་ཁུག་ཏུ་པུ་རུ་ནེའི་རྒྱལ་པོ་ཧ་སང་ན་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་པུ་རུ་ནེའི་འབྲེལ་བའི་གོང་འཕེལ་གྱི་འཕེལ་ཕྱོགས་བཟང་པོར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་དང་པུ་རུ་ནེའི་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་བཙུགས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་གཉིས་ཕན། མི་ཆོས་རིག་གནས་མཉམ་མཐུད། ཕྱོགས་མང་ཕན་ཚུན་རོགས་རེས་བཅས་ཀྱི་རོགས་པ་ཡག་པོ་བྱ་རྒྱུའི་གཏན་འཁེལ་གནང་ཡོད།
            ཞི་ཅིན་ཕིང་གིས་ཧ་སང་ན་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་པུ་རུ་ནེའི་འབྲེལ་བར་ཐུགས་ཁུར་དང་མཐོང་ཆེན་གནང་བར་ཚད་མཐོའི་བསྔགས་བརྗོད་གནང་ཡོད། ཞི་ཅིན་ཕིང་གིས། ད་ཐེངས་ནི་ང་རང་ནས་པུ་རུ་ནེར་འཚམས་འདྲི་ཞུ་ཐེངས་དང་པོ་ཡིན་ཞིང་། པུ་རུ་ནེའི་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་མཛའ་གྲོགས་དང་། ལྷག་པར་དུ་ལམ་རྒྱུད་དུ་དགའ་བསུ་ཞུ་མཁན་གཞོན་ནུ་ལོ་ཆུང་ཚོའི་འཛུམ་མདངས་ལས་ལྷག་བསམ་ལྡན་པའི་མཛའ་གྲོགས་རྣམ་པ་མངོན་ཡོད་པས། མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད། དེ་ནི་ཀྲུང་གོ་དང་པུ་རུ་ནེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཏིང་ཟབ་པའི་མཛའ་གྲོགས་ཀྱི་མངོན་ཚུལ་ཞིག་ཡིན། པུ་རུ་ནེའི་ཆབ་སྲིད་བརྟན་པོ་དང་མི་དམངས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡིན་པས། ཞི་བདེའི་རྒྱལ་ཁམས་ཞེས་པའི་མཚན་སྙན་དང་མཐུན་ཡོད། ཀྲུང་གོ་དང་པུ་རུ་ནེའི་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བ་གཏིང་ཟབ་ལ་ཡུན་རིང་བ་ཞིག་ཡིན། རྒྱལ་ཁབ་གཉིས་པོ་ནི་རྒྱ་མཚོའི་ཕྱོགས་གཉིས་སུ་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་དང་རོགས་པའང་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་དེ་ནི། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་གཉིས་ཕན། མི་ཆོས་རིག་གནས་མཉམ་མཐུད། ཕྱོགས་མང་རོགས་རེས་བཅས་ཀྱི་རོགས་པ་ཡག་པོ་བྱེད་པ་དང་། མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཡག་པ་བསྐྲུན་རྒྱུ་རེད་ཅེས་དང་།
            ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་བརྟན་པོ་ཡོང་བ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་པུ་རུ་ནེས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་པར་བསྔགས་བརྗོད་ཞུ་རྒྱུ་དང་། པུ་རུ་ནེས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་པུ་རུ་ནེ་འདི་ཉིད་དུས་རབས་ཉེར་གཅིག་གི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་པའི་མཉམ་ལས་རོགས་པ་གལ་ཆེན་ལ་བརྩི་གི་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་པུ་རུ་ནེའི་དཔལ་འབྱོར་སྣེ་མང་ཅན་གྱི་འཐབ་ཇུས་སྤྱི་ལོ་༢༠༣༥ལོའི་བརྗིད་ཆེའི་མདུན་ལྗོངས་ཞེས་པ་དང་འབྲེལ་མཐུད་བྱས་ཏེ། རྒྱལ་ཁབ་གཉིས་པོས་གཉིས་ཕན་མཉམ་ལས་ཡག་པོ་བྱ་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་པུ་རུ་ནེའི་ཁེ་ལས་ནས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་སྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། པུ་རུ་ནེའི་ཕྱོགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། ཉ་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་གཞིའི་དཔལ་འབྱོར་དང་། གློག་རྡུལ་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་གོང་འཕེལ་ཉམས་མྱོང་མཉམ་སྤྱོད་བྱ་འདོད་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ལུས་རྩལ། འཕྲོད་བསྟེན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་བར་ཤེས་རྟོགས་དང་མཛའ་གྲོགས་ཤུགས་ཆེར་གཏོང་བ། ས་གནས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ། ཁྲིམས་འཛིན་དང་། འཇིགས་སྐུལ་ལ་ངོ་རྒོལ། རྒྱལ་ཁོངས་གྲོལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་དང་ཕན་ཚུན་གཞོགས་འདེགས་བྱ་རྒྱུ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འབྲེལ་བ་དང་ཨེ་ཤ་ཡ་ཤར་མའི་མཉམ་ལས་ལ་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་ལག་གདང་སྦྲེལ་ཏེ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཤར་རྒྱུད་འཕར་སྣོན་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཁྱོན་ཡོངས་དང་དོ་སྙོམས་ངང་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཏོན་གནང་བ་དང་།
            ཞི་ཅིན་ཕིང་གིས། ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཀྲུང་གོ་དང་པུ་རུ་ནེའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡང་ཡིན། ཀྲུང་གོའི་ཕྱོགས་ནས་པུ་རུ་ནེས་བཏོན་པའི་འཁོར་ལམ་གཉིས་ཀྱི་རིག་ལམ་སྟེ། དོ་བདག་རྒྱལ་ཁབ་ནས་མཛའ་གྲོགས་གྲོས་མོལ་བྱས་ཏེ་རྩོད་གཞི་ཐག་གཅོད་བྱེད་པ་དང་། ས་ཁུལ་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོའི་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་མཚོ་ཐོག་མཉམ་ལས་དང་ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་འཛིན་ལ་གྲོས་མོལ་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ལྷོ་རྒྱ་མཚོ་འདི་ཉིད་ཞི་བའི་རྒྱ་མཚོ་དང་། མཛའ་གྲོགས་རྒྱ་མཚོ། མཉམ་ལས་རྒྱ་མཚོ་བཅས་ལ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།
            ཧ་སང་ན་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བར་མཐོར་འདེགས་བྱུང་བ་དང་། པུ་རུ་ནེའི་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་འཚམས་འདྲིར་ཕེབས་པ་གོ་སྐབས་སུ་བྱས་ནས། ཕྱོགས་གཉིས་པོས་ཉོ་ཚོང་དང་། མ་འཇོག ཞིང་ལས། ཡུལ་སྐོར། སློབ་གསོ། མི་ཆོས་རིག་གནས། ཁྲིམས་འཛིན་རོགས་ལས་སོགས་ཁྱབ་ཁོངས་ནང་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་འདོད་ཡོད། ཀྲུང་གོར་དབུལ་པོ་ཉུང་གཏོང་དང་། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ནང་གཡུར་ཟའི་གྲུབ་འབྲས་ཐོབ་པར་པུ་རུ་ནེའི་ཕྱོགས་ནས་ཡི་རངས་ཞུ་བཞིན་ཡོད་པ་དང་། སྤྱི་ལོ་༢༠༣༥ལོའི་བརྗིད་ཆེའི་མདུན་ལྗོངས་ཞེས་པའི་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་བ་དང་། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་བརྟན་ལྷིང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་པུ་རུ་ནེའི་ཕྱོགས་ནས་གདེང་འཇོག་ཆེན་པོ་བྱེད་པ་དང་། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཤར་རྒྱུད་འཕེལ་རྒྱས་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པུ་རུ་ནེ་དང་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ཟམ་མི་ཆད་པ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། པུ་རུ་ནེས་ས་ཁུལ་འདི་གའི་རྒྱལ་ཁབ་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། མཚོ་ཐོག་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་བསྟན་གནང་ཡོད་པ་རེད།
            མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་འཆར་འགོད་སོགས་ཕྱོགས་གཉིས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་གནང་ཡོད་པ་རེད།
            ཕྱོགས་གཉིས་པོས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པུ་རུ་ནེའི་མཉམ་འབྲེལ་གསལ་བསྒྲགས་༽སྤེལ་ཡོད་པ་རེད།
            མཇལ་མོལ་མ་གནང་གོང་། རྒྱལ་པོ་ཧ་སང་ན་ཡིས་རྒྱལ་པོའི་ཕོ་བྲང་མདུན་གྱི་ཐང་ཆེན་ཐོག་གཉེར་བའི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག