ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིང་ཕིང་ནས་ཧ་ཧྥུ་སློབ་ཆེན་གྱི་སློབ་སྤྱི་དང་མཇལ་འཕྲད་གནང་བ།

2019-03-21 ཟླ་བ་གཡུ་སྒྲོན།
           རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་སྤྱི་ཚེས་༢༠ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཨ་རིའི་ཧ་ཧྥུ་སློབ་ཆེན་གྱི་སློབ་སྤྱི་པ་ཁེ་དང་མཇལ་འཕྲད་གནང་ཡོད།
           ཞི་ཅིང་ཕིང་གིས་པ་ཁེས་ཧ་ཧྥུ་སློབ་ཆེན་གྱི་སློབ་སྤྱི་གནང་རྗེས་ཀྱི་འཚམས་འདྲི་ཕེབས་ཡུལ་དང་པོ་ཀྲུང་གོ་བདམས་པར་བསྔགས་བརྗོད་ཞུས་པ་དང་། དེས་སློབ་སྤྱི་པ་ཁེ་ནས་ཀྲུང་གོ་དང་ཨ་རིའི་སློབ་གསོ་སྤེལ་རེས་ལ་མཐོང་ཆེན་གནང་བ་མཚོན་ཐུབ་ཅེས་བསྔགས་བརྗོད་གནང་ཡོད། ཞི་ཅིང་ཕིང་གིས། སློབ་གསོའི་སྤེལ་རེས་མཉམ་ལས་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༠སོང་རིང་དང་། ལྷག་དོན་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་༤༠སོང་རིང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཚུར་ལོག་ཕེབས་པའི་ཤེས་ལྡན་མི་སྣས་ཀྲུང་གོའི་གོང་འཕེལ་དང་འཛུགས་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གཞན་གྱི་ཡོན་ཏན་སྦྱངས་ནས་རང་གི་སྐྱོན་ཆ་སེལ། ང་ཚོས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པའི་འདོད་ཚུལ་འཛིན་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་རྒྱུར་སྐུལ་མ་གཏོང་བ། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་སློབ་གསོ་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་དང་ཨ་རིའི་མི་ཆོས་རིག་གནས་སྤེལ་རེས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རེ་བྱེད་བཞིན་ཡོད། དགའ་འོས་པ་ཞིག་ལ། ན་ནིང་ལོ་མཇུག་ཏུ་ང་དང་ཙུང་ཐུང་ཐེ་རོན་ཕུས་ཨ་ཀེན་ཐིང་དུ་ཐུག་འཕྲད་བྱེད་སྐབས། ཁོང་གིས་ཀྱང་ཀྲུང་གོ་དང་ཨ་རིའི་སློབ་གསོ་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཀྱི་འདུག་ཅེས་དང་། ཞི་ཅིང་ཕིང་གིས། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་༤༠སོང་རིང་། ཀྲུང་གོ་གོང་འཕེལ་མགྱོགས་པོ་ཕྱིན་པ་དེ་གཙོ་བོ་སློབ་གསོའི་ཆུ་ཚད་མཐོ་རུ་ཕྱིན་པའི་དབང་གིས་ཡིན། ཀྲུང་གོས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་ཀྱིས། སློབ་གསོའི་སྟོབས་ཆེན་རྒྱལ་ཁབ་འཛུགས་རྒྱུ་དང་། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་རྒྱུ་བཅས་ལ་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེ་མུ་མཐུད་རྒྱ་ཆེར་གཏོང་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་ཁག་དབར་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སློབ་གསོའི་བྱ་གཞག་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན། བརྒྱུད་རིམ་དེའི་ཁྲོད། ང་ཚོས་ཧ་ཧྥུ་སློབ་ཆེན་སོགས་ཨ་རིའི་སློབ་གསོ་ཚན་ཞིབ་ལས་ཁུངས་དང་མཉམ་དུ་སྤེལ་རེས་མཉམ་ལས་དེ་བས་རྒྱ་ཆེ་བ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།
           པ་ཁེས་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཐུག་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། པ་ཁེས། ང་རང་ནས་ཧ་ཧྥུ་སློབ་ཆེན་གྱི་སློབ་སྤྱིའི་འགན་ཁུར་རྗེས་འཚམས་འདྲི་ཞུ་ཡུལ་དང་པོ་ཀྲུང་གོར་སླེབས་པར་དགའ་པོ་བྱུང་། ད་ཐེངས་ང་རང་ཧ་ཧྥུ་སློབ་ཆེན་གྱི་སློབ་སྤྱིའི་མིང་ཐོག་ཙམ་མ་ཡིན་པར། ཨ་རིའི་མཐོ་རིམ་སློབ་ཆེན་གྱི་ཚབ་ཞུས་ཏེ་ཨ་རི་དང་ཀྲུང་གོའི་སློབ་གསོ་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ཡོང་བ་ཡིན། ཨ་རི་དང་ཀྲུང་གོའི་མཐོ་རིམ་སློབ་ཆེན་སོགས་སློབ་གསོ་རིག་གནས་ལས་ཁུངས་ཀྱི་སྤེལ་རེས་མཉམ་ལས་རྒྱུན་འཁྱོངས་དང་དེ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱང་རིང་ནས་བལྟས་ན་ཨ་ཀྲུང་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། ཧ་ཧྥུ་སློབ་ཆེན་དུ་ཀྲུང་གོའི་སློབ་མ་མང་པོ་ཡོད་པ་དང་། རྒྱ་སྐད་ནི་ཕྱི་སྐད་ཁྲོད་ཁྱབ་རྒྱ་ཆེ་ཤོས་ཀྱི་སྐད་རིགས་ཀྱི་གྲས་ཤིག་ཡིན། ཀྲུང་གོའི་སྲིད་གཞུང་གིས་མཐོ་རིམ་སློབ་གསོར་མཐོང་ཧ་ཅང་ཆེན་པོ་གནང་བ་དང་མཐོ་རིམ་སློབ་གསོར་ཤུགས་སྣོན་ཆེན་པོ་བརྒྱབ་གནང་བར་ཡི་རངས་ཞུ་རྒྱུ་དང་། ཧ་ཧྥུ་སློབ་ཆེན་གྱིས་ཀྲུང་གོའི་སློབ་གསོ་ཚན་ཞིབ་ལས་ཁུངས་བར་གྱི་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག