ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྐབས་གསུམ་པའི་དགོན་སེར་དཔྱད་གླེང་ཚོགས་འདུ་ནང་བསྟན་སློབ་གླིང་དུ་འཚོགས་པ།

2016-12-08 གསར་འགོད་པ། འཇམ་དཔལ།
———དགོན་སེར་དང་གོང་མའི་ཕོ་བྲང་།
ཚོགས་འདུའི་ཡུལ་དངོས།
  ༢༠༡༦ལོའི་ཟླ་༡༢པའི་ཚེས་༨ཉིན་གྱི་ཞོགས་པར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སྐབས་གསུམ་པའི་དགོན་སེར་དཔྱད་གླེང་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ཤིང་། སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་གཙོ་བསྒྲུབས་གནང་བ་དང་། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་ཀྱིས་རོགས་སྒྲུབ་གནང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ལིའུ་ཕིན་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་ཀྱིས་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཤིས་ཚིག་ཕུལ་བ་དང་། པེ་ཅིང་གནའ་བོའི་ཕོ་བྲང་རིག་དངོས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ལི་ཅིས་ཤིས་ཚིག་ཕུལ་བ་དང་གཏམ་བཤད་གལ་ཆེན་གནང་བ་རེད། 
ཚོགས་འདུའི་ཡུལ་དངོས།
  ཐེངས་འདིའི་ཚོགས་ཐོག་ཏུ་འབྲེལ་ཡོད་མཁས་པ་༥༦ལྷག་ཞུགས་ཡོད་པ་དང་། དཔྱད་རྩོམ་༢༠ཙམ་ཞིག་སྒྲོག་སྦྱོང་གནང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་སྐལ་བཟང་རྒྱལ་དང་། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་སུའོ་ཡི་ཞུང་ཝུན་པིན། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་མཛེས་རྩལ་སྡེ་ཚན་གྱི་བྱམས་པ་དབང་འདུས། ཐའེ་པེ་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་གླིང་གི་ལིའུ་ཀོ་ཝེ། དགའ་ལྡན་བྱིན་ཆགས་གླིང་གི་ཁྲི་པ་ཧུའུ་ཞའོ་ཧྥིན། ཁྲིན་འདུ་ཀུན་ཏུ་བདེ་བའི་གླིང་གི་ཁྲི་པ་མོ་རུ་ཀུན་མཐོང་། ཞང་ཀང་རྨིན་ཙི་སློབ་གླིང་གི་གླིང་གཙོ་ཧོང་ཀྲི་དབྱིན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་བསོད་ནམས་ཚེ་རིང་། གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་གླིང་གི་ཞིབ་འཇུག་པ་དང་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལའོ་ཝུན་ཧྭ་སོགས་ཚོགས་འདུར་ཞུགས་ནས་དཔྱད་རྩོམ་སྒྲོག་སྦྱོང་གནང་བ་རེད། 
ཁྲིན་འདུ་ཀུན་ཏུ་བདེ་བའི་གླིང་གི་ཁྲི་པ་མོ་རུ་ཀུན་མཐོང་གིས་གཏམ་བཤད་གནང་བཞིན་པ།
  ཐེངས་འདིའི་སྐབས་གསུམ་པའི་དགོན་སེར་དཔྱད་གླེང་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་“བོད་བརྒྱུད་ནང་བསྟན་གྱི་རིག་གནས——དགོན་སེར་དང་གོང་མའི་ཕོ་བྲང་”ཞེས་པ་དེ་ཡིན་ཞིང་། དགོན་སེར་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་འཐུས་ཚབ་ཡིན་པའི་བོད་བརྒྱུད་ནང་བསྟན་རྒྱལ་གཅེས་རིང་ལུགས་ཀྱི་བླ་མེད་སྲོལ་རྒྱུན་ཡིན་པའི་ལོ་རྒྱུས་དཔང་རྟགས་ཡིན་པ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་རྡོ་རིང་ཅིག་ཀྱང་ཡིན། ཤེས་རྟོགས་བྱུང་བ་ལྟར་ན། གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་གླིང་ནི་དེང་སྐབས་པེ་ཅིང་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཉར་ཚགས་གནང་བ་ཆེས་མང་བའི་ལས་ཁུངས་ཤིག་ཡིན་ལ། གོང་མའི་ཕོ་བྲང་དུ་བོད་བརྒྱུད་ནང་བསྟན་གྱི་འབྲེལ་ཡོད་རིག་དངོས་ཁྲི་གསུམ་ལ་ཉེ་བ་ཞིག་ཡོད་པ་རེད།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་སྐལ་བཟང་རྒྱལ་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ། 
   དགོན་སེར་གླེང་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དམིགས་འབེན་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་རིག་གནས་རྩ་དོན་དུ་བཟུང་བཞིན་ཡོད་ལ། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཇལ་ཁ་དང་ལེན་ཞུས་སྐབས་གསུངས་དོན། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མེད་སྲོལ་བཟང་རྒྱུན་འཛིན་གྱིས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་ཤུགས་རྒྱག་པ་དང་། ཆོས་དོན་དགོངས་འགྲེལ་དང་ནང་ཆོས་དར་སྤེལ་གྱི་ཆོས་སྲོལ་དགོངས་དོན་ཁྲོད་དཀྱེལ་ཡངས་བློ་རྒྱ་དང་དབུལ་སྐྱོར་རོགས་འདེགས་སོགས་ཀྱི་བླ་ན་མེད་པའི་བསམ་བློ་དར་སྤེ་གཏོང་དགོས་པའི་རེ་བ་བཏོན་གནང་ཡོད་པ་རེད།
ཚོགས་ཞུགས་ཆེད་མཁས་པའི་མཉམ་པར།
  ༢༠༡༣ལོར་དགོན་སེར་གླེང་སྟེགས་དབུ་བརྙེས་པ་ནས་ད་ལྟའི་བར་དུ་སྐབས་གསུམ་པར་སླེབས་ཡོད་པ་དང་། ༢༠༡༣ལོར་འཚོགས་པའི་དགོན་སེར་གླེང་སྟེགས་ཀྱི་བརྗོད་གཞི་གཙོ་བོ་ནི་“གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་”ཞེས་པ་བརྗོད་གཞི་ཡིན་པ་དང་། བོད་རིག་པའི་ཞིབ་འཇུག་ཆེད་མཁས་པ་དང་ལོ་རྒྱུས་རིག་གནས་མཁས་པ་༦༠ལྷག་ཚོགས་འདུར་ཞུགས་ཡོད་ལ། དཔྱད་རྩོམ༢༩ཙམ་ཞིག་ཚོགས་ཐོག་ཏུ་སྒྲོག་སྦྱོང་གནང་ནས་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཟབ་མོ་བཞག་ཡོད། སྐབས་དང་པོའི་ཚོགས་འདུའི་རྨང་གཞི་སྟེང་། སྐབས་གཉིས་པའི་དགོན་སེར་གླེང་སྟེགས་ཐེངས་གཉིས་པ་༢༠༡༥ལོའི་ཟླ༩པར་འཚོགས་ཤིང་།“དགོན་སེར་དང་བོད་བརྒྱུད་ནང་བསྟན་རིག་གནས་”ཞེས་པ་ཚོགས་འདུའི་བརྗོད་གཞི་ཡིན། རྒྱལ་ཁབ་ཕྱི་ནང་གི་མཁས་པ་དང་ནང་བསྟན་ཆོས་ལུགས་ལས་རིགས་ཁག་གི་ཆོས་ལུགས་མི་སྣ་༥༢ཚོགས་འདུར་ཞུགས་ཡོད་པ་རེད།        
  ཐེངས་འདིའི་འཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚེས་༩ཉིན་ཚོགས་འདུ་མཇུག་སྒྲིལ་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག