ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རང་རྒྱལ་གྱི་ཆེས་ཆེ་བའི་རིག་ནུས་མཐུད་སྦྲེལ་དྲོད་ཁང་ཆུ་ཤུར་ནས་ལེགས་པར་བསྐྲུན་ཡོད། དེ་རུ་སྨན་ལུམས་དང་སྐམ་ཤའི་སྡེར་ཁ་སྣ་འཛོམས་པོ་ཡང་ཉམས་སུ་མྱངས་ཆོག

2019-03-20 འབྲུག་རྒྱལ་མཁར་གྱིས་བསྒྱུར།
            མེ་ཏོག་ལ་གཟིགས་པ་དང་ཤིང་འབྲས་འཐོག་པ། སྨན་རྩྭར་རྒྱུས་ལོན་སོགས། གཟའ་མཇུག་རེ་རེར་ཆུ་ཤུར་རྫོང་ཚལ་སྣེ་དེང་རབས་ཞིང་ལས་རྒྱལ་ཁབ་དཔེ་སྟོན་ཁུལ་དེ་སྤྲོ་སྐྱིད་ཀྱི་མཚོ་མོ་ལྟ་བུར་གྱུར་ཡོད་དེ། ཉེ་འཁོར་གྱི་གྲོང་མི་དག་ལ་སྤྲོ་སྐྱིད་ལྡན་ཞིང་ཡིད་ཚིམས་པའི་ངལ་གསོར་རོལ་དུ་འཇུག ཟླ་3པའི་ཚེས་19ཉིན་ལ་གསར་འགོད་པས་ཆུ་ཤུར་རྫོང་ཚལ་སྣེ་དེང་རབས་ཞིང་ལས་རྒྱལ་ཁབ་དཔེ་སྟོན་ཁུལ་ནས་རྒྱུས་ལོན་བྱས་པ་ལྟར་ན། མུའུ་བརྒྱའི་མཐུད་སྦྲེལ་དྲོད་ཁང་འཛུགས་སྐྲུན་བདེ་བླགས་ངང་འགྲུབ་ནས་རྗེས་ཕྱོགས་མཐའ་འཁོར་གྱི་གྲོང་མི་དག་ལ་བག་གཡེང་དང་རྩེད་འཇོར་རོལ་ས་གསར་བ་ཞིག་བྱུང་འདུག
ཁེབས་ཚད་མུའུ་137ཡིན་པའི་རང་རྒྱལ་གྱི་ཆེས་ཆེ་བའི་རིག་ནུས་མཐུད་སྦྲེལ་དྲོད་ཁང།
            ཟླ་3པའི་ཚེས་19ཉིན་གྱི་ཆུ་ཚོད་13པའི་སྟེང་ཆུ་ཤུར་རྫོང་ཚལ་སྣེ་དེང་རབས་ཞིང་ལས་རྒྱལ་ཁབ་དཔེ་སྟོན་ཁུལ་གྱི་Bཁུལ་ནང་གི་མུའུ་བརྒྱའི་མཐུད་སྦྲེལ་དྲོད་ཁང་དུ། ཁྱད་ཆོས་ལྡན་པའི་བོད་ཟས་ལ་རོལ་དུ་ཡོང་བའི་ཡུལ་སྐོར་མགྲོན་པོ་མི་ཉུང་བ་ཞིག་བསྡད་འདུག ཡུལ་སྐོར་མགྲོན་པོ་སྐུ་ཞབས་ཀྲང་གིས་ཐེངས་དང་པོར་སྐམ་ཤའི་སྡེར་ཁ་སྣ་འཛོམས་པོ་ལ་རོལ་བས་བྲོ་བ་ཤིན་ཏུ་ཞིམ་ལ་བརྗེད་མི་ཐུབ་པ་ཞིག་འདུག་ཅེས་ཟེར་ཞིང་། བསྟོད་བསྔགས་བརྗོད་ནས་གྲོགས་ཚོམས་སུ་རང་གིས་རོལ་བའི་ཟས་མཆོག་འདི་ངོམ་སོ་བྱེད་ཀྱིན་འདུག
            བཟའ་བཏུང་ལས་གཞན་མུའུ་བརྒྱའི་མཐུད་སྦྲེལ་དྲོད་ཁང་འདིར་ད་དུང་སྨན་རྩྭའི་རིག་གནས་འགྲེམས་སྟོན་ཁང་དང་བོད་སྨན་རིག་གནས་རོལ་མྱོང་ཁང་། སྐམ་ཤའི་སྡེར་ཁ་སྣ་འཛོམས་རོལ་མྱོང་ཁང་། ཆུ་ཚན་ཁམས་བདེ་རོལ་མྱོང་ཁང་། སློབ་ཁྲིད་ཀྱི་གཞི་ས། ཐོན་སྐྱེད་ཉམས་མྱོང་། ཡུལ་སྐོར་བག་གཡེང་སོགས་ཀྱི་གྲུབ་ཆ་མང་པོ་ཞིག་ལྷན་དུ་འདྲེས་ཡོད་ཅིང་། དེ་ནི་དེང་རབས་ཅན་དང་སྤུས་ཀ་མཐོ་བའི་ཕྱོགས་བསྡུས་ཡུལ་སྐོར་རྣམ་གྲངས་ཞིག་སྟེ། ཁེབས་ཚད་ས་མུའུ་137བཅད་ཡོད་པས་མིག་སྔར་རང་རྒྱལ་གྱི་ཆེས་ཆེ་བའི་རིག་ནུས་མཐུད་སྦྲེལ་དྲོད་ཁང་དུ་གྱུར་ཡོད། རིག་ནུས་ཡིན་པའི་ཆ་ནི་དྲོད་ཁང་ལ་ཚ་བཟོས་ཏི་ཚའི་ལྕགས་སྒྲོམ་སྒྲིག་གཞི་སྤྱད་ཅིང་། སྲུང་སྐྱོབ་སྒྲིག་གཞི་ལ་ལྕགས་སྒྲོམ་སྒྲིག་གཞི་དང་དྲོད་སྲུང་རྒྱན་སྤྲོས་མཉམ་སྦྱར་མཐིལ་བཀོལ་ཡོད། དྲོད་ཁང་ནང་ཁུལ་ལ་དངོས་སྦྲེལ་དྲ་བའི་མ་ལག་བེད་སྤྱད་དེ་དྲོད་ཚད་དང་བརླན་ཚད། འོད་འཕྲོ་ཚད། ས་དྲོད། དབྱང་གཉིས་ཐཱན་རྫས་ཀྱི་གར་ཚད་སོགས་ལེགས་སྒྲིག་བྱས་པ་ལ་བརྟེན་ནས་རྩི་ཤིང་གི་སྤུས་ལེགས་སྐྱེ་འཕེལ་ལ་ཁག་ཐེག་བྱེད་ཀྱིན་ཡོད། 
སྨན་ལུམས་ནི་ཟླ་4པའི་ཚེས་1ཉིན་ནས་ལས་གཉེར་གྱི་ཚོད་ལྟ་བྱ་རྒྱུ།
            རིག་ནུས་མཐུད་སྦྲེལ་དྲོད་ཁང་འདི་བྱེད་ནུས་ཀྱི་ངོས་ནས་Aདང་Bདང་Cཁུལ་གསུམ་དུ་བཀར་ཡོད་ཅིང་། Aདང་Bཁུལ་ནི་རིག་གནས་རོལ་མྱོང་ཁུལ་དང་བློ་གྲོས་ཞིང་ལས་ཚོད་འཛིན་ལྟེ་གནས། བོད་རྒྱའི་སྨན་རྩྭའི་རོལ་མྱོང་ཁུལ་ཡིན་ལ། དེའི་ནང་དུ་བོད་སྨན་རིག་གནས་མྱོང་རོལ་ཁང་སྟེ་བོད་སྨན་འགྲེམས་སྟོན་ཁང་དང་སྨན་ལུམས་བཅས་འདུ་བ་དང་། ཆུ་ཚན་བདེ་ཐང་རོལ་མྱོང་ཁང་། སྐམ་ཤའི་སྡེར་ཁ་སྣ་འཛོམས་རོལ་མྱོང་ཁང་བཅས་ཚང་ཡོད། Cཁུལ་ནི་བོད་རྒྱའི་སྨན་རྩྭ་འདེབས་འཛུགས་ཁུལ་དང་ཆུ་སྐྱེས་གསོ་སྐྱེད་ཁུལ་ཡིན། ཟླ་3པའི་ཚེས་17ཉིན་ནས་བཟུང་བཟའ་བཏུང་ཁུལ་དང་སྐམ་ཤའི་སྡེར་ཁ་སྣ་འཛོམས་རོལ་མྱོང་ཁང་ཚང་མ་སྒོ་ཕྱེ་ནས། ཉིན་རེའི་སྐུ་མགྲོན་བསུ་ཚད་མི་ཐེངས་1000ཡོད་ཅེས་རིག་ནུས་མཐུད་སྦྲེལ་དྲོད་ཁང་གི་འབྲེལ་ཡོད་འགན་འཛིན་པས་ངོ་སྤྲད་པ་དང་། བྱེད་ནུས་ཁུལ་གཞན་དག་ལ་སྒྲིག་ཆས་འབྱོར་རྗེས་རིམ་པ་བཞིན་ཏུ་སྒོ་ཕྱེ་རྒྱུ་རེད། སྨན་ལུམས་ནི་ཟླ་4པའི་ཚེས་1ཉིན་ནས་ལས་གཉེར་གྱི་ཚོད་ལྟ་བྱ་རྒྱུ་རེད།
            ཆུ་ཚན་ལ་ཁྲུས་རོལ་བྱེད་འདོད་པའི་གྲོགས་པོ་དག་གིས་ད་དུང་ཡུན་ཙམ་ཞིག་ལ་སྒུག་དགོས་ཏེ། ཆུ་ཚན་ཁུལ་དུ་མིག་སྔར་ད་དུང་ཁྲོན་པ་བརྐོ་བའི་ལས་ཀ་བྱེད་ཀྱིན་ཡོད། འཆར་ཅན་ལ་ཟླ་5པའི་ཚེས་1ཉིན་ལས་གཉེར་ཚོད་ལྟ་བྱ་རྒྱུ་ཡིན་ལ། སྐབས་དེར་བསིལ་བའི་ལྡིང་ཁང་5དང་རྫིང་ཆུང་10། རྫིང་ཆེན་7དང་བྱིས་པའི་ཆུ་ཚན་རྐྱལ་རྫིང་1བཅས་གྲོང་མི་དང་ཡུལ་སྐོར་མགྲོན་པོས་ལོངས་སུ་སྤྱོད་པའི་སྐལ་བ་ལྡན། གྲོང་མི་དང་ཡུལ་སྐོར་མགྲོན་པོའི་ལུས་ཕུང་གི་བདེ་འཇགས་ལ་གཞིགས་ཏེ། ཡུལ་དངོས་སུ་མཛུབ་སྟོན་ཁྲམ་བྱང་བེད་སྤྱད་དེ་དེར་ཡོང་བའི་གྲོང་མི་དང་ཡུལ་སྐོར་མགྲོན་པོ་དག་ལ་ཆུའི་ཟབ་ཚད་སྟོན་པར་བྱེད་པ་དང་། ནར་སོན་པའི་མིའི་ཆུ་ཚན་རྐྱལ་རྫིང་དང་བྱིས་པའི་ཆུ་ཚན་རྐྱལ་རྫིང་གི་ཡུལ་ངེས་སོ་སོར་བཀོད་ཡོད།
རྒྱན་སྤྲོས་ལ་བོད་ཀྱི་ཉམས་མངོན་པར་དོད་པ།
            མི་རྣམས་ལ་བོད་ཀྱི་གསོ་རིག་གི་དཔལ་ལེགས་པར་མྱོང་དུ་འཇུག་ཆེད་དྲོད་ཁང་ནང་གི་ཇུས་འགོད་ལ་བོད་ཀྱི་ཉམས་མངོན་པར་དོད་ཡོད། དཔེར་ན་དྲོད་ཁང་Aཁུལ་གྱི་ཚོམས་ཆེན་དུ། ཡིད་དབང་འཕྲོག་པའི་ཐང་ག་དཀྱུས་ལ་སྨི་6དང་ཞེང་ལ་སྨི་5ལྡན་པ་ཞིག་ཡོད་པ་དེས་བོད་ཀྱི་གསོ་རིག་གི་མེས་པོ་དམ་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་ཉམས་བཟང་ལེགས་པར་མཚོན་ལ། ཁང་ཀླད་ནི་དམར་པོ་གཙོས་པའི་པདྨ་འདབ་བརྒྱད་ཀྱིས་གྲུབ་སྟེ་མི་རིགས་ཀྱི་ཁྱད་ཆོས་སྣུམ་པོ་དང་དེང་རབས་རིག་གནས་ཟུང་དུ་འབྲེལ་བའི་འཛུགས་སྐྲུན་ཀྱི་ཉམས་དོད་ཡོད། དེ་དག་ལས་གཞན་ད་དུང་གསོལ་ཁང་གི་བཞུགས་ཁང་དང་སྨན་ལུམས་གྱི་བཞུགས་ཁང་། སྐམ་ཤའི་སྡེར་ཁ་སྣ་འཛོམས་རོལ་མྱོང་ཁང་བཅས་ཀྱི་མིང་ནི་རང་ལྗོངས་ཀྱི་མཚོ་མཚེའུ་དང་ལུས་ཀྱི་དབང་བོའི་ཐ་སྙད། རི་བོ་བཅས་ཀྱི་མིང་གིས་བཏགས་ཏེ་བོད་ཀྱི་སྲོལ་ཉམས་བཟང་པོ་མངོན་པར་བརྟས་ཡོང་། ཆང་སྒྲོན་གྱིས་དགོང་མོར་དྲོད་ཁང་གི་ཕྱིའི་ཁ་དོག་སྣ་ལྔའི་གློག་འོད་དག་ཤར་ཚེ་ཡིད་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྲུབ་ནས་ལྟ་ན་སྡུག་པ་ཞིག་རེད་ཅེས་ཟེར།
            རྒྱུས་ལོན་བྱས་པ་ལྟར་ན་རྣམ་གྲངས་ཚང་མ་དངོས་སུ་ལས་གཉེར་གྱི་སྒོ་ཕྱེ་རྗེས་ས་དེའི་གྲོང་མི་དག་གིས་ལོངས་སུ་སྤྱོད་ཆོག་ལ། བོད་དུ་ཡོང་བའི་ཡུལ་སྐོར་མགྲོན་པོ་དག་ལའང་བག་གཡེང་དང་ལྗོངས་གཟིགས། རྩེད་འཇོ་བཅས་མཉམ་སྦྱོར་གྱི་བྱ་འགུལ་རོལ་ས་ཞིག་མཁོ་འདོན་བྱས་ཡོད། དེ་དང་མཉམ་དུ་ཆུ་ཤུར་རྫོང་གི་རིག་གནས་དང་ཡུལ་སྐོར། བོད་ཀྱི་གསོ་རིག་སོགས་ཁྱད་ལྡན་ཐོན་ལས་དག་སྔར་བས་ཀྱང་གོང་དུ་སྤེལ་ཏེ། དབུལ་ཕོངས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ནས་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་ཐུབ།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག