ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱིས་རང་རྟོགས་སྒོས་དཔལ་འབྱོར་འཕར་ཚད་དམའ་རུ་བཏང་པར་བསམ་ཕྱོགས་ག་འདྲ་ཡོད་དམ།

2018-03-23 བཀྲ་རྒྱལ་གྱིས་བསྒྱུར
            ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ།  བསྟུད་མར་ལོ་ངོ24ཡི་རིང་དཔལ་འབྱོར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཀུན་གྱིས་མཐོང་གསལ་ལྟར་རེད། རྒྱལ་ཡོངས་ཀྱི་དཔལ་འབྱོར་ས་ཁྲའི་ཐོག་ཕྱིས་སུ་འཕེལ་རྒྱས་བྱུང་ནས་རྗེས་ཆོད་པའི་བོད་ལྗོངས་ནི་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་པའི་རླངས་འཁོར་ཞིག་དང་མཚུངས་པར། མྱུར་ཚད་གསར་པ་བརྒལ་ཡོད་པ་རེད།
            འཕར་ཚད་ཀྱི་ཨང་རིམ་ལྟར་ན། 2017ལོར་བོད་ལྗོངས་ཀྱི་དཔལ་འབྱོར་འཕར་ཚད་ནི་བསྟུད་མར་རྒྱལ་ཡོངས་ཀྱི་སྔོན་ལ་བསྐྱོད་དེ་གྲངས་གནས་གཉིས་ཀྱི་འཕར་ཚད་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་ཡོད་པ་རེད། གསར་འགོད་པས་མཐོང་གསལ་ལྟར་ན། 2018ལོར་བོད་ལྗོངས་ཀྱི《སྲིད་གཞུང་གི་ལས་དོན་སྙན་ཞུའི》ནང་། 2018 ལོའི་དཔལ་འབྱོར་འཕར་ཚད་ཀྱི་དམིགས་འབེན་ནི“10%ཡས་མས”ལ་གཏན་འཁེལ་བྱས་ཡོད་ཅིང་།2017ལོའི“11%ཡན་ལ”བསྡུར་ན་ཅུང་ཙམ་དམའ་རུ་ཕྱིན་ཡོད།  འོ་ན་དམའ་རུ་ཕྱིན་པ་འདི་ལ་གོ་བ་ཇི་ལྟར་ལེན་དགོས་ཤེ་ན།
            གསར་འགོད་པས་དོ་སྣང་བྱུང་པ་ལྟར་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་རང་རྒྱལ་གྱི་དཔལ་འབྱོར་ནི་འཕར་ཚད་མགྱོགས་པའི་འཕེལ་རྒྱས་ཀྱི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་ཕྱོགས་ཡོད་ཅེས་བཏོན་ཡོད་ལ། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་ཕན་འབྲས་དམིགས་སུ་འཛིན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་ལ་སྐུལ་འདེད་བཏང་ནས་སྤུས་ཚད་ལྡན་པའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་དགོས་སྐོར་གསལ་པོར་བསྟན་ཡོད།  ད་ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་ཏུའང་ཀྲུང་གོའི་ཁྱད་ཆོས་ལྡན་ལ་བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་ཞེས་གསལ་པོར་བསྟན་ཡོད་པ་རེད།
            2018ལོའི་ཟླ3པའི་ཚེས21ཉིན། བོད་རང་སྐྱོང་ལྗོངས་ལྗོངས་ཡོངས་ཀྱི་སྤུས་ཚད་ལག་རྩལ་ལྟ་སྐུལ་ལས་དོན་ཚོགས་འདུ་ལྷ་སར་ཚོགས་ཤིང་།  ཚོགས་འདུས་ཁོངས་གཏོགས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིང་རྒྱུ།  སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ།  ཕྱོགས་ཡོངས་ནས་སྤུས་ཚད་མཐོར་གཏོང་བྱ་འགུལ་སྤེལ་བ་བརྒྱུད་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་ཇེ་མཐོར་གཏོང་པར་སྐུལ་འདེད་གཏོང་དགོས་པར་སྐུལ་སློང་གནང་པ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ( གཡས་ཀྱི་གཉིས་པ) དང་། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲི་ཧྲུའུ་ཕིང(གཡས་ཀྱི་གསུམ་པ)གིས་ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་ (ལྷ་ས)གྱི་ཞིབ་འཇུག་ལྟེ་གནས་ལ་སྒོ་བྱང་འགེལ་བཞིན་པ།
            དུས་རབས་གསར་པའི་ལས་ཀའི་འོས་འགན་ཁོང་དུ་ཆུད་དགོས་ལ།  བོད་ལྗོངས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དགེ་མཚན་ཅི་ཞིག་ཡོད་དམ་ཞེ་ན། 2018ལོར་ལྗོངས་ཡོངས་ཀྱི་སྤུས་ཚད་ལག་རྩལ་ལྟ་སྐུལ་ལས་དོན་ཚོགས་འདུའི་ཐོག   བོད་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  ཅུས་ཀྲང་ལིའུ་ཅཱ་ཅེ་ཡིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་ཁྲོད་འཛད་སྤྱོད་ནི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། མཐོ་འབྲིང་རིམ་གྱི་འཛད་སྤྱོད་དང་རང་གཤིས་ཅན་གྱི་འཛད་སྤྱོད་ནི་འཕེལ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ངེས་ལ། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་ནི་འཛད་སྤྱོད་སྐུལ་ཁྲིད་ཀྱི་བྱེད་པོ་གཙོ་བོར་གྱུར་རྒྱུ་དང་། ཐོན་ལས་ནས་བལྟས་ན། དེ་བས་ཀྱང་མང་པ་ནི་ལྗང་མདོག་ཐཱན་ཉུང་ཐོན་ལས་ཏེ། གཙོ་བོ་ཐོན་ལས་གསར་པ་དང་ཐོན་རྫས་གསར་པ། ལག་རྩལ་གསར་པ།  ལས་རྣམ་གསར་པར་བརྟེན་སྐུལ་འདེད་གཏོང་དགོས་ཤིང་། རིན་ཐང་སྦྲེལ་ཐག་སྟེང་མཐོ་འབྲིང་རིམ་གྱི་ངོས་སུ་གནས་ཡོད་པ་རེད། ལྗོངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་ཁོར་ཡུག་མཛེས་སྡུག་ལྡན་པ།  ནུས་ཁུངས་གཙང་མ་ཡིན་པ། ཡུལ་སྐོར་རིག་གནས།  ཁྱད་ལྡན་ཞིང་འབྲོག་ལས། སྐྱེ་ཁམས་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། དགེ་མཚན་མངོན་གསལ་ལྡན་མ་ཟད་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་ཡོད་ཅིང་། ང་ཚོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོན་ཁུངས་རྨང་གཞི་ལྡན་པ་དང་། མཐོ་འབྲིང་རིམ་གྱི་འཛད་སྤྱོད་གཏིང་ཤུགས་ཆེན་པོ་འདུས་ཡོད་པས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད་ཅེས་བསྟན་བྱུང་།
            ལིའུ་ཅཱ་ཅེ་ཡིས“ང་ཚོས་རང་ངོས་ཐོན་ཁུངས་ཀྱི་ལེགས་ཆར་དམ་པོར་གཞིགས་ནས། དཔལ་འབྱོར་གོང་དུ་སྤེལ་བའི་ཤུགས་རྒྱག་ས་དེ་ཐུན་མིན་དགེ་མཚན་ལྡན་པའི་ཐོན་ལས་སྟེང་འཇོག་པ་དང་། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་དམིགས་ཕྱོགས་གཙོ་བོར་འཛིན་པ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ལས་འགན་གཙོ་བོར་འཛིན་པ། ནུས་ཤུགས་ཆེན་པོ་བཏོན་ཏེ་སྤུས་ཚད་མཐོར་འདེགས་བྱ་འགུལ་སྤེལ་ནས་སྤུས་ཚད་བདེ་འཇགས་ཀྱི་ཚད་གཞིའི་མི་འདང་ས་གསབ་པ། དེང་རབས་དཔལ་འབྱོར་མ་ལག་གི་སྤུས་ཚད་རྨང་གཞི་ཇེ་བརྟན་དུ་བཏང་ནས‘ཡོད་དམ་མེད’ཅེས་པ་ནས‘ བཟང་དང་མི་བཟང’ ཞེས་པའི་ཕྱོགས་སུ་རྦད་དེ་བསྒྱུར་ཐུབ”དེ་སྐད་ཟེར།
            ངོ་སྤྲོད་བྱས་པར་གཞིགས་ན། 2018 ལོ་ནི་བོད་ལྗོངས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོར་གཏོང་དང་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱིས་བྱ་སྤྱོད་སྤེལ་བའི་ལོ་ཐོག་མ་ཡིན་ཏེ། བོད་ལྗོངས་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་རྐང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ།   ནུས་ཤུགས་ཡོད་རྒུས“མཐོ་རུ་གཏོང་པ་ལྔ་དང་། ཞབས་ཞུ་བྱེད་པ་ལྔ”( སྤུས་ཚད་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་པ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་ཞབས་ཞུ་བྱེད་པ། སྤུས་ཚད་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཞབས་ཞུ་བྱེད་པ།  སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་པ།  དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པ། སྤུས་ཚད་ལྟ་སྐུལ་བཅོས་བསྒྱུར་གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་གཏོང་པ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་བར་ཞབས་ཞུ་བྱེད་པ། དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་པ། སྤུས་ཚད་ལ་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་གོང་འཕེལ་མྱུར་པོ་ཡོང་པར་ཞབས་ཞུ་བྱེད་པ) ནང་དོན་གཙོ་བོ་བྱས་པའི“སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལོའི” བྱེད་སྒོ་དམ་འཛིན་གང་ཐུབ་བྱེད་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་དེད་དེ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ། བོད་ལྗོངས་ཀྱི་སྤུས་ཚད་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་པ་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་སོ།
འབྲེལ་ཡོད་རྩོམ་ཡིག