ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ནས་ཕ་ཁི་སི་ཐན་གྱི་ཙུང་ལི་དང་མཇལ་འཕྲད་གནང་བ།

2019-10-10
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་10པའི་ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་དང་མཇལ་འཕྲད་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཉམ་ལས་རོགས་པ་ཉག་ཅིག་དེ་ཡིན་ཞེས་ནན་སྟོན་གནང་ཡོད།
              ཞི་ཅིན་ཕིང་གིས། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་བ་གང་འདྲ་ཕྱིན་རུང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་གྲོགས་ནི་ཐོག་མཐའ་བར་གསུམ་དུ་གཡོ་བ་མེད་པར་བྲག་རྡོ་ལྟར་བརྟན་ཞིང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་ཡོད་ལ། ཟམ་མི་ཆད་པར་རྒྱ་སྐྱེད་དང་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོའི་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཕ་ཁི་སི་ཐན་དེ་ཉིད་ཀྲུང་གོའི་ཕྱི་འབྲེལ་གྱི་སྔོན་ཐོབ་ཀྱི་ཁ་ཕྱོགས་ལ་བཞག་གི་ཡོད་པ་དང་། ཕ་ཁི་སི་ཐན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་སའི་གནད་དོན་གལ་ཆེ་རིགས་ཐད་མུ་མཐུད་ཕ་ཁི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་ཇུས་རོགས་ལས་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། དུས་རབས་གསར་པར་དེ་བས་ཟབ་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
              ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན། ང་ཚོས་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ཤིག་གཉེར་བ་དང་། འདི་ནི་རྒྱལ་གཅེས་རིང་ལུགས་ཀྱི་གཅིག་བསྡུས་སློབ་གསོ་ཐེངས་ཤིག་ཀྱང་ཡིན། ཀྲུང་གོའི་མི་དམངས་དུང་ཕྱུར་14ཙམ་གྱི་སེམས་པ་སྔར་མེད་གཅིག་སྒྲིལ་བྱེད་པ་དང་། རྒྱལ་གཅེས་སྤྲོ་སེམས་སྔར་མེད་རྒྱས་ཡོད་ཅིང་། ང་ཚོས་དཀའ་ངལ་དང་ཉེན་ཁ་ཡོད་ཚད་སེལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཐོག་སྐྱོད་རྒྱུ་དང་། རང་ཉིད་ཀྱི་བྱ་དོན་ཡག་པོ་བསྒྲུབ་རྒྱུ། འཛམ་གླིང་མི་རིགས་ཁག་གི་ཁྲོད་རྐང་པ་བརྟན་པོ་འཛུགས་པའི་སེམས་ཤུགས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། ཕ་ཁི་སི་ཐན་གྱི་གྲོགས་པོས་དེ་སྔོན་ཀྲུང་གོར་དཀའ་ངལ་འཕྲད་སྐབས་སྒེར་སེམས་མེད་པའི་རོགས་རམ་བྱས་ཡོད། ད་ཆ་ཀྲུང་གོ་གོང་འཕེལ་ཕྱིན་པས། ལྷག་བསམ་ཟོལ་མེད་ངང་ཕ་ཁི་སི་ཐན་ཕྱོགས་གོང་འཕེལ་དེ་བས་ཡག་པ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་དང་དེ་བས་ཟབ་པའི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་དང་། དུས་ཐོག་ཏུ་གནད་དོན་ཆེ་རིགས་ཐད་ལངས་ཕྱོགས་མཐུན་སྦྱོར་བྱེད་དགོས། ཚད་གཞི་མཐོ་པོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ད་ཡོད་ཀྱི་ནུས་ཁུངས་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད། ཐོན་ལས་གླིང་ཁུལ། དམངས་འཚོའི་རྣམ་གྲངས་བཅས་འཛུགས་སྐྲུན་ཡག་པོ་དང་ལས་གཉེར་ཡག་པོ་བྱས་ནས། བར་ཁྱམས་དེ་ཉིད་སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་དཔེ་སྟོན་ལས་གཞིར་འགྱུར་བ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་ཞུ་གི་ཡོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
              དབྱི་མུའུ་ལན་ཧན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད། ཁོང་གིས། ཀྲུང་གོར་སྤྱིར་བཏང་མིན་པའི་གོང་འཕེལ་གྱི་གྲུབ་འབྲས་ཐོབ་པ་མཐོང་སྐབས། ཀྲུང་གོའི་གྲོགས་པོ་བཟང་ཤོས་ཡིན་པའི་ངོས་ནས། ཕ་ཁི་སི་ཐན་ནས་སེམས་དབུས་ནས་དགའ་ཚོར་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྟག་ཏུ་རྩ་དོན་རྒྱུན་འཁྱོངས་དང་དྲང་པོ་དྲང་བཞག་བྱེད་པ་དང་། ཕ་ཁི་སི་ཐན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོན་དངོས་ལས་ར་སྤྲོད་ཐུབ་པར། ཀྲུང་གོ་ནི་ཕ་ཁི་སི་ཐན་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པ་ཡིན་པ་དང་། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ཕ་ཁི་སི་ཐན་ཕྱོགས་ནས་མུ་མཐུད་ཀྲུང་གོའི་བར་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་བྱ་རྒྱུ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ལེགས་གྲུབ་ལྡན་པའི་དཔེ་སྟོན་གཏོད་རྒྱུ་བཅས་ཀྱི་རེ་སྒུག་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་ཕྱོགས་ནས་མུ་མཐུད་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ནས། བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
              དབྱི་མུའུ་ལན་ཧན་གྱིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་མིག་སྔའི་ཀ་ཤྲི་སྨིར་གནས་བབ་ཐད་འཛིན་པའི་ལྟ་སྟངས་ངོ་སྤྲོད་གནང་ཡོད་པ་དང་། ནུས་ཤུགས་གང་ཡོད་ཀྱིས་དོན་རྐྱེན་སྡུག་ཏུ་མི་འགྲོ་བ་དང་གནས་བབ་ཚོད་འཛིན་མི་ཐུབ་པའི་གནས་ཚུལ་མི་ཐོན་པ་བྱ་རྒྱུའི་རེ་འབོད་གནང་ཡོད། ཁོང་གིས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་གཞུང་དྲང་དང་དོན་དངོས་ཀྱི་ལངས་ཕྱོགས་འཛིན་པར་ཚད་མཐོའི་མཐོང་ཆེན་དང་བསྔགས་བརྗོད་ཞུ་གི་ཡོད་ཅེས་བསྟན་ཡོད།
              ཞི་ཅིན་ཕིང་གིས། ཀྲུང་གོས་ཀ་ཤྲི་སྨིར་གྱི་དུས་བབ་ལ་དོ་ཁུར་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་དོན་རྐྱེན་གྱི་དཀར་ནག་བདེན་རྫུན་གསལ་པོ་ཡོད་པས། ཀྲུང་གོས་ཕ་ཁི་སི་ཐན་ཕྱོགས་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། དོ་བདག་ཕྱོགས་ནས་ཞི་བའི་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་རྩོད་རྙོག་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག