ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་དང་མཇལ་འཛོམས་གནང་བ།

2019-08-30
     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས29ཉིན་གྱི་དགོང་མོ་ཏེའོ་ཡུད་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུ་ཐེར་ཐེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཙུང་ཐུང་ཏུ་ཐེར་ཐེ་ཀྲུང་གོར་འཚམས་འདྲི་དང་ཆབས་ཅིག་སྤྱི་ལོ2019ལོའི་རྒྱལ་སྤྱིའི་ལག་རྩེད་སྤོ་ལོ་མཉམ་འབྲེལ་ཚོགས་པའི་ལག་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་གཟིགས་པར་ཕེབས་པར་དགའ་བསུ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས། ཁྱེད་རང་ནས་སྲིད་སྐྱོང་གནང་ནས་ལོ་གསུམ་སོང་བའི་ནང་། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་པའི་འོག ཀྲུང་ཧྥིའི་འབྲེལ་བ་བདེ་བླག་ངང་ཁ་ལོ་བསྒྱུར་བའི་ཐོག སྲ་བརྟན་དང་མཐོར་འདེགས་བཏང་ཞིང་། ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་ཡོད། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། ཡིན་ནའང་ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ནི་སྔར་བཞིན་འགོག་ཐབས་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ཞིག་རེད། ངོས་ནས་ཁྱེད་རང་དང་མཉམ་དུ་མུ་མཐུད་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་དུས་བབ་ལ་དམ་འཛིན་གྱིས། ཀྲུང་ཧྥིའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད། དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཡོད་པ་མ་ཟད། འདིས་ས་ཁུལ་འདིའི་ཞི་བདེ་བརྟན་ལྷིང་ལ་དྲང་ནུས་སྣོན་ཐུབ་ཅེས་གསུངས་འདུག
     ཞི་ཅིན་ཕིང་གིས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཧྥི་ལི་ཕིན་གྱི་ཆེ་བསྐྲུན་ཁྱད་བསྐྲུན་གྱི་འཆར་འགོད་གཉིས་སྦྲེལ་མཐུད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཐོག རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། བཟོ་ལས་ལྡུམ་ར་ཁུལ། གློག་འཕྲིན། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་དགོས། ཀྲུང་གོས་ཧྥི་ལི་ཕིན་གྱི་སྤུས་ལེགས་ཤིང་ཏོག་དང་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱ་རྒྱུ་དང་། རིགས་གཅིག་མཁས་པ་ཧྥི་ལི་ཕིན་དུ་ཉ་ལས་ལག་རྩལ་སློབ་ཁྲིད་བྱེད་པར་མངགས་གཏོང་བྱ་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད། ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཧྥི་ལི་ཕིན་གྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་དང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་བཀག་འགོག་བྱེད་པའི་ཐད་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཀྲུང་ཧྥི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷོ་རྒྱ་མཚོའི་གནད་དོན་ཐད་ནུས་ལྡན་གྱི་འབྲེལ་གཏུགས་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་རྩོད་གཞི་ལོགས་སུ་འཇོག་པ་དང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་བཀག་འགོག་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པ་དང་། བྱ་བ་དངོས་སྒྲུབ་པ། གོང་འཕེལ་བརྩོན་ལེན་བཅས་བྱ་དགོས། ཕྱོགས་གཉིས་པོས་གནད་དོན་དེ་ཐག་གཅོད་འོས་འཚམས་བྱེད་ཐུབ་ན་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་དེ་བས་ལེགས་པ་དང་། རྨང་གཞི་དེ་བས་བརྟན་པར་འགྱུར་ངེས་ལ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཡང་གལ་ཆེའི་འགན་སྲུང་ཡོད་པར་འགྱུར་རྒྱུ་རེད། ཕྱོགས་གཉིས་པོས་མཚོ་ཐོག་སྣུམ་རླངས་མཉམ་དུ་གསར་སྤེལ་བྱ་རྒྱུའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོས་ཆོག་པ་དང་། ལྷོ་རྒྱ་མཚོའི་བྱ་སྤྱོད་རྩ་འཛིན་ཞེས་པ་དེ་ནི་ལྷོ་རྒྱ་མཚོར་སྒྲིག་སྲོལ་བཟོ་བའི་ཐད་ཀྱི་གསར་གཏོད་ཅིག་ཡིན་པ་དང་། ཕྱོགས་གཉིས་པོས་རྩ་འཛིན་དེ་གང་མགྱོགས་བཟོ་ཐུབ་པ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ས་ཁུལ་གྱི་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོབ་བྱེད་པའི་འགྱུར་མེད་ཀྱི་ལང་ཕྱོགས་དང་དགེ་མཚན་ལྡན་པའི་རྣམ་འགྱུར་མངོན་པར་བྱ་དགོས་ཞེས་བསྟན་འདུག
     ཏུ་ཐེར་ཐེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་གོང་སྤེལ་ལེགས་གྲུབ་བྱུང་བའི་ཉམས་མྱོང་དེ་ཧྥི་ལི་ཕིན་གྱི་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཅེས་དང་། ཁོང་གིས། ངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་མཛའ་བཤེས་ཟབ་མོར་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་ངོས་ནས་བཤད་ན་གལ་ཆེན་པོ་རེད། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ནི་ཇི་སྲིད་བར་གྱི་ཇུས་ཆེན་རེད། ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྟག་ཏུ་ཐུག་ནས་སྤེལ་རེས་ལ་ཤུགས་སྣོན་དང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་མཐུད་དང་ཤུགས་ཆེན་པོའི་སྒོ་ནས་གོང་འཕེལ་འགྲོ་བ་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་གྱུར་ཡོང་བ་བྱེད་འདོད་ཡོད། ཧྥི་ལི་ཕིན་གྱིས་ཀྲུང་གོའི་ཕྱོགས་ནས་མུ་མཐུད་ཧྥི་ལི་ཕིན་གྱི་དཔལ་འབྱོར་གོང་འཕེལ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ཧྥི་ལི་ཕིན་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བྱ་གཞག་དང་། ས་ཡོམ་གནོད་འཚེ་ཁུལ་གྱི་བསྐྱར་སྐྲུན། འཇིགས་སྐུལ་ལ་ངོ་རྒོལ། དུག་འགོག་སོགས་ཀྱི་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོན་དངོས་ཀྱིས་ར་སྤྲོད་བྱས་པར། ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་ལྷག་བསམ་དག་པའི་གྲོགས་པོ་ཡིན། ཤང་ཀང་གི་གནད་དོན་ཐད་ཧྥི་ལི་ཕིན་གྱིས་ཀྲུང་གོའི་བཅའ་ཁྲིམས་དང་དེ་བཞིན་ཁྲིམས་ལྟར་བཅའ་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་དབང་ཆར་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
     ཏུ་ཐེར་ཐེས། ངས་མཉམ་ལས་བྱེད་པ་ལས་ཁ་གཏད་དུ་མི་ལང་བའི་བྱ་ཐབས་ཐོག་ནས་ལྷོ་རྒྱ་མཚོའི་གནད་དོན་ཞི་བས་ཐག་གཅོད་བྱས་ཏེ། ས་ཁུལ་གྱི་མཛའ་གྲོགས་མཉམ་ལས་དང་། ཞི་བདེ་བརྟན་ལྷིང་གི་གནས་བབ་ཧྲིལ་པོར་སྲུང་སྐྱོབ་བྱ་རྒྱུའི་བྱ་ཐབས་བདམ་ག་བྱ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། དེ་ནི་ས་ཁུལ་འདིའི་ཕྱོགས་ཁག་གི་ཁེ་ཕན་དང་འཚམས་པ་ཞིག་རེད། ཧྥི་ལི་ཕིན་གྱིས་ཀྲུང་གོ་དང་ལྷན་དུ་མཚོ་ཐོག་སྣུམ་རླངས་མཉམ་དུ་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧྥི་ལི་ཕིན་ནི་ད་ལྟའི་ཨ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་ངོས་ནས། ཕྱོགས་ཁག་ནས་ལྷོ་རྒྱ་མཚོའི་བྱ་སྤྱོད་རྩ་འཛིན་གང་མགྱོགས་འཇོག་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་འདུག
     མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་དཔང་པོ་གནང་བ་དང་། ཕྱོགས་གཉིས་པོས་ད་དུང་སྣུམ་རླངས་མཉམ་ལས་ཀྱི་སྲིད་གཞུང་བར་གྱི་མཉམ་འབྲེལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དང་ཁེ་ལས་བར་གྱི་ལས་དོན་ཚོ་ཆུང་བཙུགས་ནས། ཐུན་མོང་གསར་སྤེལ་ལ་དོན་ངོ་མའི་གྲུབ་འབྲས་ཐོབ་པ་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
     ཡང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།
འབྲེལ་ཡོད་རྩོམ་ཡིག