ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་མཚོ་ལྷོ་ཁུལ་དུ་བསྡུས་པ།

2020-08-03 རིན་ཆེན་བྱམས། གཡང་རྒྱལ་ཚེ་རིང་།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  སྟོན་ཟླ་བརྒྱད་པའི་མཚོ་ལྷོ་ནི་གསེར་མདོག་ཉི་འོད་དྲོ་ཞིང་འཇམ་ལ།  མཐོན་མཐིང་ནམ་མཁའི་དབྱིངས་སུ་སྤྲིན་དཀར་ལང་ལོང་དུ་རྒྱུ།
         ཟླ་8པའི་ཚེས་3ཉིན་གྱི་བཀྲ་ཤིས་པའི་ཉིན་མོ་འདིར།  མཚོ་ལྷོ་ཚགས་པར་ཁང་དང་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།  མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་དབུ་འབྱེད་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དུ་དངོས་སུ་སྤེལ་ཅིང་།  པེ་ཅིང་དང་ཁྲེན་ཏུའུ།  དེ་བཞིན་བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་གྱི་བོད་ཡིག་ཚགས་པར་ཁང་དང་།  རྒྱང་སྒྲོག་བརྙན་འཕྲིན་ཁང་།  གསར་འགྱུར་དྲ་ཚུགས་བཅས་ཀྱི་མི་100ཡས་མས་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས།
ཚོགས་འདུའི་ཡུལ་དངོས།
         སྨྱན་སྦྱོར་མཐུན་སྦྱོར་གྲོས་ཚོགས་འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་གྲོས་འགོ་བཏོན་པ་ཡིན་ལ།  གྲོས་ཚོགས་སྐབས་དང་པོ་1998ལོར་ལྷ་སར་འཚོགས་པ་ནས་ཕྱིས་སུ་ཕལ་ཆེར་ལོ་རེར་ཐེངས་རེ་འཚོགས་ཐུབ་པ་བྱུང་།  དེ་ནི་བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་གྱི་བོད་ཡིག་སྨྱན་སྦྱོར་ལས་ཁུངས་དག་གིས་རེས་མོས་ཀྱིས་སྒྲུབ་འགན་བཞེས་པ་ཞིག་རེད། གྲོས་ཚོགས་ཀྱི་ནང་དོན་ནི་གཙོ་བོ་བོད་སྐད་ཡིག་གི་བརྡ་ཆད་གསར་པ་གཅིག་གྱུར་དང་ཚད་ལྡན་དུ་གཏན་འབེབས་བྱེད་པ་དང་།  བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་ལ་ཞུས་བཤེར་བྱེད་པ།  སྨྱན་སྦྱོར་རྩ་འཛུགས་བྱས་ཏེ་ཆེད་དོན་བཅར་འདྲི་བྱེད་པ་སོགས་ཡིན་ལ།  དེའི་དགོངས་དོན་ནི་བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་དག་གི་བར་དུ་བསམ་བློ་བརྗེ་རེས་དང་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ།  བོད་སྐད་ཡིག་གི་གཙོ་རྒྱུགས་སྨྱན་སྦྱོར་གྱི་གསར་སྐྲུན་དང་།   འཕེལ་རྒྱས་ཀྱི་ལམ་ཁར་འཚོལ་སྙེག་བྱེད་པ་དང་།  ཏང་གི་དགོངས་དོན་ཧུར་ཐག་གིས་ཁྱབ་སྒྲོག་བྱེད་པ།  ཀྲུང་གོའི་གཏམ་རྒྱུད་ལེགས་པར་འཆད་པ་ལ་བརྩོན་པ།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་བཅས་བྱས་ནས།  བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་འཕེལ་རྒྱས་ཀྱི་ཐད་དུ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པ་དེ་རེད།
ཚོགས་ཞུགས་འགོ་ཁྲིད་རྣམ་པ།
         སྨྱན་སྦྱོར་དག་ནི་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཧུར་ཐག་གིས་འཕྲོད་པར་བྱ་ཆེད་དང་།  བོད་སྐད་ཡིག་སྨྱན་སྦྱོར་གྱི་སྣང་བརྙན་གསར་པ་དང་།  བྱས་རྗེས་གསར་པ་འགྲེམ་སྟོན་གང་ལེགས་བྱ་ཆེད།  བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་གྲོས་ཚོགས་ཐེངས་འདིའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་བཏང་ཡོད་དེ།  གཏན་འཁེལ་བྱས་པའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་“སྨྱན་སྦྱོར་དག་གི་མཉམ་འདྲེས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་སྟེ།  སྨྱན་སྦྱོར་ཡོངས་ཀྱི་ཁྱབ་སྤེལ་རྣམ་པ་གྲུབ་པར་བྱེད་པ”དེ་ཡིན་ཞིང་།  གཞན་ད་དུང་གྲོས་ཚོགས་ཀྱི་ནང་དོན་ལ་“སྨྱན་སྦྱོར་གྱི་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུ”ཞེས་པ་དང་།  ཡོངས་འཛིན་པར་གཞི་གསར་པའི་APPདང་།  ཡོངས་འཛིན་གཏག་ཐབས་ཁྱབ་བསྒྲགས་ཚོགས་འདུ་སོགས་ཆེད་དོན་བྱ་འགུལ་ཁ་སྣོན་བྱས་ཡོད།
ཚོགས་འདུའི་ཡུལ་དངོས།
         གྲོས་ཚོགས་ཀྱི་སྐབས་སུ།  ཚོགས་ཞུགས་སྨྱན་སྦྱོར་རྩ་འཛུགས་ཀྱིས་“སྨྱན་སྦྱོར་གྱིས་མཚོ་ལྷོར་ལྟ་བ”ཞེས་པའི་བཅར་འདྲིའི་བྱ་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་པ་དང་།  སྨྱན་སྦྱོར་གྱིས་“ནུས་ཤུགས་བཞི”ཡི་ལག་ལེན་དོན་འཁྱོལ་ཡོང་བ་སྔར་བས་འབུར་ཐོན་བྱས་ཏེ།  མཉམ་འདྲེས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་སྐུལ་འདེད་གཏོང་རྒྱུ་རེད།
         ཤེས་གསལ་ལྟར་ན།  གྲོས་ཚོགས་འདི་ཟླ་8པའི་ཚེས་6ཉིན་མཇུག་བསྡུ་རྒྱུ་རེད།(གསར་འགོད་པ། རིན་ཆེན་བྱམས། གཡང་རྒྱལ་ཚེ་རིང་།)
འབྲེལ་ཡོད་རྩོམ་ཡིག