ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་དྲན་གསོའི་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ།

2020-09-24
        ཟླ་9ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་དྲན་གསོའི་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ། 
        ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ཐོག་མིང་རྟགས་བཀོད་མཁན་རྒྱལ་ཁབ་དང་པོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་མཁན་གྱི་ཚོགས་མིའི་རྒྱལ་ཁབ་ཡིན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ནང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་པུ་དེའང་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་མཁན་ཞིག་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་བློ་རྩ་བརྟན་པོས་སྲུང་སྐྱོང་བཅས་བྱེད་རྒྱུ་ཡིན།
        ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ་རེད།
        ཞི་ཅིན་ཕིང་གིས་ལོ་75ཡི་གོང་། འཛམ་གླིང་མི་དམངས་ཀྱིས་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་ཡོད། དེ་ནི་དྲང་བདེན་གྱི་རྒྱལ་ཁ་དང་མི་དམངས་ཀྱི་རྒྱལ་ཁ་ཡིན། དུས་རབས་གོང་མའི་དུས་འགོར་མིའི་རིགས་ཀྱིས་སྡུག་བསྔལ་གླེང་ཐབས་བྲལ་བའི་དམག་འཁྲུག་གི་ཆག་སྒོ་ཐེངས་གཉིས་བརྒྱུད་རྗེས། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ཏེ་ལོ་75ཡི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། དུས་དེ་ནས་བཟུང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ནི་འཛམ་གླིང་ཡོངས་ལ་ཆ་མཚོན་ན་ཚོད་བགམ་ནན་པོ་ཞིག་རེད། མིའི་རིགས་མཉམ་སྦྲེལ་མཉམ་མཐུད་ཀྱི་དུས་རབས་གསར་པར་སླེབས་པ་དང་། རྒྱལ་ཁབ་ཁག་ནི་བདེ་སྡུག་མཉམ་མྱོང་གིས་ལས་དབང་གཅིག་ཏུ་སྦྲེལ་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱིས་ཁ་གཏད་ནུས་ལྡན་འཇལ་དགོས། གནས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་བསམ་གཞིག་ནན་ཏན་བྱེད་དགོས་པ་སྟེ། འཛམ་གླིང་ལ་མཉམ་འབྲེལ་རྒྱལ་ཚོགས་གང་འདྲ་ཞིག་དགོས་སམ། རིམས་ནད་རྗེས་ཀྱི་དུས་རབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་ཇི་ལྟར་འདོན་དགོས་སམ།
        དེའི་ཐད་ཞི་ཅིན་ཕིང་གིས་དགོངས་འཆར་ཁག་བཞི་བཏོན་གནང་བ་སྟེ།
        གཅིག་ནས་དྲང་པོ་དྲང་གཞག་བྱེད་དགོས། རྒྱལ་ཁབ་ཆེ་ཆུང་དབར་ཕན་ཚུན་བརྩི་འཇོག་དང་ཚང་མ་འདྲ་མཉམ་ནི་དུས་རབས་ཡར་ཐོན་ཡོང་བའི་བླང་བྱ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་རྩ་དོན་གཙོ་བོའང་ཡིན། རྒྱལ་ཁབ་གང་ཞིག་ཡིན་རུང་ཚང་མར་རྒྱལ་སྤྱིའི་ལས་དོན་འགན་གཙང་ལེན་པ་དང་། རྒྱལ་ཁབ་གཞན་གྱི་ལས་དབང་ཁ་ལོ་བསྒྱུར་བ། འཕེལ་རྒྱས་ཀྱི་བཟང་ཆ་སྒེར་སྡེམ་བཅས་བྱེད་པའི་དབང་ཆ་མེད། འཛམ་གླིང་ཐོག་རང་འདོད་རང་བསམ་དང་། བཙན་དབང་། བཙན་པོ་ཧམ་ཤེད། བཙན་པོ་དབང་ཡོད་བཅས་དེ་བས་ཀྱང་བྱེད་མི་རུང་། ཕྱོགས་རྐྱང་རིང་ལུགས་ལ་མདུན་ལམ་མེད་པས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྤྱི་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད། ཐུན་མོང་ཐོག་འཛམ་གླིང་གི་ལས་དབང་སྟངས་འཛིན་བཅས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་ཏན་ཏིག་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོ་མཉམ་གྱི་སྒོ་ནས་རྒྱལ་ཁབ་མང་ཆེ་བའི་ཁེ་ཕན་དང་འདོད་བློ་སྔར་བས་མཚོན་པར་བྱེད་དགོས།
        གཉིས་ནས་ཁྲིམས་སྐྱོང་ལག་བསྟར་ནན་པོ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ནི། རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་ལ། རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་ཀྱང་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཁག་གི་འབྲེལ་བ་དང་ཁེ་ཕན་ནི་ལམ་ལུགས་དང་སྒྲིག་སྲོལ་ཁོ་ནས་མཐུན་སྦྱོར་བྱེད་དགོས་པ་ལས། སུའི་ཁུ་ཚུར་ཆེ་ན་དེའི་ཁ་ལ་ཉན་དགོས་པ་ཞིག་གཏན་ནས་མ་རེད། རྒྱལ་ཁབ་ཆེན་པོས་སྣེ་ཁྲིད་དེ་རྒྱལ་སྤྱིའི་ཁྲིམས་སྐྱོང་དར་སྤེལ་གཏོང་མཁན་དང་སྲུང་སྐྱོང་བྱེད་མཁན་དེ་བས་བྱས་ནས། ཁ་དན་ཚིག་ལ་གནས་པ་ལས། དམིགས་བསལ་རིང་ལུགས་སྤེལ་བ་དང་། ཚད་གཞི་གཉིས་ལག་བསྟར། རྒྱལ་སྤྱིའི་བཅའ་ཁྲིམས་འཁྱོག་བཤད་བཅས་བྱ་མི་རུང་། ཁྲིམས་སྐྱོང་གི་མིང་ཐོག་ནས་རྒྱལ་ཁབ་གཞན་གྱི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་རྒྱལ་སྤྱིའི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་མི་རུང་།
        གསུམ་ནས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་ཐོག་མའི་དམིགས་ཡུལ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་རྩ་དོན་གལ་ཆེན་ཞིག་ཀྱང་རེད། འཇམ་འཐབ་ཀྱི་བསམ་གཞིག་ལ་བརྟེན་པ་དང་། འདུ་ཤེས་འཛིན་སྟངས་ཀྱིས་དབྱེ་མཚམས་ཕྱེ་བ། རྒྱལ་ཕམ་རོལ་རྩེད་རྩེ་བ་བཅས་ཀྱིས་རང་རྒྱལ་ཁབ་ཀྱི་གནད་དོན་ཐག་གཅོད་མི་ཐུབ་ལ། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་བས་འཇལ་མི་ཐུབ། ང་ཚོས་སྒྲུབ་དགོས་པ་ནི་སྐད་ཆ་ཤོད་རེས་བྱས་ནས་གདོང་ཐུག་མི་ཡོང་བ་བྱེད་པ་དང་། གྲོས་མོལ་བྱས་ནས་འཇིགས་སྐུལ་མི་ཡོང་བ་བྱེད་པ། མཉམ་དུ་ཁེ་ཕན་ཐོབ་པ་བྱས་ནས་རྒྱལ་ཕམ་མི་ཡོང་བ་བྱེད་པ། རང་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ཟུང་འབྲེལ་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་གཅིག་འདུས་བྱེད་ས་དེ་བས་རྒྱ་ཆེར་གཏོང་གང་ཐུབ་བྱས་ནས་ཞི་མཐུན་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁྱིམ་ཚང་ཆེ་མོ་སྐྲུན་དགོས།
        བཞི་ནས་བྱ་སྤྱོད་ལ་དམིགས་དགོས། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བར་གནས་ལུགས་སྟོང་པ་རྐྱང་རྐྱང་བཤད་ནས་སྡོད་རྒྱུ་མེད་པར་ལག་ལེན་བསྟར་དགོས། བྱེད་ཐབས་མང་པོ་བཏོན་ཡང་དམིགས་སར་དོན་འཁྱོལ་མི་ཐུབ་པའང་བྱེད་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནད་དོན་ཐག་གཅོད་བྱ་རྒྱུ་འགོ་འཛུགས་ས་དང་། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཕྱོགས་སྟོན་དུ་བཟུང་ནས་བདེ་འཇགས་དང་། འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་བཅས་ལ་དོ་སྙོམས་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ《2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ》དོན་འཁྱོལ་བྱེད་རྒྱུ་གོ་སྐབས་སུ་བཟུང་སྟེ། སྤྱི་པའི་འཕྲོད་བསྟེན་སོགས་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་གྱི་སྔོན་སྒྲུབ་ཁ་ཕྱོགས་སུ་བརྩི་བ་དང་། འཕེལ་རྒྱས་ཀྱི་གནད་དོན་དེ་གོ་ལ་ཧྲིལ་པོའི་གཞི་ཆེའི་སྒྲོམ་གཞིའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆར་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ཐོག་མིང་རྟགས་བཀོད་མཁན་རྒྱལ་ཁབ་དང་པོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་མ་ཐག་པའི་ཁོངས་མིའི་རྒྱལ་ཁབ་ཡིན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ནང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་པུ་དེའང་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་མཁན་ཞིག་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་བློ་རྩ་བརྟན་པོས་སྲུང་སྐྱོང་བཅས་བྱེད་དགོས།
        མཇུག་ཏུ། ཞི་ཅིན་ཕིང་གིས་ད་ཆ་འཛམ་གླིང་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད། ང་ཚོས་ཕྱོགས་མང་རིང་ལུགས་ཀྱི་འགྱུར་མེད་ཁས་ལེན་བསྐྱར་བསྒྲགས་བྱ་རྒྱུ་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་མཐུན་སྒྲིལ་དང་ཡར་ཐོན་དེ་བས་ཆེ་བ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག