ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ཁ་སང་བྱེད་སྒོ་འདི་འདྲ་ཞིག་ལ་ཞུགས་འདུག

2019-01-23 སངས་སྐྱབས་ཀྱིས་བསྒྲིགས།
             ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བའི་རིག་རྩལ་འཁྲབ་སྟོན་གཉེར་བ་དང་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་བློ་མཐུན་རྒན་གྲས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ།
             ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བའི་དཔྱིད་གསར་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དེ་སྤྱི་ཚེས་ཉི་ཤུ་གཉིས་ཉིན་གྱི་ཕྱི་དྲོ་པེ་ཅིན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་། དམག་ཡོངས་ནས་ལས་བྲལ་ལས་འཁྱུར་གནང་བའི་བློ་མཐུན་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་ཡོད་པ་རེད།
             སྤྱི་ཚེས་ཉི་ཤུ་གཉིས་ཉིན་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་སྲོལ་རྒྱུན་ཕག་ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་བསྐྲུན་བཅས་བྱེད་ཆེད་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་། བསྒྱུར་བཅོས། གོང་འཕེལ་བཅས་ཀྱི་ཆེད་མངོན་གསལ་དོད་པའི་ལེགས་སྐྱེས་འབུལ་མཁན་གྱི་ཅིང་སྡོད་དཔུང་སྡེའི་བློ་མཐུན་རྒན་གྲས་ཀྲུང་གོ་ཟློས་གར་ཁང་དུ་དགའ་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ཡོད་པ་རེད།
             ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་སུམ་ཅུའི་ཐོག ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཀྱི་དབུས་སུ་ཕེབས་པས་ཚོགས་ར་ཡོངས་སུ་དགའ་སྤྲོའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ཕྱག་བཏང་གནང་བ་དང་། ཁོང་རྣམ་པའི་སྐུ་གཟུགས་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞུས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག འདས་པའི་ལོ་གཅིག་ནང་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་གོང་འཕེལ་ཐད་ཐོན་པའི་རྣམ་པ་གསར་པ་དང་། གསར་དུ་གཏོད་པའི་གནས་བབ་གསར་པ། ཐོབ་པའི་གྲུབ་འབྲས་བཅས་ལ་ཚང་མས་ལྷན་དུ་ཕྱིར་དྲན་གནང་བ་རེད། བློ་མཐུན་རྒན་གྲས་རྣམས་ནས་མ་གྲོས་གཅིག་མཐུན་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། སྙིང་རུས་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དཀའ་སྤྱད་འབད་འཐབ་བྱེད་པ་བཅས་ཀྱི་ཐོག་ནས་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
             འཁྲབ་སྟོན་དེ་སྔོན་བརྗོད་རོལ་དབྱངས༼ དུས་རབས་ཀྱི་དཔྱིད་ཀ༽ཞེས་པ་དང་། ༼ ནང་སྦྱོང་ར་བའི་དམག་མི༽ཞེས་པ། ༼ མཐའ་མཚམས་འགག་སྒོའི་རླུང་བུ༽ཞེས་པ། ༼ དུས་རབས་གསར་པའི་གླུ་གཞས༽ཞེས་པ་བཅས་ལེའུ་གསུམ་དུ་དབྱེ་ཡོད་པ་དང་། དེའི་ནང་རྒྱལ་གཅེས་འབད་འཐབ་དང་། དམག་དཔུང་སྟོབས་ཆེར་བཏང་ནས་རྒྱལ་ཁ་ཐོབ་པ་བྱེད་པའི་ནང་དོན་མཚོན་པར་བྱས་པ་དང་། དམག་དཔུང་གི་རིག་རྩལ་རུ་ཁག་གི་ཉམས་བཟང་དང་། མི་དམངས་དམག་དཔུང་གི་རིག་རྩལ་ལས་དོན་བསྒྱུར་བཅོས་བསྐྱར་སྒྲིག་གི་གྲུབ་འབྲས་མངོན་པར་བྱས་ཡོད་པ་རེད། དངོས་ལྗོངས་གླུ་གར༼ དུང་བརྡ་ལྷང་ལྷང་༽ཞེས་པ་དང་། དམག་འཐབ་གླུ་གཞས་བསྟུད་ལེན༼ ང་ཚོའི་ནམ་མཁའ༽ཞེས་པ་དང་། ༼ དམག་མིའི་སྙིང་སྟོབས་ནི་རྒྱལ་ཁ་ཡིན༽ཞེས་པ། ཁྲིད་ལེན་དང་མཉམ་གཞས༼འཛམ་གླིང་གི་དམག་དཔུང་རྩེ་གྲའི་ཕྱོགས་སུ་མདུན་སྐྱོད་བྱེད༽ཅེས་པ་སོགས་ལེ་ཚན་གྱིས། ཛ་དྲག་པའི་དམག་སྦྱོང་གི་སྣང་ཚུལ་དང་། དམག་ཡོངས་ཀྱི་དཔུང་སྡེས་ཞི་ཀྲུའུ་ཞིའི་བཀའ་ལ་ཉན་ནས་སེམས་ནུས་གཅིག་སྒྲིལ་གྱིས་དམག་སྦྱོང་དམག་གྲབས་བྱས་ནས། དུས་རབས་གསར་པའི་ནང་རྒྱལ་ཁ་ཐོབ་པ་བྱེད་པའི་ནུས་པ་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་མཚོན་པར་བྱས་ཡོད་པ་རེད། དཔེ་མཚོན་གླུ་གཞས་རྙིང་པ༼ མེ་ཏོག་འདི་འདྲའི་དམར་བ་འདི་ཅི་ལགས༽ཞེས་པ་དང་། ༼ གོས་འཁྲུའི་གླུ་དང་མཁའ་ལམ༽ཞེས་པ། ༼ བསྟོད་གླུ༽ཞེས་པ་སོགས་ལེ་ཚན་མང་པོས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་སྤྱད་ནས་མཐའ་སྲུང་དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་བ་མཚོན་པར་བྱས་པ། གླུ་གཞས༼ ངས་སྲོག་ལ་བརྟེན་ནས་ཁྱེད་ལ་སྲུང་སྐྱོབ་བྱེད༽ཅེས་པ་དང་། ༼ ས་ཆ་སོར་གང་ཡང་བློས་གཏོང་མི་བྱེད༽ཅེས་པ་སོགས་ཀྱིས་དམག་དམངས་གཅིག་སེམས་གཅིག་སྒྲིལ་གྱིས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་པ། གླུ་གཞས་གསར་རྙིང༼ གནམ་ས་གསར་པ༽ཞེས་པ་དང་། ༼ཏང་དར་ལྷབ་ལྷུབ་ཏུ་གཡོ༽ཞེས་པ། ༼ ང་ཡི་མེས་རྒྱལ༽ ཞེས་པ།༼ ངས་རླབས་ཆེའི་མེས་རྒྱལ་གྱི་ཆེད་ལས་སོ་ལྟ་བྱེད༽ ཅེས་པ། ༼ མཉམ་དུ་ཐོན༽ཞེས་པ་སོགས་ཀྱིས་དམག་ཡོངས་ཀྱི་དཔོན་དམག་གིས་མེས་རྒྱལ་ལ་དགའ་ཞེན་དང་། མེས་རྒྱལ་སྲུང་སྐྱོབ། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་འབད་འཐབ་ཀྱི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་བསུ་བ་ཞུ་བའི་བརྩེ་བ་ཟབ་མོ་མངོན་པར་བྱས་ཡོད་པ་རེད། འཁྲབ་སྟོན་དེ༼ ཏང་གི་དར་ཆ་དུས་ནམ་ཡང་ལྷབ་ལྷུབ་ཏུ་གཡོ༽ཞེས་པའི་ངར་ཤུགས་ལྡན་པའི་གླུ་སྒྲའི་ཁྲོད་མཇུག་འགྲིལ་བ་དང་། མི་དམངས་དམག་དཔུང་གིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་བ། བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་ལ་སྲུང་སྐྱོབ་དང་། བློ་ཐག་ཆོད་པོས་བཀོད་འདོམས་ལ་ཉན་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད།
             ཞུད་ཆི་ལེང་དང་། ཀྲང་ཡའུ་ཞ། ཝི་ཧྥེང་ཧོ། ལི་ཙོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེན་མིང་བཅས་ནས་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
             འཁྲབ་སྟོན་ལ་གཟིགས་མཁན་གྲས་སུ་དམག་ཨུད་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་དང་། ཅིང་སྡོད་ལས་ཁུངས་ཆེ་བའི་འགོ་ཁྲིད། ཅིང་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག