ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ཙུང་ཐུང་པན་ཏ་ལིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་གྲོས་མོལ་གནང་བ།

2019-10-15
ཟླ་10ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀ་ཏ་མན་རྡུར་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་གྲོས་མོལ་གནང་བ།
               ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀ་ཏ་མན་རྡུར་ཙུང་ཐུང་པན་ཏ་ལིས་བཤམས་པའི་དགའ་བསུའི་གསོལ་སྟོན་གཟབ་རྒྱས་ལ་ཞུགས་པ་རེད། ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུའུ་ཨེན་དང་། ཙུང་ལི་ཨའོ་ལི། དབུ་བཞུགས་ཁྲིམས་དཔོན་ཆེ་མོ་ལ་ན། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏི་སྨིར་ཤིས་ན། ནང་བློན་ཁང་གི་ཁོངས་མི་ཡོངས། སྲིད་ཏང་གཙོ་བོའི་གཙོ་འཛིན། གྲོས་མི་དང་། སྲིད་གཞུང་གི་མཐོ་རིམ་དཔོན་རིགས། སྲིད་དོན་མི་སྣ་གལ་ཆེན་ཟུར་པ་བཅས་མང་པོ་ཞིག་དང་དེ་བཞིན་ལས་རིགས་ཁག་གི་འཐུས་མི་གསོལ་སྟོན་ལ་ཞུགས་ཡོད་པ་རེད།
               པན་ཏ་ལིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཤིས་ཚིག་གསུང་ནས་ནེ་པ་ལ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་དང་ཏག་ཏག་འཁེལ་བས། ནེ་པ་ལའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོའི་འགོ་ཁྲིད་མི་སྣའི་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པ་དང་ཀྲུང་གོའི་མི་དམངས་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཀྲུང་གོའི་དེང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་ཡོད། ཀྲུང་གོ་མུ་མཐུད་མདུན་ཕྱོགས་སུ་གོང་འཕེལ་ཕྱིན་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བདེ་བླག་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད། ས་ཁམས་ཆགས་ཚུལ་གྱིས་རྐྱེན་པས་ནེ་ཀྲུང་རྒྱལ་ཁབ་གཉིས་པོ་ཁྱིམ་མཚེས་སུ་གྱུར་བ་དང་། ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱིས་ང་ཚོ་གྲོགས་པོ་བློས་ཐུབ་ཞིག་ཏུ་གྱུར་ཡོད། ནེ་ཀྲུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད་པས་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྲ་བརྟན་འགྱུར་མེད་དང་རྒྱ་མཚོ་བཞིན་ཟབ་ལ་རི་བོ་ཇོ་མོ་གླང་མ་བཞིན་བརྟན་པོ་ཡོད། འབྱུང་འགྱུར་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མདུན་ལམ་དེ་བས་ཡངས་ཤིང་རྒྱ་ཆེ་བ་ཡོང་ངེས་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
               ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། འདི་ནི་ང་རང“གཟི་བརྗིད་གྲོང་ཁྱེར”ཀ་ཏ་མན་རྡུར་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན། གྲོགས་པོ་རྙིང་པ་དང་གསར་པ་མང་པོ་ཐུག་འཕྲད་བྱུང་བ་དང་། ནེ་པ་ལ་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་དང་། མི་དམངས་བདེ་སྡོད་ལས་བརྩོན་ཡོད་པ་མཐོང་དུས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་སྤེལ་རེས་ཀྱི་མིག་དཔེ་བཏོད་ཡོད། ང་དང་ཙུང་ཐུང་པན་ཏ་ལིས་ལྷན་དུ་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཁེའི་སྙིང་སྟོབས་ཀྱི་ཐོག་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏོད་རྒྱུའི་གཏན་འཁེལ་བྱས་པ་ཡིན། ངས་རྒྱལ་ཁབ་གཉིས་པོའི་དབར་དེ་བས་དམ་ཟབ་ཀྱི་ཆབ་སྲིད་ཀྱི་འབྲེལ་བ་འཛུགས་པ་དང་། རྒྱལ་ཁབ་གཉིས་པོའི་དབར་དེ་བས་སྟབས་བདེའི་སྦྲེལ་མཐུད་དྲ་རྒྱ་གཏོད་པ། རྒྱལ་ཁབ་གཉིས་པོའི་དབར་དེ་བས་བརྟན་པའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་དབར་དེ་བས་ཕུན་སུམ་ཚོགས་པའི་ཕྱོགས་མང་མཉམ་ལས་བྱེད་པ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད། ང་རང་གི་རེ་བ་དེ་དག་ལ་ནེ་པ་ལའི་འགོ་ཁྲིད་མི་སྣའི་ངོས་འཛིན་གཅིག་མཐུན་བྱུང་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཆར་གཞི་གསར་པ་བཀོད་པར་ང་རང་དགའ་ཚོར་ཆེན་པོ་བྱུང་། ངས་རྟག་ཏུ“འཆར་གཞི་གཅིག་མཐར་ཕྱིན་པ་འདིང་དགོས”ཞེས་བརྗོད་མྱོང་ཡོད། ང་ཚོས་ལག་གདང་སྦྲེལ་ནས་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གསར་པ་མཉམ་དུ་གཏོད་དགོས། ནེ་པ་ལ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
               ཤིན་ཧྭ་གསར་འགྱུར་ཁང་ཀ་ཏ་མན་རྡུ་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀ་ཏ་མན་རྡུར་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་གྲོས་མོལ་གནང་བ་རེད།
               ཞི་ཅིན་ཕིང་གིས་ཀྲུང་ནེ་རྒྱལ་ཁབ་གཉིས་པོ་ནི་སྔར་ནས་བཟུང་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། མིག་སྔར། ཀྲུང་ནེ་གཉིས་ཀ་རྒྱལ་ཁབ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཁ་ས། ང་དང་ཙུང་ཐུང་པན་ཏ་ལིས་ལྷན་དུ་ཀྲུང་ནེ་རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་གཏོད་རྒྱུའི་གཏན་འཁེལ་བྱས་པ་ཡིན། དེའི་རྩ་དོན་ནི་ཕན་ཚུན་འདྲ་མཉམ་དང་། འཆམ་མཐུན་མཉམ་གནས། མི་རབས་མཛའ་མཐུན། ཕྱོགས་ཡོངས་མཉམ་ལས་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ་ཀྲུང་ནེའི་མཛའ་མཐུན་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ནེའི་འབྲེལ་བའི་ལེའུ་གསར་པ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
               ཞི་ཅིན་ཕིང་གིས་ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བརྟན་པོ་བསྟར་བ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད། མི་སུ་རུང་གིས་ཀྲུང་གོའི་ས་ཆ་གང་རུང་ཞིག་ཁ་ཕྲལ་གཏོང་བའི་རེ་ངན་འཆང་བའི་མཇུག་འབྲས་ནི་རྩ་འཐོར་དུ་འགྲོ་རྒྱུ་ལས་མ་འདས། ཀྲུང་གོ་ཁ་ཕྲལ་གཏོང་བར་རྒྱབ་སྐྱོར་བྱེད་མཁན་ཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་གང་རུང་ཀྲུང་གོ་མི་དམངས་ཀྱིས་ཧམ་སེམས་རེ་སྟོང་འཆང་མཁན་ཞིག་ལ་བརྩི་ངེས་རེད་ཅེས་ནན་བཤད་གནང་བ་རེད།
               ཞི་ཅིན་ཕིང་གིས་ཀྲུང་ནེ་རྒྱལ་ཁབ་གཉིས་པོས་གཤམ་གསལ་ཕྱོགས་འགའ་ཞིག་ཐད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཆར་འགོད་བྱེད་དགོས་པ་སྟེ། གཅིག་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་གཏིང་ཟབ་བྱེད་དགོས། ནེ་པ་ལ་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས་ཀྱིས“དར་རྒྱས་ཀྱི་ནེ་པ་ལ་དང་བདེ་སྐྱིད་ཀྱི་ནེ་པ་ལ་བ”ཞེས་པའི་ཕུགས་འདུན་བཟང་པོ་མངོན་འགྱུར་ཧུར་ཐག་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ནེ་པ་ལ་ཕྱོགས་དང་མཉམ་དུ་སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྐྱོང་ནུས་པ་སྤེལ་རེས་ཀྱི་མཉམ་ལས་བྱེད་འདོད་ཡོད། གཉིས་ནས་སྦྲེལ་མཐུད་ཆུ་ཚད་མཐོ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རྒྱུ་དེ་ནེ་པ་ལས“སྐམ་ས་འབྲེལ་བའི་རྒྱལ་ཁབ”གཏོད་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་སྦྲེལ་མཐུད་ཡོང་བར་བྱས་ཏེ་རྒྱལ་སྒྲོལ་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ལ་བསམ་གཞིག་ཧུར་ཐག་བྱེད་པ་དང་། རྒྱལ་སྒྲོལ་ལྕགས་ལམ་གྱི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་བྱེད་འགོ་འཛུགས་པ། མཐའ་མཚམས་འགག་སྒོ་རིམ་བཞིན་མང་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་ཐད་གཏོང་གནམ་གྲུ་མང་དུ་གཏོང་བ། འཕྲིན་གཏོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཧི་མ་ལ་ཡའི་ཕྱོགས་བསྡུས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་ཚོང་དོན་དང་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ནེའི་རྒྱལ་སྒྲོལ་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཐོན་ནུས་དང་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནེ་པ་ལ་ཕྱོགས་ཀྱིས་ཆུ་གློག་གསར་སྤེལ་ལུགས་མཐུན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། བཞི་ནས་དམངས་སེམས་གཅིག་མཐུན་ཡོང་ཤུགས་ཆེ་རུ་བཏང་ནས་སློབ་གསོ་དང་། ཡུལ་སྐོར། ས་གནས་སོགས་ཁྱབ་ཁོངས་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་དགོས།
               ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ལ་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱ་རྒྱུ་ཡིན། ཆུ་མཁོ་འདོན་གྱི་ཆུ་སྤུས་ལེགས་གཏོང་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ཏེ་ཇོ་མོ་གླང་མ་སྲུང་སྐྱོང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ལྔ་ནས་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཇིགས་སྐུལ་རིང་ལུགས་དང་རྒྱལ་སྒྲོལ་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་བཏང་ནས་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། དྲུག་ནས་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྒྲིག་གཞིར་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་དབང་ཆ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
               ཨའོ་ལིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་འདས་ཟིན་པའི་ལོ་ངོ་70ཡི་རིང་། ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་དར་རྒྱས་གོང་འཕེལ་ནི་ནེ་པ་ལའི་གོ་སྐབས་གལ་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་ཀྲུང་གོའི་ཕུལ་བྱུང་གི་གཙོ་འཛིན་ཞིག་རེད་ལ། ནེ་པ་ལའི་མི་དམངས་དང་འཛམ་གླིང་མི་དམངས་ཀྱིས་གུས་བཀུར་ཐོབ་པའི་ཁྱད་དུ་འཕགས་པའི་གཙོ་འཛིན་ཞིག་ཀྱང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་ནི་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན་པས་ནེ་པ་ལའི་མི་དམངས་སྤྲོ་བ་རབ་ཏུ་འཕེལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་རེས་འཚམས་འདྲིར་ཕེབས་པ་དེས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བའི་འཆར་གཞི་གསར་པ་བཀོད་ཡོད་པས་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དུས་རབས་གསར་པ་གཏོད་ཐུབ་ངེས་རེད་ཅེས་གསུངས་པ་རེད།
               ཨའོ་ལིས་ནེ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་གྲོགས་པོ་དང་རོགས་ཟླ་ངོ་མ་ཡིན་པས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་ལས་ཕན་ཚུན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་མེད། ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ནི་རྡོ་རྗེ་བྲག་ལྟར་བརྟན་པོ་ཡོད། ཕྱི་ཕྱོགས་ཀྱི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོར་འཛིན་པའི་མཛའ་མཐུན་སྲིད་ཇུས་ལ་འགྱུར་ལྡོག་འགྲོ་མི་སྲིད་ལ། ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཡང་འགྱུར་ལྡོག་འགྲོ་མི་སྲིད། ཀྲུང་གོས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་ནེ་པ་ལ་ཕྱོགས་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་མཐར་ཕྱིན་བྱས་ནས་ཕྱོགས་གཏོགས་གང་རུང་གིས་ཀྱང་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྤྱོད་སྤེལ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་སྤེལ་དུ་གཏན་ནས་འཇུག་གི་མིན་ཞེས་གསུངས་པ་རེད།
               ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མུ་ཏི་དང་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པ་གནང་བ་དང་། ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་པེ་ཅིང་དུ་ཕྱིར་ལོག་ཕེབས་པ་རེད།
               ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏེང་ཞུའེ་ཤང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཕུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་བྱུང་བ་རེད།
               ས་གནས་འདི་གའི་དུས་ཚོད་ཚེས་13ཉིན་གྱི་ཉིན་དགུང་། ཞི་ཅིན་ཕིང་ཀ་ཏ་མན་རྡུ་ནས་ཞལ་གྱེས་ཏེ་རྒྱལ་ནང་དུ་ཕྱིར་ལོག་ཕེབས་པ་རེད། ནེ་པ་ལའི་དམངས་ཚོགས་ཁྲི་སྟོང་མང་པོ་རང་འགུལ་ངང་ཁྲོམ་གཞུང་དུ་བསྐྱོད་དེ་གནམ་ཐང་དུ་སྐྱོད་པའི་གཞུང་ལམ་གྱི་གཞོགས་གཉིས་སུ་ལངས་ཤིང་། ལ་ལས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་པ་དང་། ལ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པན་ཏ་ལིའི་སྐུ་པར་དང་དེ་བཞིན“ཀྲུང་ནེའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”ཅེས་འཁོད་པའི་སྦྱར་ཡིག་མཐོན་པོར་བཏེགས་པ། ཡང་ལ་ལས་ནེ་པ་ལའི་མི་རིགས་ཀྱི་རོལ་ཆ་དཀྲོལ་བ་རེད། ད་དུང་ལ་ལས་རྔ་རྡུང་དར་འཕྱར་དང་གླུ་ལེན་གར་འཁྲབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་གུས་ལུགས་མཚོན་པར་བྱས་པ་རེད། པན་ཏ་ལིས་གནམ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་གཉེར་བ་རེད། ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུའུ་ཨེན་དང་། ཙུང་ལི་ཨའོ་ལི། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏི་སྨིར་ཤིས་ན་དང་། ནང་བློན་ཁང་གི་ཁོངས་མི་དང་དམག་ཕྱོགས་ཀྱི་མཐོ་རིམ་དམག་དཔོན་ཡོངས་རྫོགས་ཕེབས་སྐྱེལ་མཛད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག