ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་སྤྱི་པའི་འཕྲོད་བསྟེན་གྱི་འགོག་སྲུང་དྲ་བ་བརྟན་པོ་དང་དམ་པོ་བསྐྲུན་དགོས་པའི་ནན་བཤད་གནང་བ།

2020-05-26
         ཟླ་5ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཧུའུ་པེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཧུའུ་པེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་རིམས་ནད་ཚབས་ཆེན་དང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་ཉེན་ཁ་འགོག་ཟོན་དང་སེལ་རྒྱུ་དེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཀྱི་ཆབ་སྲིད་སྤྱི་ཡོངས་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། དེར་བརྟེན། སྤྱི་ཡོངས་ནས་ཇུས་འགོད་དང་། མ་ལག་བསྐྱར་བཟོ། ཕྱོགས་ཡོངས་ནས་མཐོར་གཏོང་བཅས་མཐའ་འཁྱོངས་བྱེད་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་སྒྱུར་བཅོས་བྱེད་པ། རིམས་ནད་བརྟག་ཞིབ་དང་ཉེན་ཟོན་སྔོན་བརྡ་དང་འཕྲལ་སྡོམ་བརྡ་ལན་གྱི་ནུས་པ་ཆེ་རུ་གཏོང་བ། རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་གཏིང་ཟབ་སྤེལ་བ་བཅས་བྱས་ནས། སྒྲིག་སྲོལ་ལམ་སྲོལ་གྱི་རིམ་ངོས་ནས་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་ཚོགས་རར་ཕེབས་སྐབས། འཐུས་མི་ཡོངས་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
         ལུའོ་ཅེ་དང་། ཡན་ཀྲི། ཀྲང་ཝུན་ཞི། སུང་ཆིང་ལི། ཡུས་ཁྲེང་བཅས་འཐུས་མི་ལྔ་ཡིས་ཁག་སོ་སོར་སྤྱི་པའི་འཕྲོད་བསྟེན་མ་ལག་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། རི་ཁུལ་དབུལ་པོའི་འགྲིམ་འགྲུལ་ཆེ་མོའི་འཛུགས་སྐྲུན་དང་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་མངོན་པ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བཏོན་པ་དང་། ཞི་ཅིན་ཕིང་གིས་འཐུས་མི་ཚོ་དང་ལྷན་དུ་སྤེལ་རེས་གཏིང་ཟབ་གནང་བ་རེད།
         འཐུས་མིའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གཏམ་བཤད་གནང་ཞིང་། དང་ཐོག་ཁོང་གིས་ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། བློས་གཏོང་ཡང་ཧ་ཅང་ཆེན་པོ་བྱས་ཡོད། ཝུའུ་ཧན་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་གྲོང་ཁྱེར་ཞིག་དང་། ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་མི་དམངས་རེད་ཅེས་གསུངས་པ་དང་འབྲེལ། ཁོང་གིས་འདིར་བཞུགས་པའི་འཐུས་མི་རྣམ་པ་དང་ཧུའུ་པེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། མངའ་ཁོངས་ཕྱི་ལ་རིམས་ནད་མཆེད་ཚུལ་སྔར་བཞིན་བཀག་འགོག་ནུས་ལྡན་ཐུབ་མེད་པ་དང་། རྒྱལ་ནང་གི་ས་ཁུལ་ཁ་ཤས་སུ་འདུ་འཛོམས་རང་བཞིན་གྱི་རིམས་ནད་སྔར་བཞིན་གནས་ཡོད། ད་དུང་ཧུའུ་པེར་ནད་དཔེ་ཐར་ཐོར་ཡང་སེ་ཐོན་པ་དང་ནད་རྟགས་མེད་པའི་རིམས་ནད་ཕོག་པའི་མི་སྣ་ད་དུང་ཉིན་ལྟར་ཐོན་གྱི་ཡོད།
         ཨི་ཁུང་ཆུང་ཡང་རླུང་བུ་ཆེན་པོ་ཤོར། དེས་ན། དུས་རྟག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རིག་པ་ལྕགས་སྐུད་བཞིན་བསྒྲིམས་ནས་མཇུག་བསྡུ་དུས་འགོ་མཇུག་གཙང་འགྲིལ་དང་ཡང་འབད་བསྐྱར་འབད་ཀྱིས། རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྐང་རྗེས་ལག་སུབ་གཏན་ནས་གཏོང་རྒྱུ་མེད།
         ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཡོངས་ཀྱི་རིམས་ནད་ཚབས་ཆེ་ཤོས་དང་དོ་དམ་ཚོད་འཛིན་དུས་ཚོད་རིང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས། ཧུའུ་པེར་དཔལ་འབྱོར་བསྐྱར་དར་ཐད་དཀའ་ངལ་ཆེ་ཙམ་འཕྲད་ཡོད། དེ་དང་ཆབས་ཅིག ཧུའུ་པེའི་དཔལ་འབྱོར་ཡུན་རིང་ཡར་འཕེལ་གྱི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། ལོ་མང་བསགས་པའི་ཕྱོགས་བསྡུས་ཀྱི་ལེགས་ཆར་འགྱུར་བ་བྱུང་མེད་ལ། རྒྱལ་ཁབ་དང་ས་ཁོངས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་གནས་བབ་གལ་ཆེན་ལའང་འགྱུར་བ་བྱུང་མེད། ཏང་ཀྲུང་དབྱང་གིས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྦབ་ཆ་གཅིག་ཞིབ་འཇུག་གཏན་འཁེལ་བྱས་ཡོད་པས། ཧུའུ་པེའི་བློ་མཐུན་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འབད་འབུངས་ཧུར་ལེན་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་གང་ལེགས་འཕེལ་བར་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་པ་བཅས་བྱས་ཏེ། ཧུའུ་པེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། ཧུའུ་པེ་ཞིང་ཆེན་གྱི་ལས་འགན་གལ་ཆེ་ཤོས་ནི། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་དེ་ཡིན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་རྒྱུན་རྣམ་ཅན་གྱི་གནད་སྨིན་སྔོན་འགོག་དང་ཚོད་འཛིན་དང་ཆ་ཤས་འཕྲལ་སྡོམ་ཐག་གཅོད་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། བརྟག་དཔྱད་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཚོང་ལས་དང་ཁྲོམ་ར་སླར་གསོ་བྱེད་མགྱོགས་སུ་གཏོང་བ་དང་། གཙོ་གནད་ཐོན་ལས་འཁོར་སྦྲེལ་དང་། སྣེ་འདྲེན་ཁེ་ལས། མ་འཇོག་རྣམ་གྲངས་གལ་ཆེན་བཅས་ལ་དམིགས་ནས་གནད་སྨིན་ཇུས་འདོན་བྱེད་པ། ཐོན་ལས་འཁོར་སྦྲེལ་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་ཐོན་པའི་འགག་གནད་དང་དཀའ་གནད་ཐག་གཅོད་ཧུར་ཐག་བྱེད་རོགས་བྱེད་པ། ཁེ་ལས་དང་ལྷག་དོན་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་འཕྲད་པའི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ། འཛད་སྤྱོད་ལ་ངར་སྐུལ་བྱེད་པའི་བྱ་ཐབས་ཁག་དུས་ཚོད་དམ་འཛིན་གྱིས་འདོན་པ་དང་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། “འགན་ལེན་དྲུག”གི་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་དང་། གཞི་རྩའི་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་འགན་སྲུང་དང་། སྨན་བཅོས་འགན་ལེན། ལས་ཞུགས་སོགས་ཐད་ཀྱི་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་པ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐ་སྐྱོང་འགན་ལེན་གྱི་ལས་དོན་དོན་འཁྱོལ་ཡག་པོ་བྱེད་པ། མི་འབོར་དབུལ་པོ་ལྷག་འཕྲོ་དབུལ་སྒྲོལ་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་པ་བཅས་བྱས་ཏེ་རིམས་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་རང་ལོག་ཐེབས་རྒྱུ་གཏན་འགོག་བྱེད་དགོས། ཐོན་སྲིད་པའི“རིམས་ནད་རྗེས་ཀྱི་ཕྱོགས་བསྡུས་ནད་རྟགས”སེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་དྲག་སྐྱེད་བྱུང་བའི་ནད་པར་བདེ་ཐང་སླར་གསོ་དང་སེམས་གསོ་གཏོང་བའི་ལས་དོན་དང་དེ་བཞིན་ནད་གཞིས་རྐྱེན་པས་གྲོངས་མཁན་གྱི་ནང་མིར་སེམས་གསོའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་རིམས་ནད་ཀྱིས་རྐྱེན་པས་ཁེ་ཕན་ལ་གྱོང་གུན་ཕོག་པའི་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཚན་པ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་ཧུའུ་པེའི་རིམས་ནད་རྗེས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བསྐྱར་འཕེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། སྲིད་ཇུས་ཀྱི་བྱ་ཐབས་ཁག་ཧུའུ་པེར་སྔ་ཙམ་དོན་འཁྱོལ་དང་། སྔ་ཙམ་ཕན་འབྲས་ཐོན་པ། སྔ་ཙམ་ཕན་པ་ཐོབ་པ་བཅས་བྱས་ཏེ་སྲིད་ཇུས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས།
         ཞི་ཅིན་ཕིང་གིས་གསུངས་དོན། ད་ཐེངས་རིམས་ནད་ལ་ཁ་གཏད་གཅོག་སྐབས། རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་དང་སྨན་བཅོས་ཞབས་ཞུའི་མ་ལག་གིས་ནུས་པ་གལ་ཆེན་ཐོན་ཡོད། ཡིན་ནའང་ཞན་ཆ་དང་མི་འདང་ས་ཁ་ཤས་ཐོན་ཡོད། ང་ཚོས་གནས་པའི་གནད་དོན་ལ་མཐོང་ཆེན་བྱེད་པ་དང་། སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཚོད་དམ་འཛིན་གྱིས་ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། སྔོན་འགོག་ནི་སྤྱོད་གོ་ཆེ་ཤོས་ཀྱི་བདེ་ཐང་གི་ཐབས་ཇུས་ཤིག་ཡིན། དེ་བས་གནད་སྨིན་དང་དེ་བས་ནུས་ལྡན་ངང་སྔོན་འགོག་བྱ་རྒྱུར་གཞི་བཙུགས་ཏེ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ་དང་། སྨན་བཅོས་དང་སྔོན་འགོག་མཉམ་སྒྲུབ་ཀྱི་ལམ་སྲོལ་གསར་གཏོད་བྱེད་པ། རིམ་ཁག་སྨན་བཅོས་སྒྲིག་གཞིའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ། འགོས་ནད་ཕོག་ཚུལ་དང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་སྙན་སེང་ཞུ་བའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ནད་ཡམས་སྔོན་འགོག་སྒྲིག་གཞི་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དབར་གྱི་མཉམ་སྒུལ་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་བརྟག་དཔྱད་ཉེན་ཟོན་སྔོན་བརྡའི་འགག་རྩ་ནི་དུས་ཐོག་དང་གནད་འཁེལ་ཡིན། ནད་རྐྱེན་མི་གསལ་བའི་ནད་ཡམས་དང་རྒྱུན་ལྡན་མིན་པའི་བདེ་ཐང་དོན་རྐྱེན་ལ་བརྟག་ཞིབ་བྱེད་པའི་ལམ་སྲོལ་ལེགས་བཅོས་བྱེད་པ་དང་། དཔྱད་དཔོག་དང་བརྟག་ཞིབ་ཀྱི་ཚོར་སྐྱེན་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ། རིག་ནུས་ཅན་གྱི་ཉེན་ཟོན་སྔོན་བརྡ་གནད་མང་འཕྲད་ཐོན་ལམ་སྲོལ་འཛུགས་པ། ཐབས་ལམ་མང་བའི་བརྟག་ཞིབ་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁར་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་བྱེད་པ། འགོས་ནད་སོགས་རིམས་ནད་ཚབས་ཆེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་གསོ་སྦྱོང་དང་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཅན་གྱི་རིམས་འགོག་མ་ལག་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་ཀྱི་ལམ་སྲོལ་འཛུགས་པ་བཅས་བྱས་ནས་འཐབ་ས་དང་པོའི་རིམས་འགོག་མི་སྣའི་གཟི་བརྗིད་ཚོར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས།
         ཞི་ཅིན་ཕིང་གིས་གསུངས་དོན། བབ་བསྟུན་གནས་བབ་འོག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྐུལ་སློང་བརྡ་ལན་དང་། ས་ཁོངས་མཉམ་འགུལ། མི་སྣ་སྐོང་བསྡུ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པ་དང་། རིམ་པ་བགོ་བ་དང་། རིམ་པ་དབྱེ་བ། ཁ་འགྲེམས་པ་བཅས་ཀྱི་རིམས་ནད་ཚབས་ཆེན་སྐྱོབ་བཅོས་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་གསོ་རིག་ལྟེ་གནས་དང་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ནད་ཡམས་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཚན་ཞིབ་འགག་སྒྲོལ་མ་ལག་དང་བཀོད་ཇུས་བྱེད་སྟངས་ལེགས་སུ་གཏོང་བ། 《སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་དངོས་ཟོག་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》སྒྲིག་འཛུགས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱེད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མ་ལག་འཐུས་སྒོ་ཚང་བ་དང་། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ། འཁོར་རྒྱུག་ནུས་ཆེ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གང་མགྱོགས་གཏོད་པ་དང་། འགན་དབང་ཁ་གསལ་དང་། གོ་རིམ་ཚད་ལྡན། ལག་བསྟར་ནུས་ལྡན་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲིམས་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་གཏོང་བ། དམངས་ཡོངས་ཀྱིས་ཁྲིམས་ཤེས་པ་དང་། ཁྲིམས་རྟོགས་པ། ཁྲིམས་སྲུང་བ། ཁྲིམས་སྐྱོང་བ། ཁྲིམས་སྤྱོད་པ་བཅས་ཀྱི་འདུ་ཤེས་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།
         ཞི་ཅིན་ཕིང་གིས། དུས་རབས་གསར་པར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བར། སྔོན་འགོག་གཙོར་བཟུང་མཐའ་འཁྱོངས་བྱེད་པ་དང་། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། ཤེས་དཔལ་བདེ་ཐང་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་དོ་དམ་གྱི་འདུ་ཤེས་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་མགྱོགས་མྱུར་འཕེལ་རྒྱས་དང་གྲོང་ཁྱེར་གྱི་མི་འབོར་མང་འདུས་དང་གཅིག་སྡུད་ཀྱི་ཁྱད་ཆོས་དང་འཚམ་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་སྐྲུན་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་གཏིང་ཟབ་དང་རྒྱུན་མཐུད་སྤེལ་བ་བཅས་བྱེད་དགོས། ད་ཆ། ཕྱིར་སྐྱོད་སྐབས་ཁ་རས་རྒྱག་པ་དང་། གད་སྙིགས་རིགས་དབྱེ་ནས་དབྱུག་པ། སྤྱི་ཚོགས་འབྲེལ་བའི་བར་ཐག་འཇོག་པ། ལྟོ་ཆས་ལོགས་སུ་ཟ་བ་དང་སྤྱི་ཐུར་སྤྱོད་རྒྱུ་ཁྱབ་གདལ་གཏོང་བ། ནད་གཞི་ལྟ་རྒྱུ་དྲ་ཐོག་ནས་སྔོན་མངགས་བྱེད་པ་སོགས་རིམ་བཞིན་སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོར་འགྱུར་བཞིན་ཡོད། བདེ་ཐང་ཤེས་དཔལ་གྱི་བྱེད་སྟངས་དེ་དག་ཁྱབ་གདལ་གཏོང་བ་དང་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག