ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་འཛོམས་གནང་བ།

2019-03-25 མིག་དམར་རྒྱལ་པོ།
            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས༢༤ཉིན་གྱི་ཕྱི་དྲོ་ཉི་སེར་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་འཛོམས་གནང་བ་རེད། ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལེ་ཡོན་དང་མ་ཁེ་ལུང་གི་སྐུ་ཟླ་པུ་ལེ་ཅི་ཐེ་མཇལ་འཛོམས་ནང་ཞུགས་ཡོད་པ་རེད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོའི་ངང་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྤེལ་རེས་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་རེད། ཞི་ཅིན་ཕིང་གིས། ཧྥ་རན་སི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་དང་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་སྔ་ཤོས་དང་། ཀྲུང་གོ་དང་འཐབ་ཇུས་གླེང་མོལ་བྱེད་སྔ་ཤོས། ཀྲུང་གོ་དང་དམངས་སྤྱོད་ཉིང་རྡུལ་ནུས་པའི་མཉམ་ལས་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་ཧྥ་རན་སིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༥༥འཁོར་བའི་ལོ་ཞིག་རེད། ངས་དམིགས་བསལ་གྱི་ལོ་འདིར་ཧྥ་རན་སིར་འཚམས་འདྲི་ཞུས་པ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་རེད་ཅེས་བསྟན་འདུག
            ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་སྤྱིའི་དུས་བབ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འགྱུར་བ་ཆེན་པོ་ཕྱིན་ཡོད། ཡིན་ནའང་ཐོག་མཐའ་བར་གསུམ་དུ་དོན་གནད་ཁག་ཅིག་ལ་འགྱུར་ལྡོག་ཕྱིན་མེད། དེ་ཡང་གཅིག་ནི་ཀྲུང་གོས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་མཐོང་ཆེན་བྱེད་པ་དེར་ཐོག་མཐའ་བར་གསུམ་དུ་འགྱུར་བ་ཕྱིན་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཧྥན་རན་སི་དེ་ཉིད་སྔོན་ལ་བསམ་གཞིགས་བྱ་རྒྱུའི་མཉམ་ལས་རོགས་པར་འཛིན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་བར་དམིགས་བསལ་གྱི་བརྩེ་སེམས་ཤིག་ཡོད། དེ་ནི་རྩ་ཆེ་བའི་རྒྱུ་ནོར་ཞིག་ཡིན་པས། ང་ཚོས་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་བཏང་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་དུས་རབས་གོང་འཕེལ་གྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་ནན་སྟོན་གནང་འདུག གཉིས་ནི་ཀྲུང་གོ་དང་ཧྥ་རན་སིས་ཞི་བདེ་དང་། གོང་འཕེལ། བཏང་སྙོམས། དྲང་བདེན་བཅས་ལ་མཉམ་དུ་རེ་སྙེག་བྱེད་པར་ཐོག་མཐའ་བར་གསུམ་དུ་འགྱུར་བ་བཏང་མེད། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་མིག་རྒྱང་རིང་ལ་རང་ཚུགས་རང་བདག་སྙིང་སྟོབས་ལྡན་པའི་མི་རིགས་ཡིན་ཞིང་། ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་འཛིན་ལྟར། རྒྱལ་སྤྱིའི་བྱ་དོན་ཁྲོད་ཕྱོགས་མང་རིང་ལུགས་ལག་བསྟར་དང་། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུར་ཤུགས་སྣོན་དང་། མཉམ་ལས་ལ་བརྟེན་ནས་མིའི་རིགས་ལ་འཕྲད་པའི་འགྲན་རྩོད་ལ་ཁ་གཏད་གཅོག་བཞིན་ཡོད། ངས་ཐེངས་མང་བརྗོད་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐོར་གྱི་འདོད་ཚུལ་དང་། ཙུང་ཐུང་སྐུ་ཞབས་ནས་བཏོན་པའི་གོ་ལ་གཅིག་གི་དགོངས་ཚུལ་བར་གཅིག་མཚུངས་སམ་འདྲ་བའི་ཆ་མང་པོ་ཡོད། ཀྲུང་གོ་དང་ཧྥ་རན་སིས་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ནང་མཉམ་ལས་ཐེངས་མང་ལེགས་པར་བྱས་པས། རྒྱལ་སྤྱིའི་ཐོག་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་ཡོད། གསུམ་ནས་ཀྲུང་གོ་དང་ཧྥ་རན་སིའི་གཉིས་ཕན་མཉམ་ལས་མཉམ་རྒྱལ་གྱི་ངོ་བོར་ཐོག་མཐའ་བར་གསུམ་དུ་འགྱུར་བ་ཕྱིན་མེད། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ལོ་རྒྱུས་ལས་གསལ་བར། ཕྱོགས་གཉིས་པོའི་འབྲེལ་བ་ནི་མཐུན་མེད་འགྲན་རྩོད་ཀྱི་འབྲེལ་བ་མིན་པ་དང་། མ་འོངས་པའི་དུས་ཚོད་རིང་པོའི་ནང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལ་སྔར་བཞིན་གསབ་རེས་རང་བཞིན་ཅུང་ཆེན་པོ་ལྡན་པར་ངེས། ཀྲུང་གོས་རྒྱུན་མཐུད་་གོང་འཕེལ་ཡོང་བ་བྱེད་པ་དང་སྒོ་དབྱེ་རྒྱ་བསྐྱེད་གཏོང་བ་དེས་རྒྱལ་ཁབ་གཉིས་པོར་མཉམ་ལས་ཀྱི་གོ་སྐབས་གསར་པ་རབ་དང་རིམ་པ་བསྐྲུན་རྒྱུ་དང་། མཉམ་ལས་ཀྱི་བར་ཁམས་དེ་བས་རྒྱ་ཆེ་བ་མཁོ་འདོན་བྱ་རྒྱུ་རེད་ཅེས་བསྟན་འདུག
            ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་ནི་རང་སོའི་ཡུན་རིང་གི་གོང་འཕེལ་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ལ། དེས་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པ་དང་། མཉམ་ལས་ཀྱི་འཕར་གནས་གསོ་སྤེལ་གྱིས། གྲོས་གཏན་འཁེལ་ཟིན་པའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་དེ་བཞིན་ཕྱོགས་གསུམ་པའི་བར་གྱི་མཉམ་ལས་རྣམ་གྲངས་སྔ་ཙམ་དོན་འཁྱོལ་ཡོང་བ་བྱེད་པ་དང་། ཕན་འབྲས་དངོས་ཐོན་པ་བྱ་དགོས། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་དོན་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས། གནམ་གཤིས་འགྱུར་ལྡོག་སོགས་གནད་དོན་གལ་ཆེ་རིགས་ཐད་འཐབ་ཇུས་འབྲེལ་གཏུགས་དང་མཐུན་སྦྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཧྥ་རན་སི་ཕྱོགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ཁྲོད་དེ་བས་དགེ་མཚན་ལྡན་པའི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་འདུག
            མ་ཁེ་ལུང་གིས། ང་རང་ན་ནིང་ཀྲུང་གོར་འཚམས་འདྲིར་བཅར་བ་ཡིད་བཞིན་ལེགས་གྲུབ་བྱུང་ལ་ཤིན་ཏུ་སྤྲོ་པོ་བྱུང་། ལོ་གཅིག་ལྷག་ཙམ་ནང་ཧྥ་རན་སི་དང་ཀྲུང་གོ་ཕྱོགས་གཉིས་པོས་ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་བྱུང་བའི་གལ་ཆེའི་གྲོས་མཐུན་ཁག་ཟམ་མི་ཆད་པར་དོན་འཁྱོལ་བྱས་པ་དང་། དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ནུས་ཡོད་ཀྱི་སྐུལ་འདེད་བཏང་ཡོད། ཧྥ་རན་སི་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་དོ་སྣང་དང་མཐོང་ཆེན་བྱེད་བཞིན་ཡོད། ཧྥན་རན་སི་ཕྱོགས་ནས་ཀྲུང་གོ་ཉིད་འཐབ་ཇུས་མཉམ་ལས་རོགས་པ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་པ་དང་། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་བྱ་དོན་ཁྲོད་ནུས་པ་གལ་ཆེན་བཏོན་པ་དང་དེའི་ཆེད་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་བར་འཐབ་ཇུས་འབྲེལ་གཏུགས་མཐུན་སྦྱོར་དང་རོགས་ལས་སྔར་བས་ཟབ་པ་བྱས་ནས། ཧྥ་རན་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བར་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་པ་དང་། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག
            ཞི་ཅིན་ཕིང་ནི་མོ་ན་ཀོར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་རླངས་འཁོར་ལ་བཞུགས་ནས་ཉི་སེར་ཕྱིར་ལོག་ཕེབས་པ་དང་། ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག