ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ།

2019-11-04
            ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས།    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོའི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   ཉེ་དུས།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། འགག་སྒྲོལ་ཆེན་པོ་གསུམ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འོས་འཚམ་གཅོག་པ།   འགན་འཁྲི་ལྕི་ཤོས་ཕྲག་ཏུ་འཁུར་བ་དང་དཀའ་གནད་ཆེ་ཤོས་ཁྱད་བསད་བྱེད་ཕོད་པ། གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོའི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            སྤྱི་ཟླ་11པའི་ཚེས་2ཉིན་ནས་ཚེས་3ཉིན་བར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན།  ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་དང་གྲོང་སྤྱི་དབྱིང་ཡུང་གི་ཕེབས་རོགས་འོག ཞི་ཅིན་ཕིང་ཧྲང་ཧའེ་ཡང་ཕུའུ་པིང་ཅང་དང་ཀུའུ་པེ་སྡེ་ཁུལ་དུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། གྲོང་ཁྱེར་གྱི་སྤྱི་པའི་བར་ཁམས་འཆར་འགོད་འཛུགས་སྐྲུན། སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུ་སོགས་ལ་བརྟག་ཞིབ་གནང་ནས།  གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཡོད་པ་རེད།
            སྤྱི་ཚེས་2ཉིན་གྱི་ཕྱི་དྲོ།  ཞི་ཅིན་ཕིང་ཡང་ཕུའུ་ཆུས་པིན་ཅང་སྤྱི་པའི་བར་ཁམས་ཡིན་པའི་ཡང་ཧྲུའུ་ཕུའུ་ཆུ་འདོན་ཁང་པིན་ཅང་དུམ་བུ་རུ་ཕེབས་པ་དང་། བརྙན་ལམ་དང་སྨྱན་སྦྱོར་སྣ་མང་འགྲེམས་སྟོན་ཐོག་ནས་ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་པོའི་ལྟེ་བའི་ཁུལ་གྱི་སྤྱི་ལེ་45ཡི་སྤྱི་པའི་བར་ཁམས་སྦྲེལ་མཐུད་ལས་གྲྭའི་གཞི་རྩའི་གནས་ཚུལ་དང་ཡང་ཕུའུ་པིན་ཅང་གི་སྤྱི་པའི་བར་ཁམས་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་གསེང་གསན་ཡོད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་གྲོང་ཁྱེར་གྱིས་ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་ཤར་བགྲོད་ཐུབ་པ་དང་དེ་བཞིན་པིན་ཅང་གཙང་པོའི་བརྗེ་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་བས། ཡང་ཕུའུ་པིན་ཅང་དེ་ཉིད་བཟོ་གྲྭའི་མཛོད་ཁང་གཙོ་བོར་བྱས་པའི་ཐོན་སྐྱེད་ཀྱི་རྣམ་པ་ནས་སྤྱི་གླིང་གི་སྤང་ལྗོངས་གཙོ་བོར་བྱས་པའི་འཚོ་བ་དང་། སྐྱེ་ཁམས། མཛེས་ལྗོངས་བཅས་ཀྱི་རྣམ་པ་ཞིག་ཏུ་གྱུར་བ་དང་།   དེ་སྔའི་བཟོ་གྲྭའི་གད་སྙིགས་ཁུལ་དེ་འཚོ་བ་སྐྱེལ་ཁུལ་རྩེ་གྲ་ཞིག་ཏུ་སྒྱུར་བཟོ་བྱས་པ་དང་།   ཧྲང་ཧའེ་ལ་མཛེས་སྡུག་པའི་ཡུལ་ལྗོངས་ཤིག་གསར་དུ་བསྐྲུན་ཡོད། ཞི་ཅིན་ཕིང་གིས།  རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ལྟ་བུ་ཡིན་ཞིང་། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ནི་མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་གསོག་འཇོག་བྱས་པ་ཞིག་ཡིན་ལ། གྲོང་ཁྱེར་གྱི་ནང་དོན་དང་། རྒྱུ་སྤུས། ཁྱད་ཆོས་བཅས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ་དང་། གྲོང་ཁྱེར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་རྒྱུན་མཐུད་བྱ་རྒྱུར་སྣང་ཆེན་བྱེད་པ། རྒན་རྒོན་ལ་བསྙེན་བཀུར་ཞུ་བ་ལྟར་གྲོང་ཁྱེར་ནང་གི་འཛུགས་སྐྲུན་རྙིང་པར་བརྩི་འཇོག་དང་གཅེས་སྤྲས་བྱེད་པ། གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་དྲན་ཤེས་སོར་འཇོག་བྱེད་པ། མི་རྣམས་ལ་ལོ་རྒྱུས་དང་ཕ་ཡུལ་གྱི་དྲན་འཆར་བློ་ལ་ངེས་པ་དང་། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ།  ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།
            ཞི་ཅིན་ཕིང་གིས་པིན་ཅང་ཟམ་པ་བརྒྱུད་ཞབས་ཐང་དུ་ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་ཀྱི་ཉམས་འགྱུར་ལ་གཟིགས་ཞིབ་གནང་བར་ཕེབས་པ་དང་། མི་ཆོས་རིག་གནས་ཀྱི་ལོ་རྒྱུས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྱུར་བའི་ཁྱད་ཆོས་མཁྱེན་རྟོགས་གནང་བ། ཆར་ཆུའི་མེ་ཏོག་ལྡུམ་རར་ཕེབས་ཏེ་གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་འགྱུར་བ་མང་པོར་ཁ་གཏད་གཅོག་མཁས་པའི་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད།   རླངས་འཁོར་ནང་ཞུགས་ཏེ་ཉ་པའི་གྲུ་ཁ་དང་ཡང་ཧྲུའུ་ཕུའུ་གྲུ་ཁ་རྙིང་པ་སོགས་ས་ཁམས་མཚོན་རྟགས་མཛེས་ལྗོངས་ལ་གཟིགས་ཞིབ་གནང་བ་དང་།  ཡང་ཕུའུ་ཆུས་ཀྱིས་པིན་ཅང་གཙང་པོའི་བར་ཁམས་དེ་ཚན་རིག་དང་མཐུན་པའི་སྒོ་ནས་སྒྱུར་བཀོད་དང་། མང་ཚོགས་ཀྱི་སྤྱི་པའི་སོས་དལ་བྱེད་སྒོ་སྤེལ་ཡུལ་གཏོད་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་ཡོད།   གཟིགས་སྐོར་གནང་རིང་སྤྲོ་གསེང་ལུས་སྦྱོང་བྱེད་བཞིན་པའི་གྲོང་མི་མང་པོ་དང་འཕྲད་སྐབས།  ཞི་ཅིན་ཕིང་གིས་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཡོད།  ཞི་ཅིན་ཕིང་གིས།  གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་ཡིན་པ་དང་། མི་དམངས་གྲོང་ཁྱེར་ནི་མི་དམངས་ཆེད་དུ་ཡིན་དགོས།  གྲོང་ཁྱེར་འཆར་འགོད་དང་ཡང་ན་གྲོང་ཁྱེར་འཛུགས་སྐྲུན་གང་ཡིན་པ་དང་།  ཡང་ན་གྲོང་ཁུལ་གསར་པ་འཛུགས་སྐྲུན་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་གང་ཡིན་རུང་།  ཚང་མས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་པ། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་ཁམས་གཏོད་པ། ནང་དོན་རང་བཞིན་དང་། ཞིབ་བསྡུས་རང་བཞིན།  ལྗང་མདོག་ཅན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། ལས་གཉེར་དང་། འཚོ་སྡོད། སྤྲོ་སྐྱིད། ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ནས།  མི་དམངས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་ཐབས་བྱས་ཏེ་མི་དམངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
            ཕུའུ་ཅང་གཙང་འགྲམ་དུ་གནས་པའི་མི་ཚང་མ་ཞུགས་ཆོག་པའི་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་ནི་སྒོ་དབྱེ་རྣམ་པའི་ཏང་འཛུགས་སྐྱོང་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པ་དང་། ཞི་ཅིན་ཕིང་གིས་ལས་དོན་མི་སྣ་དང་གྲོང་མིར་དེ་གར་གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་པའི་ཞབས་ཞུའི་གནས་ཚུལ་གང་འདྲ་ཡོད་མེད་སྐོར་བཀའ་འདྲི་ཞིབ་ཕྲ་གནང་ཡོད། དགུང་ལོ་དགུ་བཅུར་ཕེབས་པའི་ཏང་ཡོན་རྒན་གྲས། ངལ་རྩོལ་དཔེ་བཟང་རྒན་གྲས་ཤིག་གིས་སེམས་འགུལ་ཚད་མེད་ཐེབས་པའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཧྲང་ཧའེ་བ་ཞིག་ཡིན་ཞིང་། ཧྲང་ཧའེ་ཡི་ཀྲུང་གོ་རྙིང་པ་ནས་ཀྲུང་གོ་གསར་པ་བར་དང་། དེ་ནས་དུས་རབས་གསར་པར་སླེབས་པའི་བར་གྱི་འགྱུར་ལྡོག་ཆེན་པོར་དཔང་པོ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྤོབས་པ་ཚད་མེད་སྐྱེ་ཡི་འདུག་ཅེས་ཞུས། ཞི་ཅིན་ཕིང་གིས།   ཏང་ཡོན་རྒན་གྲས་ཁོང་ནས་གཞོན་ནུ་ཚོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས།  ལམ་ལུགས་ཀྱི་བློ་སྤོབས།  རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་རྒྱུའི་སྐོར་གསུངས་དགོས་པའི་སྐུལ་ལྕག་གནང་ཡོད། 
            ས་སྲོད་མཚམས་སུ། ཞི་ཅིན་ཕིང་ཁྲང་ཉིང་ཁུལ་ཧུང་ཆའོ་སྲང་ལམ་ཀུ་པེ་གྲོང་མི་ལྟེ་གནས་སུ་རྟོགས་ཞིབ་གནང་བར་ཕེབས་ཡོད། ཀུ་པེ་སྡེ་ཁུལ་དུ་རྒྱལ་ཁབ་དང་ས་ཁུལ་50ལྷག་ནས་ཡོང་བའི་གྲོང་མི་གནས་སྡོད་བྱེད་ཀྱི་ཡོད། ཞི་ཅིན་ཕིང་ནས་སྡེ་ཁུལ་དུ་ཡུལ་བབ་དམངས་འདུན་གྱི་ཐད་གཏོང་རླངས་འཁོར་དང་། གཞི་རིམ་གྱི་ཞབས་ཞུ་སྒྲུབ་མཁན་མང་ཚོགས་ཁྲིམས་འཛུགས་ལས་དོན་ཁྲོད་ཞུགས་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་མ་ཟད། ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་ཁྲོད་ཞུགས་མཁན་སྡེ་ཁུལ་གྱི་འཐུས་ཚབ་རྣམས་དང་མཛའ་བརྩེའི་བཀའ་མོལ་གནང་བ་དང་། ཁོང་གིས། ཁྱེད་ཚོའི་ཞབས་ཞུ་ས་ཚིགས་འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུགས་ས་ཚིགས་ཤིག་ཡིན་པས། ཁྱེད་ཚོས་སྡེ་ཁུལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས། ཏན་ཏན་ཏིག་ཏིག་ངང་ལས་དོན་སྤེལ་བ་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། མི་དམངས་ཀྱི་བློ་རིག་གཅིག་སྡུད་བྱས་པའི་དགེ་མཚན་ལྡན་པའི་འཚོལ་ཞིབ་མང་དག་བྱས་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པས། དེ་རྒྱུན་འཁྱོངས་དང་། སྲ་བརྟན། གོང་འཕེལ་བཅས་ལེགས་པོ་ཡོང་བ་བྱེད་པ་དང་། དམངས་འདོད་ཀྱི་ལན་ཆ་བྱེད་ཐབས་ཤར་གཏོང་དང་། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
            གྲོང་མིའི་འཚོ་བར་སྟབས་བདེ་བསྐྲུན་ཆེད། གྲོང་མི་ལྟེ་གནས་སུ་བཟའ་བཏུང་དང་། སྨན་བཅོས། ཁྲིམས་དོན་སོགས་ཆེད་ལས་ཞབས་ཞུ་ཚན་པ་མི་འདྲ་བ་མང་པོ་བཙུགས་ཡོད། ཞི་ཅིན་ཕིང་གིས་ཕྱི་ཕྱོགས་མི་སྣའི་ཞབས་ཞུའི་སྐར་ཁུང་དང་། བགྲེས་སོང་གི་ཞལ་ལག་མཆོད་ཡུལ་སོགས་ལ་རེ་རེ་བཞིན་གཟིགས་ཞིབ་གནང་ནས། སྡེ་ཁུལ་གྱི་འཚོ་བ་དང་། རིག་གནས། རྒན་གསོ་སོགས་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་རྒྱུས་ལོན་གནང་ཡོད། བགྲེས་སོང་གི་ཞལ་ལག་མཆོད་ཡུལ་དུ། ཞི་ཅིན་ཕིང་ནས་དེ་གར་ཞལ་ལག་མཆོད་བཞིན་པའི་གྲོང་མི་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་ནས། ཞལ་ལག་གི་བྲོ་བ་གང་འདྲ་ཡོད་མེད་དང་། རིན་གོང་གང་འདྲ་ཡིན་མིན། སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཐད་རེ་བ་གསར་པ་གང་ཡོད་མེད་སོགས་ཀྱི་ཐད་བཀའ་འདྲི་གནང་ཡོད། ཞི་ཅིན་ཕིང་གིས། གྲོང་ཁྱེར་བཅོས་སྒྲིག་བྱ་རྒྱུ་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་བྱེད་པར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། ཟས་གོས་འགྲོ་སྡོད་དང་། སློབ་གསོ་དང་ལས་ཞུགས། སྨན་བཅོས་དང་རྒན་གསོ། རིག་གནས་དང་ལུས་རྩལ། འཚོ་བའི་ཁོར་ཡུག སྤྱི་ཚོགས་བཅོས་སྒྲིག་སོགས་ཚང་མའི་ཐད་ནས་གྲོང་ཁྱེར་བཅོས་སྒྲིག་བྱེད་པའི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མངོན་ཡོད། ཏང་གི་རྩ་བའི་མཛད་ཕྱོགས་ཡིད་ལ་བརྟན་པོར་ངེས་པ་དང་། དམངས་ལ་རེ་བ་ཡོད་ན་དེར་ལན་ཆ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱི་བྱ་བ་ཆེ་ཆུང་ཚང་མ་ལེགས་པོ་སྒྲུབ་དགོས། གྲོང་ཁྱེར་བཅོས་སྒྲིག་བྱེད་པའི་གཙོ་གནད་དང་ཆ་སྦྱོར་ཐོན་ཁུངས་སྲང་ལམ་སྡེ་ཁུལ་དུ་ཕྱོགས་ལྷུང་བྱ་རྒྱུར་སྐུལ་འདེད་བཏང་ནས། གཞི་རིམ་གྱི་ཏང་འཛུགས་དང་། གྲོང་ཁྱེར་དོ་དམ། སྡེ་ཁུལ་བཅོས་སྒྲིག སྤྱི་པའི་ཞབས་ཞུ་སོགས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་ཐོག་གཅིག་སྡུད་བྱེད་པ་དང་། ཞིབ་མཆན་དང་། ཞབས་ཞུ། ཁྲིམས་འཛིན་སོགས་ཐད་ཀྱི་སྟོབས་ཤུགས་ལེགས་སྒྲིག་བྱས་ནས། ས་ཁོངས་ནང་ཁུལ་གྱི་མང་ཚོགས་ལ་དམིགས་པའི་ཞབས་ཞུ་སྒྲུབ་དགོས། ཞབས་ཞུ་སྒྲུབ་ལུགས་སྟབས་བདེ་ཅན་དུ་སྐུལ་འདེད་གཏོང་བ་དང་། ལས་དོན་སྒྲུབ་རིམ་ལེགས་སྒྱུར་བྱེད་པ། ལས་དོན་སྒྲུབ་པའི་ལྷུ་ཚིགས་ཉུང་དུ་གཏོང་བ། སྲིད་དོན་ཆ་འཕྲིན་མ་ལག་གི་ཐོན་ཁུངས་ལེགས་སྒྲིག་དང་མཉམ་སྤྱོད་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཞབས་ཞུའི་མཁོ་སྤྲོད་ཞིབ་ཚགས་ཅན་དུ་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་སྒྲུབ་ཡུལ་མང་ཚོགས་ཀྱི་འཇུག་སྒོ་དང་གཙོ་གནད་གནད་ལ་འཕིགས་པོས་འཚོལ་ཞིབ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པར་ཞབས་ཞུ་སྒྲུབ་པའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་བྱས་ནས། དམངས་འཚོའི་དོན་དངོས་གནད་དོན་རེ་རེ་བཞིན་ལེགས་པོས་སྒྲུབ་དགོས་ཞེས་བསྟན་གནང་ཡོད།
            སྡེ་ཁུལ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་སྤྲོ་སེམས་འཁོལ་པོས་གཞུང་ལམ་མཐའ་འཁོར་དུ་བསྡུ་རུབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་རེ་རེ་བཞིན་ཕྱག་བཏང་ནས་ཞལ་གྱེས་ཞུས་ཡོད།
            སྤྱི་ཚེས་3ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ནས་ལས་དོན་སྙན་གསེང་ཞུས་པ་གསན་རྗེས། ཧྲང་ཧའེ་ཡི་ལས་དོན་ཁག་ལ་གདེང་འཇོག་གང་ལེགས་གནང་ཡོད། ཁོང་ནས། ཧྲང་ཧའེ་ཡིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱུན་བསྲིངས་ལྷོད་མེད་དང་། ཡང་འབད་བསྐྱར་འབད་བྱས་ནས། དུས་རབས་གསར་པའི་ངོ་མཚར་གསར་པ་ཧུར་བརྩོན་ཆེན་པོས་གཏོད་དགོས་པའི་ཐུགས་རེ་གནང་ཡོད།
            ཞི་ཅིན་ཕིང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན། དོ་དམ། ཐོན་སྐྱེད། འཚོ་བ། སྐྱེ་ཁམས་སོགས་ཕྱོགས་ཁག་ཚང་མའི་ཐད་ནས་སྲིད་གཞུང་དང་སྤྱི་ཚོགས། གྲོང་མི་སོགས་ཕྱོགས་ཁག་གི་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱ་དགོས། འགག་རྩའི་ལས་དོན་འགའ་ཤིག་ལ་དམ་འཛིན་དང་། སྲིད་དོན་ཞབས་ཞུ་དྲ་བ་གཅིག་གི་ཐོག་གཉེར་བ་ཞེས་པ་དང་གྲོང་ཁྱེར་འཁོར་རྒྱུག་ལ་དྲ་བ་གཅིག་གིས་གཅིག་གྱུར་སྒོ་ནས་དོ་དམ་ཞེས་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་དང་གྲོང་ཁྱེར་བཅོས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། ཁ་ཐོར་རྣམ་པའི་ཆ་འཕྲིན་མ་ལག་སྡེབ་སྒྲིག་བྱས་ཐོག ལས་ལེན་ཁྲོད་སྤྱོད་གོ་ཆོད་པ་དང་། གཞི་རིམ་ལས་བྱེད་པས་བཀོལ་སྤྱོད་བྱ་རྒྱུར་དགའ་བ། མང་ཚོགས་ལ་ཕན་ཐོགས་པ་བཅས་བྱེད་དགོས། མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་ཆེས་ཐད་ཀར། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ལ་དམ་འཛིན་ནན་ཏན་བྱས་ཏེ། དམངས་འཚོའི་དཀའ་གནད་མངོན་གསལ་དོད་པ་དག་དམ་འཛིན་བྱེད་པ་དང་བྱ་བ་རེ་རེ་བཞིན་སྒྲུབ་པ། ལོ་དང་ལོ་བསྟུད་ནས་སྒྲུབ་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་མང་བ་ཡོང་བ་བྱེད་དགོས། ཏང་དང་སྲིད་གཞུང་གི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་། ཁེ་ལས་དང་མང་ཚོགས་ཀྱི་རྩ་འཛུགས། སྤྱི་ཚོགས་ཀྱི་སྒྲིག་འཛུགས་བཅས་ཧུར་ཐག་ཞུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ། རྒྱུན་མཐུད་ཀྱི་འཁོར་སྐྱོད་སྒྲིག་གཞི་འཛུགས་སྐྱོང་དང་འཚོལ་ཞིབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
            ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ཧྲང་ཧའེ་ལ་སྤྲད་པའི་ལས་འགན་གལ་ཆེན་གསར་པ་གསུམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལིང་གང་ཁུལ་གསར་གྱིས་བང་རིམ་དེ་བས་གཏིང་ཟབ་པ་དང་ཁྱབ་ཁོངས་སྔར་བས་རྒྱ་ཆེ་བ། ཤུགས་ཚད་སྔར་བས་ཆེ་བ་བཅས་ཕྱོགས་ཡོངས་ནས་ཆུ་ཚད་མཐོ་བའི་སྒོ་ཕྱེ་སྟེ། རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པའི་རྒྱལ་སྤྱིའི་གསར་གཏོད་མཐུན་སྦྱོར་གྱི་རྟེན་གཞི་གལ་ཆེན་དང་། ས་མཚམས་ནང་གི་ལས་སྒོ་དང་ས་མཚམས་ལས་བརྒལ་བའི་ལས་སྒོ་གཅིག་གྱུར་འཕེལ་རྒྱས་གཏོང་བའི་འགག་གནད་གལ་ཆེན། ཁེ་ལས་ཕྱིར་བསྐྱོད་ནས་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་མཆོང་སྟེགས་གལ་ཆེན། ཁྲོམ་ར་དང་ཐོན་ཁུངས་གཉིས་དེ་བས་ལེགས་པའི་སྒོ་ནས་བེད་སྤྱོད་གཏོང་བའི་བགྲོད་ལམ་གལ་ཆེན། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་ནང་ཞུགས་པའི་ཚོད་ལྟའི་སྟེགས་བུ་གལ་ཆེན་བཅས་སུ་འགྱུར་བ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལམ་ལུགས་དང་སྒྲིག་གཞི་གསར་གཏོད་དང་། ལམ་ལུགས་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཚན་གཏོད་སྟེགས་བུ་འཛུགས་པ་མ་ཟད་ཐོ་འགོད་ལམ་ལུགས་ཚོད་ལྟ་བྱེད་སྐབས་ངེས་གནས་བརྟན་སྲུང་བྱེད་པ་དང་། ཁྲོམ་རར་ཞུགས་པའི་ཀུང་སིའི་སྤུས་ཚད་མཐོ་རུ་གཏོང་བ། ཚན་རྩལ་འདུས་ཚད་མཐོ་བའི་ཁེ་ལས་ཁྲོམ་རར་ཞུགས་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་གཏོང་བ།  ཆ་འཕྲིན་ཟུར་གསལ་བྱེད་ཤུགས་ཆེ་རུ་གཏོང་བ། ལུགས་མཐུན་སྒོ་ནས་སྔོན་དཔག་ལ་ཁྲིད་སྟོན་བྱེད་པ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། འབྲི་ཆུའི་ཟུར་གསུམ་གི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་བ་ཆེ་རུ་གཏོང་བ་དང་། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་གཞི་གཅིག་ཅན་གྱི་གོང་འཕེལ་འཆར་འགོད་རྩ་གནད་ཅེས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས། རྣམ་གྲངས་གལ་ཆེན། སྟེགས་བུ་གལ་ཆེན་བཅས་ལ་དམིགས་ནས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཏོན་གནང་ཡོད།
            ཞི་ཅིན་ཕིང་གིས། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་མ་དངུལ་དང་། ཆ་འཕྲིན། ལག་རྩལ། ཤེས་ལྡན་མི་སྣ། དངོས་ཟོག་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བཀོད་སྒྲིག་ཧུར་ཐག་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་འགོ་འཛུགས་ས་དང་འགག་གཏོར་བྱེད་སར་བྱེད་པ་བཅས་བྱས་ནས། ཧྲང་ཧའེ་ཡི་དངུལ་རྩའི་ཁྲོམ་ར་རྒྱལ་སྤྱི་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་ཇུས་གཞིའི་འབྱུང་གནས་ཀྱི་ནུས་པ་ཤུགས་ཆེར་གཏོང་བ་དང་། ཚན་རིག་གི་ཤེས་རྟོགས་གསར་པ་དང་། ལག་རྩལ་གྱི་གསར་གཏོད་གསར་པ། ཐོན་ལས་ཀྱི་ཁ་ཕྱོགས་གསར་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཅས་མེད་པ་ནས་ཡོད་པའི་བར་མཆོང་སྐྱོད་ཐུབ་པ་བྱས་ནས། ཚན་རིག་གི་ཆོས་ཉིད་ཤེས་རྟོགས་བྱེད་མཁན་དང་པོ་དང་། ལག་རྩལ་གསར་གཏོད་ཀྱི་གསར་གཏོད་བྱེད་མཁན་དང་པོ། ཐོན་ལས་གསར་གཏོད་ཀྱི་གསར་འབྱེད་བྱེད་མཁན་དང་པོ། འདུ་ཤེས་གསར་གཏོད་ཀྱི་ལག་ལེན་པ་དང་པོ་བཅས་སུ་འགྱུར་བ་དང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་གི་ཐོག་མའི་གྲུབ་འབྲས་ཁག་གཅིག་ཐོབ་པ། འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་ཐུབ་པ་བཅས་བྱེད་དགོས། ཐོན་ལས་རྩེ་གྲའི་ཁྲིད་སྟོན་བྱེད་ནུས་ཆེ་རུ་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་ཀྱིས་གཙོ་བོ་བྱེད་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་འདེགས་སྐྱོར་བྱེད་པའི་འཐབ་ཇུས་ངེས་གནས་མཐའ་འཁྱོངས་བྱས་ཏེ། ཐོན་ལས་སྦྲེལ་ཐག་གི་ལྟེ་བའི་ལྷུ་ཚིགས་ཁོང་དུ་ཆུད་པ་དང་རིན་ཐང་སྦྲེལ་ཐག་གི་རྩེར་སོན་གནས་བབ་བཟུང་དགོས། སྒོ་དབྱེའི་ལྟེ་བའི་ཕྱོགས་ཁག་གི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་། འཕེལ་རྒྱས་ལ་སྐུལ་འདེད། གསར་གཏོད་ལ་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་དཔལ་འབྱོར་གྱི་རྒྱ་མཚོ་ཆེན་མོའི་ཁྲོད་མཆོངས་ནས་རྦ་ཀློང་དང་འཐབ་སྟེ་རང་ཉིད་སྟོབས་ཆེར་གཏོང་ཕོད་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཁག་དང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་དུས་མཚུངས་སུ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་དམ་འཛིན་ཡག་པོ་བྱ་དགོས་པ་མ་ཟད། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་ཏང་འཛུགས་སྐྱོང་གི་ཇི་སྲིད་བར་གྱི་བརྗོད་གཞི་དང་ཏང་ཡོན་ལས་བྱེད་པའི་ཚེ་གང་གི་བརྗོད་གཞི་སྟེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ཞེས་པར་རྟག་ཏུ་དམ་འཛིན་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་སློབ་སྦྱོང་བྱེད་པ་དང་། བཤད་པ། སྒྲུབ་པ་བཅས་ཕན་ཚུན་འབྲེལ་བ་མེད་པ་ཆགས་མི་རུང་ཞིང་། དེའི་ཕན་འབྲས་དངོས་བསྡུར་ཞིབ་བྱེད་པའི་རྩ་བའི་ཚད་གཞི་ནི་གནད་དོན་ཐག་གཅོད་བྱ་རྒྱུ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་གཙོ་གནད་གཞི་རིམ་དུ་ཡིན་པ་དང་། མང་ཚོགས་ཀྱི་སྒོ་འགྲམ་དུ་སྤེལ་དགོས་ལ། ལྷག་པར་དུ་བདེན་འཚོལ་དངོས་གཉེར་དང་། གནད་དོན་ལ་དམིགས་ནས་ལེགས་བཅོས་བྱས་ཏེ། མང་ཚོགས་ཀྱིས་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་ཚོར་ཐུབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་གི་ནང་བསམ་བློར་ངར་བླུག་པའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་ནན་པོ་ཐེག་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་རྨང་གཞི་བརྟན་གཏོང་དང་། ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་ཀྱི་བཙན་རྫོང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། ཧྲང་ཧའེ་ནི་རང་རེའི་ཏང་དབུ་བརྙེས་ས་ཡིན་པ་དང་། ཏང་དབུ་བརྙེས་རྗེས་ཏང་ཀྲུང་དབྱང་གི་ལས་ཁུངས་ཡུན་རིང་ཧྲང་ཧའེ་རུ་བཅའ་སྡོད་བྱས་ཡོད། ཧྲང་ཧའེ་ཡིས་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་དག་བརྗོད་དོན་གཙོ་བོའི་སློབ་གསོའི་གསོན་ཉམས་དོད་པའི་བསླབ་གཞིར་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་བཅས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཐོག་མའི་བསམ་འདུན་གྱི་མེ་སྟག་བརྒྱུད་སྤྲོད་དང་འགན་འཁྲི་ནམ་ཡང་ཕྲག་ཐོག་ཏུ་འཁུར་ཐུབ་པ་བྱེད་པ་དང་། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔོན་ཐོན་བརྩོན་ལེན་དང་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག