ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གྲོས་ཚོགས་འཚོགས།

2019-07-10
ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་ཏང་ཀྲུང་དབྱང་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་མིག་དཔེའི་ལས་ཁུངས་ཤིག་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་བ། ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲའོ་ལི་ཅི། ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་སྤྱི་ཟླ་༧པའི་ཚེས་༩ཉིན་པེ་ཅིང་དུ་སྐོང་འཚོགས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཕེབས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་ཡོད། ཁོང་གིས། དུས་བབ་གསར་པའི་འོག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱས་ཐོག་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། རྨང་གཞི་བརྟན་དུ་གཏོང་བ། སྤྱོད་བཟང་སྒྲིག་ནན་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་འབད་བརྩོན་ཆེར་སྐྱེད་བྱེད་པ། ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་མིག་དཔེ་འདོན་པ་དང་། སྔ་བར་ཕྱི་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པའི་ཐད་མིག་དཔེ་འདོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཐད་མིག་དཔེ་འདོན་པ་བཅས་བྱས་ནས། ཏང་ཀྲུང་དབྱང་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་མིག་དཔེའི་ལས་ཁུངས་ཤིག་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ངེས་པར་དུ་མདུན་དུ་སྐྱོད་པ་དང་། མིག་དཔེ་འདོན་དགོས། དེ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གནས་བབ་དང་ནུས་པ་ལས་གཏན་འཁེལ་བྱུང་བ་ཞིག་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཀྲུང་དབྱང་དང་ཐག་ཉེ་ཤོས་ཡིན་པ་དང་། ཏང་ཀྲུང་དབྱང་ལ་ཐད་ཀར་ཞབས་འདེགས་ཞུ་མཁན་ཡིན་པས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་དེ་བཞིན་ཁྱབ་ཁོངས་གཞན་དག་གི་ཏང་འཛུགས་སྐྱོང་བྱེད་པའི་ཐད་ཁ་ཕྱོགས་སྟོན་པའི་ནུས་པ་ལྡན་ཡོད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པ་དང་། རང་ངོས་གསར་བརྗེ་བྱེད་པར། ངེས་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་དམ་ནན་བྱེད་དགོས་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱེད་པ་ནས་དམ་འཛིན་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། ཉམས་མྱོང་གལ་ཆེན་བསགས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཡག་པོ་བྱེད་པར། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཏང་དོ་དམ་བྱེད་པ། ཁྱོན་ཡོངས་ནས་ཏང་དོ་དམ་ནན་པོ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་གཅིག་འདོམས་བྱེད་པ་བཅས་བྱས་ཚེ། གཞི་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འདི་ཉིད་ཆབ་སྲིད་ལས་ཁུངས་ཡིན་པའི་མངོན་གསལ་ཆེ་བའི་རང་བཞིན་མི་འགྱུར་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློའི་དར་ཆ་མཐོན་པོར་བསྒྲེང་པ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཚེ། ལས་ཁུངས་ཏང་གི་འཛུགས་སྐྱོང་ལས་དོན་དེ་གཞི་ནས་སྔར་བར་ཕྱི་གསུམ་དུ་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཐུབ་པ། ལྟེ་བའི་ལས་དོན་དང་། དཔུང་ཁག་འཛུགས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ལ་གཞིགས་ཚེ། གཞི་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་མཉམ་འདྲེས་གཏིང་ཟབ་གཏོང་ཐུབ་པ་དང་། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་ཀའི་གནས་མཚམས་གསལ་ཤེས་ཐུབ་པ། རྒྱུན་བསྲིང་ལྷོད་མེད་ཀྱིས་གཞི་རིམ་དམ་འཛིན་བྱེད་པ་དང་། རྨང་གཞི་བཏིངས་ཚེ་གཞི་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་ཐུབ་པ་དང་། གཞི་ནས་ལས་ཁུངས་ཏང་གི་འཛུགས་སྐྱོང་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་ཐུབ་པ། དུས་བསྟུན་མཉམ་སྐྱོད་དང་། བསྒྱུར་བཅོས་གསར་སྐྲུན། ལག་ལེན་འཚོལ་ཞིབ་བྱེད་ཕོད་པ། ཉམས་མྱོང་ཕྱོགས་བསྡོམ་བྱེད་མཁས་པ་བཅས་བྱས་ཚེ། ལས་ཁུངས་ཏང་གི་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་གཞི་ནས་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་། གསོན་ཤུགས་ཀྱིས་ཁེངས་པ་ཞིག་ཡོང་ཐུབ། ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཙུའུ་དང་ཏང་ཨུད་ཀྱི་འགོ་ཁྲིད་ཚན་པས་སྣེ་ཁྲིད་པ་དང་། གོང་གིས་འོག་ལ་མིག་དཔེ་འདོན་པ། ལས་ཁུངས་ཀྱིས་ཁོངས་གཏོགས་ལ་སྣེ་ཁྲིད་པ་བཅས་བྱས་ཚེ། གཞི་ནས་ལས་ཁུངས་ཏང་གི་འཛུགས་སྐྱོང་ལས་དོན་ལ་མཉམ་ཤུགས་ཆེན་པོ་ཆགས་ཐུབ་པ་བཅས་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། སྣེ་ཁྲིད་ནས་སྲུང་སྐྱོང་གཉིས་ཡག་པོ་བྱེད་རྒྱུ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་འགན་ཨང་དང་པོ་དེ་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ། གཙོ་འགན་འཁུར་མཁན་གྱིས་ལས་དོན་སྤེལ་སྐབས་དང་ཐོག་རང་རྟོགས་ངང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་བཅས་དང་དཔེ་བསྡུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དཔེ་བསྡུར་བྱེད་པ། ཆབ་སྲིད་ཀྱི་དམིགས་ས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བ། ཆབ་སྲིད་ལངས་ཕྱོགས་སྲ་བརྟན་གཏོང་བ། ཆབ་སྲིད་རྣམ་འགྱུར་གསལ་བ། ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ། རྟག་ཏུ་ཞན་ཆ་ཡོ་བསྲང་བྱེད་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་དར་སྤེལ་གཏོང་བ་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་མཐའ་གཅིག་ཏུ་ཅི་གསུངས་དེ་སྒྲུབ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་ཐུབ་པ་བྱེད་དགོས། སྲུང་སྐྱོང་གཉིས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་བྱ་སྤྱོད་ཐོག་ནས་མངོན་པ་དང་། ལས་གནས་འགན་སྒྲུབ་དང་། རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་པའི་ཕན་ནུས་ཐོག་ནས་མངོན་པ། ཏང་ཡོན་དང་། ལས་བྱེད་པའི་རྒྱུན་གཏན་གཏམ་སྤྱོད་ཐོག་ནས་མངོན་པ་བཅས་བྱེད་དགོས། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་སློབ་གསོ་གཏོང་རྒྱུ་དང་། སྔོན་ཐོན་དཔེ་མཚོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས། ཏང་ཡོན་དང་། ལས་བྱེད་པས་སྤྱོད་བཟང་མཐོང་ན་མིག་དཔེར་འཛིན་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་གི་ནང་འཇུག་དགོས། སྣེ་ཁྲིད་ནས་སྲུང་སྐྱོང་གཉིས་ཡག་པོ་བྱེད་པར་གཅིག་ནས་ཚད་མཐོའི་རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན་དང་། བརྩེ་དུང་གི་ངོས་འཛིན་གཅིག་མཐུན་ཡོད་དགོས་ལ། གཉིས་ནས་སེམས་ཐག་གཙང་བཅད་ཀྱི་སྲུང་སྐྱོང་གཏན་ཤུགས་དང་ནུས་པའང་ཡོད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་མདུན་དུ་སྐྱོད་པ་དང་། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་ཡོད་རང་བཞིན་མཐོ་རུ་གཏོང་བ། སློབ་སྦྱོང་བྱས་ནས་ཤེས་རྟོག་ཐུབ་པ་དང་ལས་དོན་དངོས་སྒྲུབ་པའི་ཐད་དཔེ་སྟོན་ཡག་པོ་བྱེད་པ། རང་རྟོག་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་། དུས་ཐོག་ཏུ་སློབ་སྦྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ། ཡིད་ཆེས་དང་ལག་ལེན་ཐོག་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ནས། དད་མོས་བརྟན་པོ་དང་། འགན་འཁྲི་འཁུར་རྒྱུ་ཤེས་པ་བྱེད་པ་དང་། སློབ་སྦྱོང་བྱས་པ་རྣམས་བེད་སྤྱོད་དང་ལག་བསྟར་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་། བྱ་བཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་དོན་འཁྱོལ་བྱེད་དགོས། གཞོན་ནུས་ལས་བྱེད་པའི་ཁྲོད་ཆབ་སྲིད་དང་རིགས་པའི་གཞུང་ལུགས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། ཆབ་སྲིད་གཏན་ཤུགས་ཤུགས་ཆེར་གཏོང་བ། ཆབ་སྲིད་ནུས་པ་མཐོ་རུ་གཏོང་བ། ཆབ་སྲིད་ཉེན་ཁ་འགོག་པ་བཅས་ཀྱི་ཆེད་དོན་གསོ་སྦྱོང་བྱེད་པ་དང་། ཆ་རྐྱེན་སྐྲུན་ནས་ལས་བྱེད་པ་ཚོས་འཐབ་རྩོད་ལག་ལེན་ཁྲོད་ཆར་རླུང་བརྒྱུད་པ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། ཤེས་བྱ་དང་ལྗོན་ཐང་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་དང་། 
          ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཞི་རིམ་ལ་དམ་འཛིན་བྱེད་པའི་ཁྲིད་སྟོན་གསལ་པོ་འཛུགས་པ་དང་། རྩ་འཛུགས་ནུས་པ་མཐོ་རུ་གཏོང་རྒྱུ་གཙོ་གནད་བྱས་ནས།  ཤུགས་ཆེ་ཞིང་ནུས་པ་ལྡན་པའི་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་དགོས། སྣེ་གཉིས་ལ་དམ་འཛིན་གྱིས་དཀྱིལ་ལ་སྐུལ་ཁྲིད་བྱེད་པ་དང་། རྗེས་མས་སྔོན་ཐོན་གྱི་རྗེས་ཟིན་པ་དང་། དཀྱིལ་གྱིས་སྔོན་ཐོན་བརྩོན་ལེན་བྱེད་པ། སྔོན་ཐོན་གྱིས་དེ་བས་མདུན་སྐྱོད་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་དང་། ཁྱོན་ཡོངས་ནས་སྟོབས་ཆེར་འགྲོ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས།  ཏང་ཡོན་གྱི་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་ནན་པོ་བྱེད་པ་དང་། ཚོགས་འདུ་གསུམ་དང་སློབ་ཚན་གཅིག་སོགས་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ནས། ཏང་ཡོན་མི་རེ་ངོ་རེ་ཚང་མ་དར་ཆ་དམར་པོར་འགྱུར་བ་བྱེད་པ་དང་། ཀྲེ་པུའུ་ཚང་མ་ཏང་དར་མཐོན་པོར་ལྷབ་ལྷུབ་ཏུ་གཡོ་བའི་དམག་འཐབ་མཁར་རྫོང་ལ་འགྱུར་བ་བྱེད་དགོས། རིགས་དབྱེ་ནས་འཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ངང་གནད་ལ་འཕིགས་པའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་ཡོད་རང་བཞིན་ཤུགས་ཆེར་གཏོང་དགོས་ཞེས་བསྟན་ཡོད་པ་རེད། 
          ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བཟོ་བ་དང་། སྣེ་ཁྲིད་ནས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། སྤྱོད་ཚུལ་བཟང་བའི་ཆབ་སྲིད་ལས་ཁུངས་འཛུགས་པ་བཅས་བྱས་ཏེ། མང་ཚོགས་ནས་འགྱུར་བ་གསར་པ་དང་རྣམ་པ་གསར་པ་དངོས་སུ་མྱོང་ཚོར་ཐུབ་པ་བྱེད་དགོས། རྒྱུན་མཐུད་ངང་སྲོལ་ངན་བཞི་ཡོ་བསྲང་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། མང་ཚོགས་དང་འབྲེལ་གཏུག་ཟབ་མོ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པ།  མི་དམངས་མང་ཚོགས་དང་བརྩེ་བ་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ཐབས་ལམ་ཤེས་པ་བཅས་བྱས་ཏེ།  གཞི་རིམ་གྱི་ལག་ལེན་ཁྲོད་ནས་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་བཟང་པོ་རྙེད་པ་བྱེད་དགོས།  ནན་པོ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ལམ་མདུན་དུ་འཇོག་པ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་རྣམ་པ་བཞི་བེད་སྤྱད་ནས།  སྒྲིག་ལམ་སློབ་གསོ་དང་། ཆབ་སྲིད་ཀུན་སྤྱོད་སློབ་གསོ།  ཁྱིམ་སྲོལ་སློབ་གསོ་བཅས་ལ་དམ་འཛིན་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པའི་ཕྱོགས་ཡོངས་ཀྱི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་འདོད་མེད་པ་བཅས་ལ་གཞི་གཅིག་ཅན་གྱི་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
          ཞི་ཅིན་ཕིང་གིས། ངེས་པར་དུ་སྤྱོད་གཙང་དང་འགན་ཁུར་བ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་ལས། རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་འགན་མི་ཁུར་བ་དང་། བྱ་བ་མི་སྒྲུབ་པའི་ཁ་གཡར་སར་གཏན་ནས་བརྩི་མི་རུང་། སྤྱོད་གཙང་དང་འགན་འཁུར་བ་དང་། སྲིད་དོན་བརྩོན་སྐྱོང་དང་སྲིད་དོན་སྤྱོད་གཙང་གཅིག་གྱུར་ཡོང་བ་བྱེད་པ་དང་། འགན་འཁྲི་ལྗིད་པོ་འཁུར་ཕོད་པ་དང་། ཐག་གཅོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་བསྟར་བྱེད་དགོས་པ་ལས། ཆབ་སྲིད་ཀྱི་ཚོར་བ་ཉམས་པ་དང་། ལས་དོན་མུན་འཐོམས་ངང་སྒྲུབ་མཁན་བླུན་རྨོངས་ཀྱི་དཔོན་རིགས་མི་བྱེད་པ། ཉིན་མ་གང་འཁྱོལ་དང་བྱ་བ་གང་ལའང་སེམས་ཁུར་མི་བྱེད་པའི་སྒྱིད་ལུག་ཅན་གྱི་དཔོན་རིགས་མི་བྱེད་པ། ཁག་འགན་ཕར་དཀྲི་ཚུར་དཀྲི་དང་བརྩོན་སེམས་མེད་པའི་དཔོན་རིགས་དཀྱུས་མ་མི་བྱེད་པ། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་། ངོ་བོ་འགྱུར་བའི་དཔོན་ངན་ཟ་རྔམ་ཅན་བཅས་བྱེད་རྒྱུ་མེད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བར། ངེས་པར་དུ་ཁྱད་ཆོས་དང་ཆོས་ཉིད་ལ་དབྱེ་ཞིབ་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། ཐུན་མོང་གྱི་རང་བཞིན་དང་རང་གསོའི་ཁྱད་ཆོས་ལྡན་པ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་དེ་ལས་ཁུངས་ཀྱི་ཏང་འཛུགས་ལ་སྐུལ་འདེད་གཏོང་བའི་རིག་ལམ་དང་བྱ་ཐབས་ལ་འགྱུར་མཁས་པོ་བྱེད་དགོས། ལས་ཁུངས་ཏང་འཛུགས་ལག་ལེན་ཁྲོད་ཀྱི་གསར་གཏོད་རང་བཞིན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཟམ་མི་ཆད་པར་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོང་མཐོར་འགྲོ་བ་བྱས་ནས། དེས་ནུས་པ་ཡུན་རིང་ཐོན་པ་བྱེད་དགོས། ཏང་འཛུགས་དང་ལས་སྒོའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཏང་འཛུགས་ལས་དོན་དང་ལས་སྒོའི་ལས་དོན་གཉིས་མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམིགས་འབེན་སྣེ་ཁྲིད་གནད་དོན་གྱི་ཁྲིད་ཕྱོགས་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར། དམིགས་འབེན་གཞི་འཛིན་ས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་གོང་རིམ་ཇུས་འགོད་ཐད་འབད་བརྩོན་བྱེད་དགོས་ལ། གནད་དོན་གྱིས་ཤུགས་རྒྱག་ས་བྱས་ཏེ། ཞན་ཆ་གསབ་པ་དང་བཟང་ཆ་དང་ཞན་ཆའི་ཐད་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་དགོས།  སྒྲིག་སྲོལ་འཛུགས་པ་དང་ལམ་ལུགས་བཟོ་བ་དང་དོན་འཁྱོལ་ཕན་འབྲས་དངོས་ཐོན་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། ལམ་ལུགས་འཛུགས་རྒྱུ་གལ་འགངས་ཆེ་ལ། ལམ་ལུགས་ལག་བསྟར་བྱ་རྒྱུ་གལ་འགངས་དེ་ལས་ཆེ་བ་ཡོད། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སློབ་སྦྱོང་དང་། བརྩི་སྲུང་། ལག་བསྟར་བཅས་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། གཞི་རྩའི་ལམ་ལུགས་ནས་ནན་བཟུང་དང་། རྒྱུན་གཏན་གྱི་ཚད་ལྡན་སྒྲིག་སྲོལ་ནས་དམ་བཟུང་བྱེད་པ། རྒྱུན་འཛིན་དང་གསར་སྐྲུན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། འདུ་ཤེས་རིག་ལམ་གསར་སྐྲུན་དང་། བྱ་ཐབས་གསར་སྐྲུན། གཞི་རིམ་ལས་དོན་གསར་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་རང་བཞིན་ཐོག་ནས་ལས་དོན་སྤེལ་དགོས་ཞེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ཏང་གི་འགོ་ཁྲིད་ལ་ངེས་པར་དུ་ཤུགས་སྣོན་ཏན་ཏིག་རྒྱབ་ནས། འགན་འཁྲིའི་ལམ་ལུགས་ཐོག་ནས་སྣེ་ཁྲིད་ཡག་པོ་བྱ་དགོས། ཚན་པ་ཁག་གི་ཏང་ཙུའུ་དང་ཏང་ཨུད་ཀྱིས་ལས་ཁུངས་ཀྱི་ཏང་འཛུགས་དམ་བཟུང་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་།  ལས་ཁུངས་ཀྱི་ཏང་འཛུགས་དམ་བཟུང་མ་བྱས་ན་ལས་འཛོལ་ཡིན་པ། ལས་ཁུངས་ཀྱི་ཏང་འཛུགས་དམ་བཟུང་ཡག་པོ་མ་ཐུབ་པ་ནི་འགན་འཛོལ་ཡིན་པ་བཅས་ཀྱི་འདུ་ཤེས་འཛིན་པ། ཧྲུའུ་ཅིས་དམ་བཟུང་དང་། ཧྲུའུ་ཅི་དམ་བཟུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ཚན་པའི་ཁོངས་མི་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱེད་པ། འགན་འཁྲི་ཁ་གསལ་བ་དང་། འགན་འཁྲི་ལག་བསྟར་བྱེད་པ། འགན་འཁྲི་དང་དུ་བླངས་པ་བཅས་བྱ་དགོས། ལས་ཁུངས་ཏང་ཨུད་ཀྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་ཐོག་གཅིག་སྡུད་བྱེད་པ། འགན་ནུས་འདོན་སྤེལ་དངོས་སུ་ཐུབ་པ་བྱ་དགོས། ཀྲུང་དབྱང་གི་འབྲེལ་ཡོད་ཚན་པས་རང་འཁྲིའི་ལས་འགན་ལེགས་གྲུབ་བྱེད་པ་དང་། གཞོགས་འདེགས་ཧུར་ཐག་བྱས་ནས། ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་དམ་བཟུང་བྱེད་པའི་མཉམ་ཤུགས་ཆགས་པ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་འཁུར་རྒྱུ་ཤུགས་ཆེར་གཏོང་བ་དང་། ལག་བསྟར་གཞོགས་འདེགས་ཡག་པོ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་དགོས། ཚན་པ་ཁག་གི་ཏང་ཙུའུ་༼ཏང་ཨུད་༽ཡིས་ལས་ཁུངས་ཀྱི་ཏང་འཛུགས་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཏང་དོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་དགོས་པ་དང་། ཏང་དོན་ལས་བྱེད་པ་རྣམས་ཆབ་སྲིད་ཐད་དོན་རྟོགས་མཁན་དང་། ཏང་འཛུགས་ལས་དོན་ཐད་ཀྱི་རྒྱུས་མངའ་ཡོད་མཁན། ལས་བྱེད་ལས་བཟོ་པའི་གྲོགས་པོ་བློས་ཐུབ་བཅས་སུ་གསོ་སྐྱོང་བྱ་དགོས་ཞེས་གསུངས་ཡོད།
          ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དོན་སྙིང་གལ་ཆེན་སྐོར་ལ་གནད་ལ་འཁེལ་བའི་འགྲེལ་བཤད་གནང་བ་དང་། དུས་བབ་གསར་པའི་འོག་གི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་གྱི་ལས་འགན་དང་། ལས་དོན་གཙོ་བོ། འགག་རྩའི་བྱ་ཐབས་བཅས་ལ་འགྲེལ་བཤད་ཞིབ་ཕྲ་གནང་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་མཛད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ང་ཚོས་སློབ་སྦྱོང་དང་ལག་བསྟན་ནན་ཏན་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ། ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏིང་ཞུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་སྤུས་ཚད་ལེགས་པའི་ཕྱོགས་སུ་སྐུལ་འདེད་གཏོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཁ་གསལ་བསྟན་གནང་བ་དང་། རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་མཛད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་གཅིག་གྱུར་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་བྱེད་པའི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་གསུངས་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཁག་ཅིག་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བློ་མཐུན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས་ཡོད།
          ཀྲུང་དབྱང་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚན་པ་ཁག དངུལ་རྩའི་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།
འབྲེལ་ཡོད་རྩོམ་ཡིག