ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ཐུང་དང་མཇལ་མོལ་གནང་བ།

2019-11-12
              ཞི་ཅིན་ཕིང་དང་ཀེ་རི་སེའི་ཙུང་ཐུང་ཕ་ཧྥུ་ལུའོ་ཕུ་ལུའོ་སིས་མཇལ་མོལ་གནང་བ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སིར་ཀེ་རི་སེའི་ཙུང་ཐུང་ཕ་ཧྥུ་ལུའོ་ཕུ་ལུའོ་སི་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་གནའ་བོའི་ཤར་ནུབ་ཤེས་དཔལ་རྒྱལ་ཁབ་ཀྱི་བློ་གྲོས་ལེགས་སྐྱེས་འབུལ་རྒྱུའི་མོས་མཐུན་གནང་ཡོད།
              ཞི་ཅིན་ཕིང་གིས། ངོས་ནས་ཤེས་དཔལ་ལ་བརྩི་བཀུར་དང་འབྱུང་འགྱུར་ལ་རེ་སྒུག་བཅངས་ནས་ཀེ་རི་སེར་ཡོང་ཡོད། ཁྱེད་རང་བར་སྤེལ་རེས་ཞུ་ཐེངས་རེ་རེ་དང་། ཀྲུང་གོ་དང་ཀེ་རེ་སིའི་བར་སྤེལ་རེས་བྱེད་ཐེངས་རེ་རེས། ཕྱོགས་གཉིས་ཀར་གྲོགས་བཟང་འཕྲད་དུས་དུས་ཚོད་ཐུང་བའི་སྐྱོན་ཞེས་པ་ལྟར་གྱི་མྱོང་ཚོར་ཡོང་གི་ཡོད། དེ་ནི་ཀྲུང་གོ་དང་ཀེ་རི་སེ་ནི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས། འདུ་ཤེས་ཐད་ཕན་ཚུན་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད་ལ། གཉིས་ཀ་ནི་དཀའ་ཚེགས་ཆེ་བའི་འབད་འཐབ་བྱས་པ་བརྒྱུད་གཞི་ནས་རྒྱལ་ཁབ་དེང་རབས་ཅན་གྱི་གོང་འཕེལ་མངོན་འགྱུར་ཐུབ་པས་ཡིན། ཕན་ཚུན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་པ་ནི་ཤེས་དཔལ་གོང་འཕེལ་འགྲོ་བའི་ངོ་བོའི་བླང་བྱ་ཡིན། ཀྲུང་གོ་དང་ཀེ་རེ་སིའི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཙམ་མི་ཡིན་པར་ཤེས་དཔལ་ཆེན་པོ་གཉིས་ཀྱི་སྤེལ་རེས་ཀྱང་ཡིན། དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་དཀའ་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པས། ངོས་ནས་རྒྱལ་ཁབ་གཉིས་པོས་ཐུན་མོང་འབད་བརྩོན་དང་མཉམ་ལས་གཏིང་ཟབ་བྱས་པ་བརྒྱུད། བར་ཁམས་བརྒལ་བའི་ཤེས་དཔལ་གྲུབ་འབྲས་ཀྱི་ཐོག་ནས། མཉམ་སྡུད་མཉམ་གསོག་གི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་དང་། སྔར་བས་དྲང་བཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་དར་སྤེལ་བཏང་ཐོག ཀྲུང་གོ་དང་ཀེ་རེ་སི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་གཉིས་པོས་དུས་རབས་གསར་པར་འོད་སྟོང་གསར་པ་འཕྲོ་ཐུབ་པ་བྱེད་དགོས་པ་སྟེ།
              དེ་ཡང་གཅིག་ནི། མཛའ་གྲོགས་དང་། ཕན་ཚུན་ཡིད་ཆེས། གཉིས་ཕན། མཉམ་རྒྱལ་བཅས་ཀྱི་མིག་དཔེ་བཟང་པོ་གཏོད་དགོས། མཐོ་རིམ་བར་སྤེལ་རེས་དམ་ཟབ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་གཙོ་གནད་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་མུ་མཐུད་ཕ་རོལ་ལ་འགྱུར་མེད་རྒྱབ་སྐྱོར་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་སྐམ་མཚོའི་མགྱོགས་ལམ་དེ་ཉིད་ཀྲུང་གོ་དང་ཡོ་རོབ་ཀྱི་ཟོག་འདྲེན་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་གལ་ཆེའི་བགྲོད་ལམ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། རིག་གནས་དང་ཨོ་ལིན་ཕི་ཀའི་ལུས་རྩལ་འགྲན་ཚོགས་སོགས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་དམ་ཟབ་བྱེད་པ་དང་། མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་དགོས།
              གཉིས་ནི། སྒོ་དབྱེ་དངོས་གཉེར་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་བཟང་པོ་གཏོད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀེ་རི་སེ་དང་ལྷན་དུ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་ཧྲིལ་པོའི་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད།
              གསུམ་ནི། རིག་གནས་སྤེལ་རེས་དང་ཤེས་དཔལ་དཔྱད་གཞིར་འཛིན་པའི་མིག་དཔེ་བཟང་པོ་གཏོད་དགོས། མིའི་རིགས་ཀྱིས་བླ་ན་མེད་པའི་བསམ་པའི་འཁྱེར་སོ་འཛིན་པ་དང་དེར་རེ་སྙེགས་བྱེད་པ་ལས་རང་ཕན་རིང་ལུགས་ཁོ་ན་དར་སྤེལ་བཏང་སྟེ་ཁེ་ཕན་ཁོ་ན་རེ་སྙེགས་བྱེད་མི་རུང་། ཀྲུང་གོ་བས་གནའ་སྔ་མོ་ནས་བཟུང་རང་གིས་སྒྲུབ་མི་འདོད་པ་གཞན་ལ་བྱེད་དུ་མི་འཇུག་པ་དང་། གནམ་འོག་སྤྱི་ལ་དབང་བ་ཡིན་པ། སྤྱི་འབངས་ཞི་བདེར་རོལ་རྒྱུ་བཅས་ཀྱི་འདུ་ཤེས་འཛིན་པ་ལས། རྒྱལ་ཁབ་སྟོབས་ཆེར་ཕྱིན་ན་བཙན་འགེབས་བྱེད་ངེས་པའི་འདུ་ཤེས་རྩ་བ་ནས་འཛིན་གྱི་མེད་ལ། ང་རྒྱལ་གཞན་ཕམ་གྱི་འགྲན་རྩོད་ལ་ཁས་ལེན་བྱེད་ཀྱི་མེད། དེ་ལྟར་མི་བྱེད་པའི་རྒྱུ་མཚན་ཡང་ཀྲུང་གོ་བར་གནའ་སྔ་མོ་ནས་དེ་ལྟ་བུའི་རིག་གནས་ཀྱི་གཞི་རྒྱུ་མེད་པས་རེད་ལ། དེ་ལྟ་བུའི་ཧམ་སེམས་ཀྱང་མེད་པས་རེད། ཀྲུང་གོ་གོང་འཕེལ་ཕྱིན་པ་ནི་སྔ་བར་ཕྱི་གསུམ་དུ་འཛམ་གླིང་ཞི་བདེའི་སྟོབས་ཤུགས་ཇེ་ཆེར་ཕྱིན་པ་ལས་བྱུང་བ་ཞིག་རེད། ཀྲུང་གོ་དང་ཀེ་རེ་སི་གཉིས་ཀས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཤེས་དཔལ་གདོང་ཐུག་སྨྲ་བར་ངོ་རྒོལ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མུ་མཐུད་རང་སོའི་རིག་གནས་ཀྱི་རྨང་གཞི་ཟབ་པའི་བཟང་ཆ་འདེན་སྤེལ་བྱས་ནས། ཤེས་དཔལ་མི་འདྲ་བ་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་ཞི་མཐུན་མཉམ་གནས་ཐུབ་པའི་ལམ་བུ་ཞིག་ཐུན་མོང་ཐོག་བཏོད་ནས། དེང་གི་འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་སྒོ་འབྱེད་སྔར་ལས་ལྷག་པ་བྱེད་དགོས།
              བཞི་ནི། མཐུན་སྦྱོར་རོགས་ལས་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་མིག་དཔེ་བཟང་པོ་གཏོད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུར་དོན་གཉེར་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
              ཕ་ཧྥུ་ལུའོ་ཕུའུ་ལུའོ་སིས། ཀེ་རི་སེའི་མི་དམངས་ནས་ཀྲུང་གོར་བཅོས་མིན་གྱི་སྙིང་ཉེ་བའི་ཚོར་སྣང་ཞིག་ཡོད། དེའི་རྒྱུ་མཚན་ནི་ཀེ་རི་སེ་དང་ཀྲུང་གོ་ནི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་གཉིས་ཡིན་པས་རེད། ཀེ་རི་སེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70སོང་རིང་ཐོབ་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་སྙིང་དབུས་ནས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ཀེ་རི་སེ་དང་ཀྲུང་གོས་ཤེས་དཔལ་མི་འདྲ་བའི་བར་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། སྐྱོན་སྤངས་དགེ་སྒྲུབ། སྤེལ་རེས་དང་གླེང་མོལ། ཞི་བདེ་མཉམ་གནས་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། ཀེ་རི་སེས་ཤེས་དཔལ་གྱི་གདོང་གཏུག་སྨྲ་བ་ཞེས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་དོན་ངོ་མའི་ཐོག་གི་ཤེས་དཔལ་བར་གདོང་ཐུག་མི་ཐོན་པ་དང་། གདོང་ཐུག་གིས་གནད་དོན་ཐག་གཅོད་བྱེད་མི་ཐུབ་པས་ཀྱང་རེད། རྒྱལ་ཁབ་ཅིག་གིས་ཤེས་དཔལ་གདོང་གཏུག་སྨྲ་བ་ཞེས་པར་བརྟེན་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་བྱེད་པ་ནི་ཁུངས་ལུང་མེད་པ་དང་གནོད་པ་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་། ཡང་ན་དེང་གི་ཀྲུང་གོ་ཉིན་བཞིན་སྒོ་དབྱེ་དང་ཡར་རྒྱས། འཕེལ་རྒྱས་འགྲོ་བའི་དོན་དངོས་གང་ཞིག་ཡིན་རུང་། ཀྲུང་གོས་ཤེས་དཔལ་གདོང་གཏུག་སྨྲ་བ་ཞེས་པ་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ན་ངེས་པར་དུ་བཙན་འགེབས་བྱེད་ངེས་ཞེས་པར་རྒོལ་ལན་ནུས་ལྡན་སློག་ཡོད། མིག་སྔར་ངེས་མེད་རང་བཞིན་གྱིས་ཁེངས་པའི་འཛམ་གླིང་ཐོག ཀྲུང་གོས་ཞི་བདེ་དང་འཆམ་མཐུན། དོ་སྙོམས་བཅས་ཀྱི་འདོད་ཚུལ་འཛིན་ནས། འཛམ་གླིང་རང་བཞིན་གྱི་གནད་དོན་སྣ་ཚོགས་ཐག་གཅོད་ཐུབ་ཆེད་ནུས་ཡོད་ཀྱི་དཔྱད་གཞི་དང་ཇུས་གཞི་མཁོ་འདོན་བྱས་ཡོད། ཀེ་རི་སེས་མུ་མཐུད་དེ་ཀྲུང་གོའི་ཕྱོགས་ནས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་དང་། ཀྲུང་གོའི་བར་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། ཀྲུང་གོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེས་ཀེ་རི་སེ་དང་ཀྲུང་གོའི་འབྲེལ་བ་དུས་རབས་གསར་པར་སླེབས་རྒྱུ་དང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཐེབས་རྒྱུའི་ཡིད་ཆེས་ཡོད། ཀེ་རི་སེ་ཕྱོགས་ནས་མུ་མཐུད་དེ་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཡོ་རོབ་དབུས་ཤར་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་རྒྱལ་ སྤྱིའི་གཞུང་དྲང་དྲང་བདེན་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
              མཇལ་མོལ་མ་གནང་གོང་། ཕ་ཧྥུ་ལུའོ་ཕུའུ་ལུའོ་སིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་ཡོད།
              ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཕེབས་འབྱོར་ཟིན་སྐབས། ཕ་ཧྥུ་ལུའོ་ཕུའུ་ལུའོ་སི་དང་སྐུ་ཟླ་ཧྥོ་ལ་ཤིས་ཡ་རྣམ་གཉིས་ནས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་གནང་ཡོད།
              གཟབ་སྦྲེང་དམག་གིས་སྲོལ་རྒྱུན་གྱི་གཟབ་མཆོར་སྤྲས་ནས་གྲལ་འགྲིག་པོས་བསུ་བ་ཞུས་ཡོད། ཞི་ཅིན་ཕིང་ནས་ཕ་ཧྥུ་ལུའོ་ཕུའུ་ལོ་སི་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ནས་ཁག་སོ་སོར་ཕ་རོལ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་རེ་རེ་བཞིན་ཕྱག་བཏང་གནང་ཡོད།
              ཉིན་དེ་གར། ཞི་ཅིན་ཕིང་ནས་ཀེ་རི་སེའི་མིང་མེད་འཐབ་འཛིང་པའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་གནང་ཡོད།
              ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག