ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ།

2019-07-19
              ཟླ7པའི་ཚེས16ཉིན་ནས་ཚེས17ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཟླ7པའི་ཚེས16ཉིན་ཝང་དབྱང་གིས་ཡུལ་ཤུལ་གྲོང་ཁྱེར(ཞིང་ཆེན་རིམ་པ)གྱི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།
              ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ཆར་མཚོ་སྔོན་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རིགས་ས་ཁུལ་གྱི་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ནན་ཏན་སྒོས་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ། ཧུར་ཐག་དང་བརྟན་པོའི་ངང་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ། སྤུས་ཚད་མཐོ་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་རྒྱལ་ཁ་ལེན་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ནས་གངས་ལྗོངས་མཐོ་སྒང་བརྟན་ལྷིང་འཆམ་མཐུན་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
              ཚེས16ཉིན་ནས་ཚེས17ཉིན་བར། ཝང་དབྱང་སྔ་གཞུག་ཏུ་ཡུལ་ཤུལ་དང་ཟི་ལིང་སོགས་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཏུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན། ཝང་དབྱང་གིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱིས་མི་རིགས་ཆོས་ལུགས་དང་དབུལ་སྐྱོར་མཁྲེགས་གཏོར་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདོང་འཇོག་ཆེན་པོ་གནང་། ཁོང་གིས་མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་ལེགས་པོ་སྒྲུབ་རྒྱུ་དེ་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཏང་གི་ཆོས་ལུགས་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་འབུར་ཐོན་གནད་དོན་ཕྱོགས་སྟོན་བྱེད་པ། བྱ་བའི་གནད་འགག་དམ་འཛིན་བྱེད་པ། དགོན་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ངན་པས་སིམ་འཛུལ་ལ་བཀག་འགོག་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཚུལ་ཁྲིམས་དགེ་རྒན་དུ་བརྩི་བ་དང་། སློབ་སྦྱོང་དང་སྒོམ་སྒྲུབ་གཉིས་གལ་ཆེན་དུ་འཛིན་པ། ཡིད་རྟོན་དང་བྱ་སྤྱོད་ཚུལ་ལྡན་བཅས་ཀྱི་ནང་ཁུལ་གྱི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། མི་རིགས་སོ་སོའི་བར་མངའ་ཁོངས་བརྒལ་ནས་འགྲོ་འོང་བྱེད་པའི་གནས་བབ་གསར་བ་དང་ལེན་བྱས་ཏེ། མི་རིགས་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་མི་རིགས་སོ་སོ་མཉམ་སྡོད་དང་། མཉམ་ལས། མཉམ་སྐྱིད་བཅས་ཀྱི་མཐུན་རྐྱེན་སྐྲུན་པར་འབད་པ་བྱས་པ་བརྒྱུད། ཁྱབ་ཁོངས་སྔར་ལས་ཆེ་བ་དང་རིམ་པ་སྔར་ལས་ཟབ་པའི་འགྲོ་འོང་བྱེད་པ་ལེགས་འགྲུབ་འབྱུང་རྒྱུ་དང་། ཧུར་ཐག་སྒོས་མི་རིགས་མཐུན་སྒྲིལ་གྱི་ཉམས་མྱོང་གསར་བ་འཚོལ་ཞིབ་བྱེད་དགོས་ཞེས་བསྟན།
              ཟླ7པའི་ཚེས16ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཟླ7པའི་ཚེས17ཉིན་ཝང་དབྱང་གིས་སྐུ་འབུམ་བྱམས་པ་གླིང་དུ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།
              ཝང་དབྱང་གིས་བོད་རིགས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ནི་དཔལ་འབྱོར་ལས་དོན་ཞིག་ཡིན་ལ་ཆབ་སྲིད་ལས་དོན་ཞིག་ཀྱང་ཡིན། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་སློབ་གྲྭར་ཞུགས་ཚད་ཀྱི་འགན་ལེན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འཐུང་ཆུའི་བདེ་འཇགས་དང་། སྡོད་ཁང་བདེ་འཇགས། ས་གནས་ནད་རིགས་འགོག་བཅོས་སོགས་ཐད་ཀྱི་མི་འདང་བའི་ཞན་ཆ་སེལ་ནས་སྤྱི་ཡོངས་ཀྱི་བྱ་བ་ལེགས་པོ་སྒྲུབ་དགོས། འབྲི་གཡག་དང་། མཐོ་སྒང་གི་ནས། མཐོ་སྒང་གི་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ཐོན་དངོས་རྫས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་ནས་འཛད་སྤྱོད་དབུལ་སྐྱོར་དང་ཐོན་རྫས་ཁྲོམ་རའི་སྟེང་བསྐྱོད་པ་དང་། ནུས་ཤུགས་ཆེ་རུ་བསྐྱེད་ནས་དབུལ་ཐར་གཏན་འཇགས་རང་བཞིན་གྱིས་གོང་འཕེལ་ཡོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ནན་ནན་ཏན་ཏན་གྱིས་སྐྱེ་ཁམས་བདེ་འཇགས་ཀྱི་ལས་དོན་ལེགས་པོར་སྒྲུབ་ནས་དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་གྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། དབུལ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ནང་སེམས་ཀྱི་སྒུལ་ཤུགས་སྐུལ་འཕེལ་དང་གོམས་སྲོལ་བསྒྱུར་བར་སྐུལ་འདེད་བཏང་སྟེ་འབད་བརྩོན་ཕྱུག་འགྱུར་དང་གཟི་བརྗིད་ལྡན་པའི་དབུལ་ཐར་གྱི་རྣམ་པ་གསར་བ་ཞིག་གཏོད་དགོས་པ་ནན་གྱིས་བསྟན།
              མཚོ་སྔོན་དུ་སྡོད་པའི་རིང་། ཝང་དབྱང་གིས་ད་དུང་ཡུལ་ཤུལ་ས་འགུལ་གནོད་སེལ་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ལ་འཚམས་འདྲི་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག