ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་དང་མོ་ན་ཀོའི་རྒྱལ་རྒྱུད་ཁྲི་ཐོག་གཉིས་པ་ཨར་པེ་དང་མཇལ་མོལ་གནང་བ།

2019-03-25 མིག་དམར་རྒྱལ་པོ།
            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་ཉི་ཤུ་བཞི་ཉིན་མོ་ན་ཀོའི་རྒྱལ་རྒྱུད་ཁྲི་ཐོག་གཉིས་པ་ཨར་པེ་དང་མཇལ་མོལ་གནང་བ་རེད།
            ཞི་ཅིན་ཕིང་གིས། རྒྱལ་རྒྱུད་མཆོག་ནས་ང་རང་མོ་ན་ཀོ་གོང་རིམ་རྒྱལ་ཕྲན་ལ་རྒྱལ་དོན་འཚམས་འདྲིར་གདན་ཞུ་གནང་བས་དགའ་པོ་བྱུང་། འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་མོ་ན་ཀོར་འཚམས་འདྲི་ཞུ་ཐེངས་དང་པོ་དེ་རེད། ངེད་རྒྱལ་ཁབ་གཉིས་ཀྱི་ཆ་འདྲ་བའི་མི་རིགས་གཤིས་ཀ་དང་གཅིག་གྱུར་གྱི་བསམ་པའི་རེ་སྙེག་གིས་རྐྱེན་པས། ང་ཚོ་ཕན་ཚུན་ངོ་ཤེས་གྲོགས་འདྲིས་བྱུང་། ཀྲུང་གོ་དང་མོ་ན་ཀོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་ལྷག་ཙམ་སོང་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་གྱི་ཡོད། མིག་སྔར་ཀྲུང་གོ་དང་མོ་ན་ཀོའི་ཕྱོགས་གཉིས་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་འགྲོ་བ་དང་། དངོས་སྒྲུབ་མཉམ་ལས་དུས་བསྟུན་མདུན་སྐྱོད་བྱེད་བཞིན་ཡོད། ལྷག་པར་དུ་ཁོར་ཡུག་སྲུང་སྐྱོབ་དང་། གློག་འཕྲིན། སྒུལ་ཁྱེར་གཏོང་སྤྲོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོ་དང་མོ་ན་ཀོའི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་མི་འདྲ་བ་དང་། ལོ་རྒྱུས་རིག་གནས་མི་འདྲ་བ། སྤྱི་ཚོགས་ལམ་ལུགས་མི་འདྲ་བཅས་ཀྱི་རྒྱལ་ཁབ་བར་མཛའ་གྲོགས་སྤེལ་རེས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད་ཅེས་གསུངས་འདུག
            ཞི་ཅིན་ཕིང་གིས། ངོས་དང་རྒྱལ་རྒྱུད་མཆོག་ནས་ལོ་ཕྱེད་ནང་ཕན་ཚུན་གྱི་སར་འཚམས་འདྲི་ཞུ་བར་བཅར་ཐུབ་ཡོད། དེའི་ཐོག་ནས་ཀྲུང་གོ་དང་མོ་ན་ཀོའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཡིན་པ་མཚོན་གྱི་ཡོད། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་ད མ་འཛིན་གྱིས། སྲོལ་རྒྱུན་མཛའ་བཤེས་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་འབྲེལ་གཏུགས་མཐུན་སྦྱོར་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱོགས་གཉིས་པོས་སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོས་མོ་ན་ཀོ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ནས་རྒྱལ་རྒྱུད་ཐེབས་རྩ་ཚོགས་པས་ཀྲུང་གོར་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་ནས། མི་ཆོས་རིག་གནས་སྤེལ་རེས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་འདུག
            རྒྱལ་རྒྱུད་ཁྲི་ཐོག་གཉིས་པ་ཨར་པེ་ནས་མོ་ན་ཀོའི་རྒྱལ་པོ་ཚང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་མོ་ན་ཀོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། རྒྱལ་རྒྱུད་ཁྲི་ཐོག་གཉིས་པ་ཨར་པེ་ཡིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་སྐབས་འདིར། ངས་ཀྲུང་གོའི་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ཆེན་མོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མོ་ན་ཀོ་དང་ཀྲུང་གོའི་འབྲེལ་བའི་འཕེལ་ཚུལ་ཡག་པོ་ཡོད། མོ་ན་ཀོས་ཀྲུང་གོའི་བར་ཚན་རྩལ་དང་། གསར་གཏོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ། བདག་མེད་སྲོག་ཆགས་སྲུང་སྐྱོབ། སླར་སྐྱེའི་ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་འདོད་ཡོད། མོ་ན་ཀོས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་བྱ་དོན་ཁྲོད་ནུས་པ་གལ་ཆེན་འདོན་པར་བསྔགས་བརྗོད་ཞུ་བཞིན་ཡོད་ལ། ཀྲུང་གོས་དུས་སང་སྐྱེ་དངོས་སྣེ་མང་རང་བཞིན་གྱི་སྤྱི་ཆིངས་ཀྱི་ཆིངས་འཇོག་ཕྱོགས་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་པ་འཚོགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། སྤྱི་ལོ༢༠༢༢ལོའི་པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་དང་ཆབས་ཅིག་ཡིད་བཞིན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། མོ་ན་ཀོ་དང་ཀྲུང་གོའི་བར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་བཤེས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་འདུག
            མཇལ་མོལ་མ་གནང་གོང་། རྒྱལ་རྒྱུད་ཁྲི་ཐོག་གཉིས་པ་ཨར་པེས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཆིབས་འཁོར་ལ་བཞུགས་ནས་རྒྱལ་པོ་ཚང་གི་སྒོ་རའི་ནང་ཕེབས་པ་དང་། རྒྱལ་རྒྱུད་ཁྲི་ཐོག་གཉིས་པ་ཨར་པེ་སྟངས་དཔྱལ་གཉིས་ནས་ཐུགས་རྩ་འཁོལ་པོས་སྣེ་ལེན་ཞུས་ཡོད། དམག་དཔུང་རོལ་མོ་རུ་ཁག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ལྷན་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཡོད། མཛད་གཟིགས་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་འཛིན་སྟངས་དཔྱལ་རྣམ་པས་དབྱེ་སེལ་རུ་སྟར་ལ་གཟིགས་ཡོད་པ་རེད། ཞི་ཅིན་ཕིང་ནས་མོ་ན་ཀོའི་ཕྱོགས་ཀྱི་དཔོན་རིགས་གཙོ་བོ་རྣམས་ལ་ཕྱག་བཏང་བ་དང་། རྒྱལ་རྒྱུད་ཁྲི་ཐོག་གཉིས་པ་ཨར་པེས་ཀྲུང་གོའི་ཕྱོགས་ཀྱི་ཕེབས་རོགས་རྣམ་པར་ཕྱག་བཏང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག