ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཨེ་ཀོ་ཏོར་གྱི་ཙུང་ཐུང་དང་གྲོས་མོལ་གནང་བ།

2018-12-13 སངས་སྐྱབས་ཀྱིས་བསྒྲིགས།
          སྤྱི་ཚེས་༡༢ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཨེ་ཀོ་ཏོར་གྱི་ཙུང་ཐུང་མོ་ལེ་ནོ་དང་གྲོས་མོལ་གནང་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཀོ་ཏོར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་ཡོད་ཅེས་དང་།
          ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་མཐོ་རིམ་དང་ཁྱབ་ཁོངས་ཁག་དང་བང་རིམ་ཁག་གི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་པ། ཕྱོགས་གཉིས་པོའི་གོང་འཕེལ་གྱི་འགྲོ་ལམ་ལ་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེ་རིགས་ཀྱི་གནད་དོན་ཐད་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཏོན་གནང་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་ཨེ་ཀོ་ཏོར་གྱིས་རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་ནང་ཞུགས་ཏེ། རྨང་གཞིའི་སྒྲིག་བཀོད་དང་། ཐོན་ནུས། ཞིང་ལས། ཆ་འཕྲིན་ལག་རྩལ། ནུས་ཁུངས་གསར་པ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཨེ་ཀོ་ཏོར་ཕྱོགས་ནས་ཀྲུང་གོའི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་བྱས་ཏེ་ཀྲུང་གོའི་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཨེ་ཀོ་ཏོར་དང་མ་དངུལ་བསྡུ་རུབ་ཀྱི་མཉམ་ལས་བྱས་པ་ནི་རྦད་དེ་འདྲ་མཉམ་གཉིས་ཕན་དང་ཚོང་ལས་ཀྱི་རྩ་དོན་ལ་གཞིགས་པ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་བྱས་མེད། ཀྲུང་གོ་སྲིད་གཞུང་གིས་ཨེ་ཀོ་ཏོར་གྱི་ཀྲུང་གོའི་མ་རྩའི་ཁེ་ལས་ནས་ས་གནས་དེ་གའི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ལྷག་བསམ་རྣམ་དག་ངང་ལས་གཉེར་བྱེད་པ། རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འདྲ་མཉམ་འགྲན་རྩོད་བྱ་རྒྱུའི་རེ་བ་ཡོད། ཨེ་ཀོ་ཏོར་ཕྱོགས་ནས་ཁོང་ཚོར་མ་འཇོག་ཁོར་ཡུག་ཡག་པོ་གཏོད་པ་དང་། ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཐུགས་རེ་གནང་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་དང་ཚན་རྩལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་མཉམ་ལས་བྱེད་པ། རྒྱུན་ལྡན་མི་སྣ་དང་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་ལ་འགན་སྲུང་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཨེ་ཀོ་ཏོར་གྱི་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་དང་གནོད་འགོག་གནོད་སེལ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་།
          ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཀོ་ཏོར་ཕྱོགས་གཉིས་པོར་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་ལངས་ཕྱོགས་གཅིག་པའམ་འདྲ་བའི་ཆ་ཡོད་པས། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ལ་མཉམ་དུ་སྐུལ་འདེད་གཏོང་བ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་པའི་ནན་བཏོན་གནང་ཡོད།
          མོ་ལེ་ནོས། ཀྲུང་གོ་ནི་ཨེ་ཀོ་ཏོར་གྱི་ལྷག་བསམ་དག་པའི་གྲོགས་པོ་ཡིན་པ་དང་། ཨེ་ཀོ་ཏོར་ཕྱོགས་ནས་ཀྲུང་གོའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་ལ་ཡིད་སྨོན་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དང་ཀྲུང་གོའི་མི་དམངས་ཀྱི་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བ་དང་གསར་འབྱེད་གསར་སྐྲུན་ལ་ཡི་རངས་ཞུ་གི་ཡོད། ཀྲུང་གོའི་ཕྱོགས་ནས་ཨེ་ཀོ་ཏོར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བ་དང་། ལྷག་པར་དུ་སྤྱི་ལོ་༢༠༡༦ལོར་ཨེ་ཀོ་ཏོར་ལ་ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་འཕྲལ་མར་ང་ཚོར་རོགས་རམ་གནང་བར་ཨེ་ཀོ་ཏོར་མི་དམངས་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ནི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཡིན་ཞིང་། དེས་ཨེ་ཀོ་ཏོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བ་དང་། ཨེ་ཀོ་ཏོར་ཕྱོགས་ནས་དེའི་ནང་ཧུར་ཐག་ཞུགས་པ་དང་ཁྱབ་ཁོངས་རྒྱ་ཆེན་པོའི་ནང་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད། ཨེ་ཀོ་ཏོར་ཕྱོགས་ནས་ཀྲུང་གོས་མ་རྩ་བསྡུ་རུབ་ཀྱི་རྒྱབ་སྐྱོར་བྱེད་པར་དགའ་བསུ་ཞུ་རྒྱུ་མ་ཟད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེས་ཨེ་ཀོ་ཏོར་གྱི་གོང་འཕེལ་ལ་སྐུལ་འདེད་དང་ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་གལ་འགངས་ཧ་ཅང་ཆེན་པོ་ཡོད། ཨེ་ཀོ་ཏོར་ཕྱོགས་ནས་ཀྲུང་གོར་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུ་མ་ཟད། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་ཁེ་ལས་མཁས་པའི་མཐོ་རིམ་གྲོས་ཚོགས་གཙོ་གཉེར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཚན་རྩལ་གསར་སྐྲུན་ཁྱབ་ཁོངས་ནང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་འདོད་ཡོད་པ་དང་། ཨེ་ཀོ་ཏོར་ཕྱོགས་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་སོགས་ཕྱོགས་མང་བྱ་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
          གྲོས་མོལ་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཨེ་ཀོ་ཏོར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ་སོགས་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།
          གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་ནས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མོ་ལེ་ནོར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག