ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་སར་ཝ་ཏོལ་གྱི་ཙུང་ཐུང་པུ་ཁེར་དང་མཇལ་མོལ་གནང་བ།

2019-12-05
     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་སར་ཝ་ཏོལ་གྱི་ཙུང་ཐུང་པུ་ཁེར་དང་མཇལ་མོལ་གནང་བ་རེད།
      མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་སྤེལ་ནས་སར་ཝ་ཏོལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པུ་ཁེར་གྱིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ས་ཀྲུང་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།
     པུ་ཁེར་ནས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན། རྒྱལ་དོན་ཨུ་ཡོན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པེའོ་དང་ཧོ་ལི་ཧྥུང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད་པ་རེད། པུ་ཁེར་ལ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། དཔལ་འབྱོར་པུའི་པུའུ་ཀྲང་། ཞིང་འབྲོག་ལས་པུའི་པུའུ་ཀྲང་། ཡུལ་སྐོར་པུའི་པུའུ་ཀྲང་སོགས་ཡོད། པུ་ཁེར་ནི་ཞི་ཅིན་ཕིང་ནས་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བ་ཞིག་ཡིན།
     དགའ་བསུ་ཞུ་བའི་མཛད་སྒོ་གྲོལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཙུང་ཐུང་པུ་ཁེར་དང་མཇལ་མོལ་གནང་ཡོད། ཞི་ཅིན་ཕིང་གིས་པུ་ཁེར་ནས་ ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་བར་དགའ་བསུ་ཞུས་གནང་ཡོད།
      ཞི་ཅིན་ཕིང་གིས། ཀྲུང་གོ་དང་སར་ཝ་ཏོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དང་དེ་འཕེལ་རྒྱས་བཏང་བ་ནི་རྒྱལ་ཁབ་གཉིས་པོའི་འགྲོ་འོང་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན་ཞིང་། ཕྱོགས་གཉིས་མཉམ་ལས་ཀྱི་སྒོ་མོ་ཕྱེ་བ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་གཅིག་སོང་རིང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་པ། ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད། སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོ་དང་སར་ཝ་ཏོའི་བར་གྱི་འབྲེལ་བ་སྲུང་སྐྱོང་དང་གོང་འཕེལ་གཏོང་བའི་ཡང་དག་པའི་གཏན་འབེབས་གནང་བའི་ཐོག་ནས་ཆབ་སྲིད་མཁས་ཅན་གྱི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་ལོ་རྒྱུས་ཀྱི་འགན་སེམས་མངོན་ཡོད་ཅེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་ཆས་དང་། ཞིང་ལས། སྤུས་བཤེར། ནུས་རྒྱུ། ཆུ་བེད། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དམངས་འཚོའི་བཀྲག་མདངས་འཚེར་ས་བཏོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོས་སར་ཝ་ཏོར་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་འདོད་ཡོད། སར་ཝ་ཏོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཞུགས་ནས་རྒྱལ་ཁབ་གཉིས་པོའི་གསབ་རེས་ཀྱི་ལེགས་ཆ་དེ་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་བ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་སར་ཝ་ཏོལ་ནས་མངར་ཆ་དང་ཀོག་ཧྥེ་སོགས་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས། བཟོ་ཚོང་། གཞོན་ནུ། རིག་མཛོད། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་སྤེལ་རེས་བྱེད་དགོས། ཀྲུང་གོར་འཚམས་འདྲིར་ཕེབས་མྱོང་བའི་སར་ཝ་ཏོལ་གྱི་གྲོགས་པོ་མང་པོ་ཞིག་གིས་ཀྲུང་གོར་མ་ཡོང་གོང་ཀྲུང་གོར་ཆ་རྒྱུས་ཅི་ཡང་མེད་ཀྱང་། ཀྲུང་གོར་ཡོང་རྗེས་ཀྲུང་གོར་དགའ་མཁན་ཞིག་ཏུ་གྱུར་སོང་ཞེས་གསུངས་ཀྱི་ཡོད། ང་ཚོས་སར་ཝ་ཏོལ་གྱི་ལས་རིགས་ཁག་གི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་གཟིགས་སྐོར་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྤེལ་རེས་དང་ཕན་ཚུན་ཤེས་རྟོགས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་སར་ཝ་ཏོའི་བར་གྱི་འབྲེལ་བར་དེ་བས་རྒྱ་ཆེ་བའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་འདིང་རྒྱུ་དང་། ཀྲུང་སའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།
     པུ་ཁེར་གྱིས། སར་ཝ་ཏོའི་མི་དམངས་ཀྱིས་ང་རང་ད་ཐེངས་ཀྲུང་གོར་འཚམས་འདྲི་ཞུ་བར་བཅར་བར་ཚད་མཐོའི་དོ་ཁུར་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་གཅིག་ཡིན་པ་དང་། རྒྱལ་སྤྱིའི་གར་སྟེགས་ཐོག་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་དང་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་ངས་ཡིད་སྨོན་ཆེན་པོ་ཞུ་གི་ཡོད། མ་གཞི་ས་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་དུས་ཚོད་རིང་པོ་མེད། འོན་ཀྱང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ཕྱོགས་གཉིས་པོར་ཕན་ཚུན་དབར་གྱི་རོགས་ཟླ་ཡག་པོ་དང་གྲོགས་པོ་ཡག་པོ་ཞིག་ཏུ་གྱུར་བ་བྱ་རྒྱུའི་ནུས་པ་ཡོངས་སུ་ལྡན་ཡོད། ཀྲུང་གོ་ལྟ་བུའི་རླབས་ཆེན་གྱི་རྒྱལ་ཁབ་དང་གྲོགས་པོ་བློས་ཐུབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དེས་སར་ཝ་ཏོའི་རྒྱལ་ཁབ་འཕེལ་རྒྱས་ལ་གོ་སྐབས་སྦྱིན་ཐུབ་པ་དང་། སར་ཝ་ཏོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཡུན་རིང་གི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས། ས་ཀྲུང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་དང་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེན་གཞན་དག་བར་འགལ་བ་མེད་པ་བྱས་ཏེ། ལ་ཏིང་ཨ་མེ་རི་ཁ་གླིང་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཀྲུང་གོའི་ཞི་བའི་གཅིག་གྱུར་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སར་ཝ་ཏོའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སར་ཝ་ཏོས་ཀྲུང་གོའི་བར་མ་འཇོག་དང་། ཉོ་ཚོང་། རྨང་གཞིའི་སྒྲིག་ཆས། ཞིང་ལས། ཡུལ་སྐོར། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ང་རང་གི་འཚམས་འདྲི་འདི་ས་ཀྲུང་འབྲེལ་བའི་འགོ་འཛུགས་ས་གསར་པར་གྱུར་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།
     མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སར་ཝ་ཏོལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་ཞེས་པ་སྤེལ་ཡོད་པ་རེད།
     སྤྱི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་སར་ཝ་ཏོལ་གྱི་ཙུང་ཐུང་པུ་ཁེར་དང་མཇལ་མོལ་གནང་བ།
རྩོམ་སྒྲིག་པ།སྣང་རྡོར།
འབྲེལ་ཡོད་རྩོམ་ཡིག