ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བླ་བྲང་དགོན་པའི་རིག་དངོས་ཞིག་གསོ་དང་སྲུང་སྐྱོབ་ལས་གྲྭའི་ལས་ཀ་བདེ་བླག་ངང་སྤེལ་བཞིན་པ།

2017-03-24 འབྲུག་དཔལ་རྡོ་རྗེ།

          བླ་བྲང་དགོན་པ་ནི་ཆིན་ཁང་ཞི་(清康熙)ཁྲི་ལོ་༤༨པ་སྟེ་སྤྱི་ལོ་༡༧༠༩ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་བོ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་ཕྱག་འདེབས་མཛད། སྡེ་འདི་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཡིན་པ་དང་། ཨ་མདོ་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་གྱུར་ཡོད། ཀུན་མཁྱེན་སྐུ་འཕྲེང་རིམ་བྱོན་གྱིས་བླ་མེད་ཐུགས་འཁུར་གྱིས་འོག སྡེ་འདིར་ད་ལྟ་གྲྭ་ཚང་༦དང་ལྷ་ཁང་༤༨། གྲྭ་ཤག་༧༠༠ལྷག་འཛུགས་བསྐྲུན་བྱས་ཡོད། ད་ལྟའི་བར་ཉར་ཚགས་བྱས་ཡོད་པའི་གནའ་དཔེ་ཁྲི་༦སྟོང་༨ལྷག་དང་གཞན་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་མང་བོ་བཞུགས་ཡོད། ༡༩༨༢ལོར་སྡེ་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་གཉིས་པའི་རྒྱལ་ཡོངས་གནད་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་བདམས། སྤྱི་ལོ་༢༠༠༩ལོར་སྡེ་འདིའི་དཔེ་མཛོད་ལྷ་ཁང་དེ་རྒྱལ་ཡོངས་གནད་ཆེའི་གནའ་ཤུལ་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་བདམས།

          བླ་བྲང་དགོན་པ་འདིར་མཚོན་ན་ལོ་ངོ་སུམ་བརྒྱ་ལྷག་གི་རིང་གི་དར་རྒུད་དང་སྡེ་འདིའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་སྣ་ཚོགས་ལ་རང་བྱུང་གི་གནོད་འཚེ་དང་སྤྱི་ཚོགས་འཕོ་འགྱུར་སོགས་ཀྱི་གནོད་སྐྱོན་རབ་དང་རིམ་པ་བརྒྱུད་པས། སྡེ་འདིའི་རྨང་གཞིའི་འཛུགས་སྐྲུན་དང་སྤྱི་ཚོགས་ཞབས་ཞུའི་འཛུགས་སྐྲུན་མང་བོ་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་མི་དམན་པ་ཐེབས་འདུག་པས་ད་ལྟ་དགོན་སྡེ་འདི་ཉིད་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱིས་སྤྱི་ཚོགས་དང་དད་ལྡན་མང་ཚོགས་ཀྱི་དགོས་འདོད་ཇི་བཞིན་བསྐོང་དཀའ་བའི་ཚད་ལ་བསླེབས་འདུག་པས། སྤྱི་ལོ་༢༠༠༨ལོར་ཟླ་༡༡་པའི་ཚེས་༡༣ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་༼བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ཀྱི་སྤྱིའི་འཆར་འགོད༽རིག་དངོས་སྲུང་སྐྱོབ་ཡིག་ཆ་༢༠༠༨ལོའི་ཡིག་ཆ་ཨང་༡༡༦༢པ་གཏན་འབེབས་གནང་། སྤྱི་ལོ་༢༠༡༢ལོའི་ཟླ་༦པའི་ཚེས་༢༡ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་༼བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་གྲྭའི་ལས་གཞི་ལག་ལེན་ཆོག་པའི་ཞིབ་འཇུག་སྙན་ཞུའི་༽ལན་དུ་ཆོག་མཆན་བརྡ་ལན་གནང་། ལོ་དེའི་ཟླ་༩བར། རྒྱལ་ཁབ་དམངས་ཨུ་དང་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ལས་ཁུངས། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་རིག་གནས་སྲུང་སྐྱོབ་ལས་ཁུངས། ཀན་ལྷོ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། བསང་ཆུ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་ལས་གྲྭ་འདི་ཉིད་དངོས་སུ་ལག་བསྟར་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ། གཞན་ད་རུང་བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་གྲྭ་འདི་ཀན་སུའུ་ཞིང་ཆེན་གྱི་གནད་ཆེའི་རིག་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲས་སུ་བཞག ཀན་ལྷོ་ཁུལ་དང་བསང་ཆུ་རྫོང་གིས་ལས་གྲྭ་འདི་ཉིད་ཁུལ་རྫོང་གཉིས་ཀྱི་ཐེངས་བཅུ་གཉིས་པའི་ལོ་ལྔའི་འཆར་གཞིའི་ནང་གི་རིག་གནས་འཛུགས་སྐྲུན་ལས་གྲྭ་གལ་ཆེ་བའི་གྲས་སུ་བཞག རིམ་པ་སོ་སོ་ནས་ལས་གྲྭ་འདི་ཉིད་ལ་འགོ་ཁྲིད་དང་ལྟ་རྟོག་གི་ཚོ་ཆུང་དང་གཞུང་ཤག་བཙུགས་སོ།།

          བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་གྲྭ་འདིའི་དང་ཐོག་གི་མ་དངུལ་འགྲོ་གྲོན་གཏོང་རྩིས་ནི་སྒོར་དུང་ཕྱུར་༣དང་ས་ཡ་༥ཡིན་ལ། དེའི་ནང་དུ་༼རིག་དངོས་ཞིག་གསོ་སྲུང་སྐྱོབ་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་༡་དང་བྱེ་བ་༤་ས་ཡ་༩་འབུམ་༣་ཁྲི་༨་སྟོང་༣ལྷག་དང་། རྨང་གཞིའི་མ་ལག་འཛུགས་སྐྲུན་ལ་སྒོར་བྱེ་བ་༩དང་འབུམ་༩་ཁྲི་༨་སྟོང་༥ལྷག་དང་། གཞན་པའི་ཁ་སྣོན་འཛུགས་སྐྲུན་གྱི་ཐད་ལ་སྒོར་བྱེ་བ་༥་ས་ཡ་༥་འབུམ་༣་ཁྲི་༢་སྟོང་༥༽བཅས་ལས་གཞིའི་རྣམ་གྲངས་རེ་རེ་ཡི་འགྲོ་གྲོན་གསལ་བོ་བྱས་ཡོད། རྨང་གཞིའི་འཛུགས་སྐྲུན་ལས་ཀ་བསང་ཆུ་རྫོང་མཁར་གྲོང་དང་སྡོད་ཁང་འཛུགས་སྐྲུན་ལས་ཁུངས་ཀྱིས་ལག་ཏུ་བསྟར་རྒྱུ་དང་རིག་དངོས་སྲུང་སྐྱོབ་ལས་གཞིའི་རྣམ་གྲངས་འདི་བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་ལག་ཏུ་བསྟར་རྒྱུ་ཐག་བཅད་དོ།།

          སྤྱི་ལོ་༢༠༡༢ལོ་ལས་གཞི་འདི་འགོ་བརྩམས་པ་ནས་ད་ལྟའི་དབར་དུ་ཡོངས་སུ་ལེགས་འགྲུབ་བྱུང་བའི་འདུ་ཁང་དང་ལྷ་ཁང་༡༠དང་ད་ལྟ་ཞིག་གསོ་བྱེད་བཞིན་པའི་ལྷ་ཁང་དང་འདུ་ཁང་གསུམ་ཡོད། དེ་དག་ལས་ད་ལྟ་ལེགས་གྲུབ་ཟིན་པ་ནི་གསེར་ཁང་ཆེན་མོ། ཞབས་བརྟན་ལྷ་ཁང་། སྒྲོལ་དཀར་ལྷ་ཁང་། གདུགས་དཀར་ལྷ་ཁང་། ཀུན་མཁྱེན་བླ་བྲང་གི་ར་གསུམ་པ་བཞི་བ། རྒྱུད་སྟོད་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྙན་གྲགས་ཚང་གི་ནང་ཆེན་གྱི་ཚོམས་ཆེན་བཅས་ཡིན། ད་ལྟ་ཞིག་གསོ་བྱེད་བཞིན་པ་ལ་རྒྱལ་བ་སེང་གེ་ང་རོའི་ལྷ་ཁང་། འཇམ་དབྱངས་ལྷ་ཁང་། ཀུན་མཁྱེན་བླ་བྲང་གི་ར་དང་བོའི་ར་སྐོར་བཅས་གསུམ་པོ་དང་། གཞན་ལོ་སྔོན་མར་ཁ་སྣོན་བྱས་པའི་རྒྱུད་སྨད་པའི་ར་གྱང་གི་ཞིག་གསོ་བཅས་ཡིན།

          བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་ད་ལྟ་ལག་ཏུ་བསྟར་བཞིན་པའི་ལས་གྲྭའི་རྣམ་གྲངས་ལ་རིག་དངོས་རྨང་གཞི་ཞིག་གསོ་སྲུང་སྐྱོབ་ལས་གཞི་དང་ཤིང་ཆའི་ཚོན་རིས་ཞིག་གསོ་སྲུང་སྐྱོབ་ལས་གཞི། ལྡེབས་རིས་ཞིག་གསོ་སྲུང་སྐྱོབ་ལས་གཞི། བདེ་སྲུང་མ་ལག་འཛུགས་སྐྲུན་ལས་གཞི། མེ་སྐྱོན་འགོག་སྲུང་ལས་གཞི། ཐོག་འགོག་ལས་གཞི། གློག་ལམ་བསྒྱུར་བཅོས་ལས་གཞི་བཅས་བདུན་ཡོད།
          སྡོམ་རྩིས་བྱས་པ་ལྟར་ན། བླ་བྲང་དགོན་པའི་རིག་དངོས་ཞིག་གསོ་སྲུང་སྐྱོབ་ལས་གྲྭ་འདི་སྤྱི་ལོ་༢༠༡༢ལོའི་ཟླ་༩བ་ནས་འགོ་ཚུགས་ཏེ་ད་ལྟའི་དབར་དུ་རིག་དངོས་རྨང་གཞི་ཞིག་གསོ་ལས་གྲྭའི་ཐད་ནས་སྔ་གཞུག་གི་ལོ་བཞིའི་རིང་ཐད་ལ་འགྲོ་གྲོན་བཏང་ཟིན་པ་སྒོར་བྱེ་བ་དགུ་ལྷག་དང་། ད་ལྟ་ལས་གྲྭར་གོང་རིམ་འབྲེལ་ཡོད་ལས་ཁུངས་ནས་ཐད་ཀར་གནང་ཟིན་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གཉིས་ལྷག་ཡིན།  འཆར་གཞི་ལྟར་ན་ད་ལོ་སྒོར་བྱེ་བ་གསུམ་གྱི་ལས་ཀའི་འགྲུབ་ཚད་ལ་འགྲོ་གྲོན་གཏོང་རྩིས་ཡོད།

          རྨང་གཞིའི་འཛུགས་སྐྲུན་དང་གཞན་པའི་ཁ་སྣོན་ལས་གཞིའི་ཐད་ནས་ཐད་ཀར་འགྲོ་གྲོན་བཏང་བ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་དང་འབུམ་བཞི་ལྷག་ཡིན། ད་ལྟའི་དབར་དུ་ལས་གཞི་འདི་རིགས་ཀྱི་ཐད་ལ་གོང་རིམ་འབྲེལ་ཡོད་ལས་ཁུངས་ནས་གནང་ཟིན་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན། ས་ཡ་གཉིས། འབུམ་དགུ་ལྷག་ཡིན།
བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས།
    སྤྱི་ལོ་༢༠༡༧ལོའི་ཟླ་༣པའི་ཚེས་༢༣ཉིན་བླ་བྲང་ནས།
འབྲེལ་ཡོད་རྩོམ་ཡིག