ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དཔལ་ལྷའི་དུས་ཆེན་དང་གནས་སྲུང་དཔལ་ལྡན་ལྷ་མོ།

2016-12-13

  དཔལ་ལྷའི་དུས་ཆེན་ནི་བོད་དབུས་ཁུལ་གྱི་དུས་ཆེན་ཞིག་སྟེ་བོད་ཟླ་བཅུ་པའི་ནང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་ཡིན་ཅིང་། ཟླ་བ་དེའི་ཚེས་གཅིག་ནས་བཟུང་ལྷ་ས་ཁུལ་གྱི་དད་ལྡན་མང་ཚོགས་ཚོས་གཙུག་ལག་ཁང་ནང་སྐྱོད་ནས་བསང་གསོལ་གསེར་སྐྱེམས་འབུལ་བ་སོགས་བྱེད་ཀྱི་ཡོད་པ་རེད། དཔལ་ལྷའི་གསོལ་བའི་དུས་ཆེན་གྱི་ཐོག་མའི་བྱུང་རིམ་སྐོར་ལ། བོད་ཀྱི་དམངས་ཁྲོད་དུ་སྙན་འཇེབས་ལྡན་པའི་ཤོད་སྲོལ་ཞིག་ཡོད་པ་དེའི་སྐོར་ཞུས་ན། གཙུག་ལག་ཁང་གི་གནས་སྲུང་ཆེན་མོ་དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་ཕྲུ་གུ་བུ་མོ་གསུམ་བྱུང་བ་ལས། ཆུང་བའི་མིང་ལ་དཔལ་ལྷ་ཤིག་མོ་ཞུ་བ་དང༌། དེ་ནི་དམག་ཟོར་རྒྱལ་མོས་ཁོང་གི་དབུ་ལ་ཤིག་མང་པ་ཡོད་ཙང༌། བུ་མོ་ལ་ཐེངས་མང་པོ་སྒྲུག་བཅུག་པ་ཡིན་ནའང༌། བུ་མོ་དེས་ཨ་མ་ལགས་ཀྱི་ཞལ་ལ་མ་ཉན་ནས། དུས་རྟག་ཏུ་རྩེད་འཇོར་གཡེང་བསྡད་པ་རེད་ཟེར། དམག་ཟོར་རྒྱལ་མོ་ཁོང་ཁོང་ཁྲོ་ལངས་ནས། བུ་མོ་ཁོང་གི་གཟུགས་པོ་ཡོངས་རྫོགས་ལ་ཤིག་གིས་ཁྱབ་པར་ཤོག་ཅེས། སྨོན་ལམ་ལོག་པ་བཏབས་གནང་བས། ཕྱིས་སུ་དཔལ་ལྷ་ཤིག་མོ་ཞེས་ལུས་ཡོངས་རྫོགས་ཤིག་གིས་གཡོག་ནས་ཡོད་པ་ཞིག་ཆགས་པར་བཤད། བུ་མོ་འབྲིང་བའི་མཚན་ལ་གདོང་བཙན་རྒྱལ་མོ་ཞུ་གི་ཡོད་པ་དང༌། དེ་ནི་དུས་རྟག་ཏུ་ཨ་མ་ལགས་ལ་ཁ་ལན་སློག་གི་ཡོད་སྟབས། ཨ་མས་མོ་རང་སློང་མོ་བ་ཞིག་ཏུ་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབས་པ་ལ་བརྟེན་ནས། མཐར་མ་དེར་གཙུག་ལག་ཁང་གི་ལྷོ་ངོས་ཀྱི་རྡོ་སྟེང་དུ་སློང་མོ་བའི་ཚུལ་གྱིས་ བཞུགས་ནས་ཡོད་པ་ཞིག་དེང་སང་ཡང་མཇལ་རྒྱུ་ཡོད། དེ་ནི་ལམ་གྱི་མགྲོན་པོ་རྣམས་ཀྱིས་མཆོད་འབུལ་ཁོ་ནར་བརྟེན་ནས་བཞུགས་ཀྱི་ཡོད།

  བུ་མོ་ཆེ་བའི་མིང་ལ་དཔལ་ལྷ་དྲག་མོ་ཟེར་བ་དེ་ནི། སྐྱེས་པ་ཕོ་གང་བྱུང་མང་བྱུང་དང་མཉམ་དུ་ཆགས་པ་སྤྱོད་པ་ཞིག་ཆགས་སྟབས། ཨ་མ་དམག་ཟོར་རྒྱལ་མོས། མོ་རང་ལ་ཚེ་གང་པོར་ཁྱོ་ག་གཅིག་ཀྱང་མི་རག་པར་ཤོག གལ་སྲིད་རག་པའི་དབང་དུ་བཏང་ནའང༌ཁྱོ་ག་དེ་དང་ལོ་གཅིག་ལ་དུས་གཅིག་ལས་ཐུག་འཕྲད་མི་ཡོང་བར་ཤོག་ཅེས་སྨོན་ལམ་བཏབས་པས་ཕྱིས་སུ་དཔལ་ལྷ་དྲག་མོར་ཁྱོ་ག་གཅིག་རང་བྱུང་བ་དེ་ནི་དེ་སྔར་གཙུག་ལག་ཁང་གི་ཇོ་བོའི་སྐུ་སྲུང་ཡིན་པ་ཆོས་སྐྱོང་རྫོང་བཙན་རེད།
  དེ་ཡང༌། ཁོང་གཉིས་ལོ་གཅིག་ལ་ཐེངས་གཅིག་ལས་མཇལ་འཕྲད་གནང་ཐུབ་ཀྱི་མེད་དོན་ནི་དཔལ་ལྡན་དམག་ཟོར་རྒྱལ་མོས་ཆོས་སྐྱོང་རྫོང་བཙན་ནི་རང་གི་བུ་མོ་བློ་འབྲིད་མཁན་ཡིན་ཞེས་གཙུག་ལག་ཁང་ནས་ལྷ་སའི་སྐྱིད་ཆུའི་ཁ་གཏད་ལ་ཡོད་པའི་གྲིབ་ཚེ་མཆོག་གླིང་ལ་རྒྱང་ཕུད་བཏང་བས་དུས་དེ་ནས་ཁོང་གཉིས་ལོ་གཅིག་ཐུག་འཕྲད་ཐེངས་གཅིག་ལས་གནང་ཐུབ་ཀྱི་མེད་པ་རེད་ཞེས་ཤོད་སྲོལ་ཡང་ཡོད་པ་རེད། དེར་བརྟེན་ལོ་གཅིག་གི་དུས་ཚོད་ནང་ལ་དཔལ་ལྷ་དྲག་མོ་དང་གྲིབ་རྫོང་བཙན་གཉིས་ཕན་ཚུན་ཞལ་མཇལ་གྱི་ཉིན་མོ་གཅིག་ཡོད་པ་དེ་ནི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ཆགས་ཀྱི་ཡོད་པ་དང༌། ཁོང་བཟའ་ཟླ་གཉིས་ཀྱི་ཞལ་མཇལ་བའི་ཆོ་ག་དེ་རིམ་པས་གྲ་རྒྱས་པོ་ཆགས་ནས་དཔལ་ལྷའི་དུས་ཆེན་འདི་བྱུང་བ་ཡོད་པ་རེད།
  བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་དཔལ་ལྷའི་དུས་ཆེན་དངོས་གཞིའི་མཛད་སྒོར་མཚོན་ན་ཉིན་དེའི་ཞོགས་པ་སྔ་པོ་ནས་ལྷ་ས་ཁུལ་གྱི་ཁྱིམ་འཛིན་བུད་མེད་ཚོ་འཚང་ཁ་ཤིག་ཤིག་གིས་དཔལ་ལྷ་མོར་མཆོད་མཇལ་དུ་འགྲོ་བ་དང༌། དེ་ནས་ཉི་འོད་ས་གཞིར་ཁྱབ་པ་དང་མཉམ་དུ་དཔལ་ལྷའི་སྐུ་བརྙན་དེ་གཙུག་ལག་ཁང་གི་ཁྱམས་རའི་མཐིལ་དུ་གདན་དྲངས་པའི་སྐབས་ལ་བླ་བྲང་ཕྱག་མཛོད་ལས་ཁུངས་ནས་སྙན་ཤལ་འབུལ་བ་སོགས་གྲུབ་རྗེས་གཙུག་ལག་ཁང་གི་སེང་སྡེང་སྒོ་མོ་དང༌། ཁྱམས་ར་བརྒྱུད་ནས་དཔལ་ལྷ་བར་སྐོར་དུ་གདན་འདྲེན་ཞུ་བ་དང༌། དེའི་སྐབས་སུ་བར་སྐོར་དུ་འཛོམས་པའི་མཆོད་མཇལ་བ་ཚོས་སྙན་ཤལ་འབུལ་བ་དང་མཆོད་མཇལ་བྱེད་སྲོལ་ཡོད།

  དུས་ཆེན་འདི་དང་འབྲེལ་བའི་ཡུལ་སྲོལ་གྱི་སྐོར་ནས་ཞུས་ན་དེ་སྔར་མཚོན་ན། བུ་མོ་ལོ་ན་བཅུ་དྲུག་ཟིན་སྐབས་སྤ་ཕྲུག་གཡོག་སྲོལ་གྱི་མཛད་སྒོ་དེ་ཡང༌དཔལ་ལྷའི་དུས་ཆེན་གྱི་ཉིན་འདིར་བྱེད་པ་ལྟ་བུར་ཡོད་པ་དང༌། གཞན་ཡང༌། དཔལ་ལྷའི་དུས་ཆེན་འཆར་ལ་ཉེ་བའི་དུས་ཚོད་དེའི་ནང་དགའ་ཉེ་སྤུན་མཆེད་དང༌གྲོང་པ་ཁྱིམ་མཚེས་ཀྱི་ཕྲུ་གུ་ལོ་ཆུང་ཚོ་དང་གཡོག་པོའི་རིགས་བཅས་ནས་དཔལ་ལྷའི་མདུན་ཆང་ཞེས་དངུལ་སློང་སྲོལ་ཡོད་པས་དེ་ལ་མང་ཉུང་ལ་མ་ལྟོས་པའི་དངུལ་སྟེར་སྲོལ་ཡོད་སྟབས་ དཔལ་ལྷའི་དུས་ཆེན་འཆར་ལ་ཉེ་བའི་དུས་ཚོད་དེ་ནི་དབུས་ཁུལ་གྱི་ཕྲུ་གུ་ཚོར་དངུལ་གསོག་པའི་དུས་ཚོད་ཡག་ཤོས་ཤིག་ཀྱང་ཆགས་ཀྱི་ཡོད་ལ་ལྷ་ས་ཁུལ་ལ་ཡིན་ནའང་དེང་སྐབས་དཔལ་ལྷའི་དུས་ཆེན་སྐབས་བུད་མེད་ཚོས་སྐྱེས་པ་ཚོར་དངུལ་དང་རྔན་པ་སློང་སྲོལ་ཞིག་ཀྱང་དར་བཞིན་ཡོད་པ་རེད།

(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག