ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

གྲོང་ཚོ་གཞི་རྩ་བྱས་ནས། དུས་ཀྱི་འགྲོས་དང་བསྟུན་དགོས།

2018-04-18 པདྨ་ཚེ་རིང་གིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི་ཤན་རྩ་རྫོང་དཔལ་ཚལ་ཤང་གི་ཆུ་ནག་གྲོང་ཚོ་ནི་མཛེས་སྡུག་ལྡན་པའི་ཏ་ལ་གཡུ་མཚོ་ཡི་འགྲམ་དུ་ཆགས་ཡོད། ཁྱོན་བསྡོམས་རང་བྱུང་གྲོང་ཚོ་3དང་། དུད་ཚང་40། མི་གྲངས་186ཡོད་དེ། མི་རྣམས་ཀྱིས་འབྲོག་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། གནས་དེར་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་4880ཡོད་པས་གནམ་གཤིས་རྩུབ་ཅིང་། མི་རྣམས་ཀྱིས་གནས་འདིའི་དྲོད་ཚད་ལ་“ཀླད་གོར་མན་གྱི་བཅོ་བརྒྱད་དང་། ཀླད་གོར་ཡན་གྱི་བཞི་སྟོང་བརྒྱད”ཅེས་གདེང་འཇོག་བྱེད་ཀྱིན་ཡོད། གཤམ་གསལ་གྱི་གཏམ་རྒྱུད་ནི་གྲང་ངར་ཆེ་བའི་ས་མཐའི་གྲོང་སྡེ་ཆུང་ཆུང་འདི་རུ་བྱུང་བ་ཡིན།
             2018ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་མི་བཞི་ཆུ་ནག་གྲོང་ཚོ་རུ་བཅའ་སྡོད་ལ་སླེབས། ཁོང་ཚོ་བཅའ་སྡོད་བྱས་པའི་ཉིན་མ་རེ་རེ་ནི་གྲོང་མིའི་འཚོ་བ་གསར་པ་གཏོད་པའི་དུས་ཚོད་གསར་པ་འབའ་ཞིག་ཡིན།
             “ང་ཚོ་ཇི་ལྟར་དབུལ་ཡང་སློབ་གསོ་དབུལ་མི་རུང་། ང་ཚོ་ཇི་ལྟར་སྡུག་ཀྱང་ཕྲུ་གུ་སྡུག་མི་རུང་།”གྲོང་ཚོར་བཅའ་སྡོད་ལས་བྱེད་པ་རྣམས་སླེབས་པ་ན། ཁོང་ཚོའི་ལས་ཀ་དང་པོ་ནི་གྲོང་ཚོའི་སློབ་མ་རྣམས་ལ་དགུན་གནང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ་དེ་ཡིན། གྲོང་ཚོའི་བྱེད་སྒོ་ཁང་སློབ་ཁང་བྱས་ཏེ་ནག་པང་སྟབས་བདེ་ཞིག་བསླངས། གནས་འདི་ནས་གྲོང་ཚོའི་སློབ་མ་རྣམས་ཀྱིས་དགུན་གནང་སྐབས་ཀྱི་སློབ་ཁྲིད་དང་པོ་འཚོགས། བོད་ཡིག་དང་། ལོ་རྒྱུས། རྒྱ་ཡིག དབྱིན་ཡིག གཞུང་ཡིག་འབྲི་སྲོལ་སོགས་བཅའ་སྡོད་རུ་མི་རྣམས་ཀྱིས་སློབ་ཁྲིད་རེ་རེ་བློ་རྩེ་གཅིག་སྒྲིམ་གྱིས་གྲ་སྒྲིག་གང་ལེགས་བྱས་ཤིང་བུམ་པ་གང་བྱོའི་ཚུལ་གྱིས་ཕྲུ་གུ་ཚོའི་སྦྱངས་འབྲས་ཡར་ཐོན་ཡོང་བར་འབད་པ་བྱས། ཁང་བའི་ཕྱི་ན་གྲང་རླུང་འུར་འུར་དུ་ལྡང་ན་ཡང་། ཕྲུ་གུ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་ཀྱིས་“དགེ་རྒན་ཚོར”སུན་སྣང་སྤུ་ཙམ་ཡང་མེད་པར་འབད་བརྩོན་ལྷོད་མེད་བགྱི་བའི་སེམས་ཤུགས་བྱིན།
             གྲོང་ཚོའི་བྱེད་སྒོ་ཁང་ནས་ཉིན་མ་རེ་རེར་དཔེ་ཆ་ཀློག་པའི་སྐད་སྒྲ་ལྷང་ལྷང་མཆེད་ཅིང་། ཕྲུ་གུ་ཚོས་ཀྱང་སློབ་སྦྱོང་གི་དཀའ་གནད་སེལ་བར་བློ་ཁ་ཕྱོགས་པ་མཐོང་བའི་ཚེ། གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིད་སྤྲོ་བཞིན་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་རྣམས་ལ་བསྟོད་བསྔགས་གནང་། ཁོང་གིས་“ཀླད་པ་ཕྱུག་པོར་གྱུར་ན་ད་གཟོད་ཕ་ཡུལ་ཕྱུག་པོར་འགྱུར་ཐུབ།     ཤེས་ཡོན་ཡོད་ན་ད་གཟོད་ཡོད་ཚད་ལ་རེ་བ་ཡོད་འདུག”ཅེས་གསུངས།
རི་མོ་ནི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་གྲོང་ཚོའི་ཕྲུ་གུ་རྣམས་ལ་སློབ་ཁྲིད་བྱེད་བཞིན་པ་ཡིན།
             ཕྲུ་གུ་རྣམས་ལ་སློབ་ཁྲིད་བྱེད་རྒྱུ་ནི་གྲོང་ཚོ་བཅའ་སྡོད་ལས་བྱེད་པ་རྣམས་ཀྱི་ལས་ཀའི་ཆ་ཤས་ཤིག་ཡིན་ལ། ཁོང་ཚོའི་ལས་འགན་གཙོ་བོ་ནི་དབུལ་ཕོངས་དུད་ཁྱིམ་གྱི་སྣེ་ཁྲིད་དེ་མཉམ་དུ་དབུལ་ཐར་འགག་སྒྲོལ་བྱེད་རྒྱུ་དེ་ཡིན།
             གྲོང་ཚོའི་གནས་ཚུལ་གང་འདྲ་འདུག་གམ། དབུལ་ཐར་བྱུང་ཐུབ་བམ། ག་འདྲ་བྱས་ནས་དབུལ་ཐར་བྱའམ། དྲི་བ་འདི་དག་ནི་ལས་བྱེད་པ་རྣམས་ཀྱི་མིག་སྔར་ལྷག་པའི་གནད་དོན་ཞིག་ཡིན། གནད་དོན་འདི་དག་ཐག་གཅོད་ཆེད། ཁོང་ཚོ་གྲོང་ཚོ་དང་དུད་ཁྱིམ་རེ་རེ་བཞིན་ངོས་བསྐྱོད་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཐེངས་མང་པོར་རྟོག་དཔྱོད་ལ་བསྐྱོད་པས་ན། ལས་བྱེད་པ་རྣམས་ཀྱིས་གྲོང་ཚོའི་ཡུལ་མིའི་དབུལ་ཐར་གྱི་རེ་སྒུག་དེ་མཐོང་བྱུང་ལ། དབུལ་ཐར་གྱི་རེ་བ་དང་ཁ་ཕྱོགས་ཀྱང་རྙེད།
             གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱུང་བའི་རྨང་གཞིའི་ཐོག་བཅའ་སྡོད་ལས་བྱེད་པ་ཚོས་ལས་ཀའི་བྱེད་ཕྱོགས་གཏན་ལ་ཕབ། དེ་ནི་གྲོང་ཚོའི་མཉམ་ལས་ཁང་ནས་ཐོན་སྐྱེད་བྱས་པའི་མི་རིགས་ལས་ཤེས་ཐོན་རྫས་དང་རྩམ་པ་སོགས་ཀྱི་ཚོང་ལམ་ཇི་ལྟར་བྱས་ནས་རྒྱ་བསྐྱེད་པ་དང་།འབྲི་གཡག་གསོས་ནས་དབུལ་ཕོངས་དུད་ཁྱིམ་གྱི་ཡོང་འབབ་འཕར་བའི་ལས་ཀ་གཙོ་བོ་ཇི་ལྟར་ལག་བསྟར་བྱ་རྒྱུ་དེ་ཡིན། ཚོང་གཉེར་ལས་སྒོ་གསོ་སྦྱོང་དང་།ཐོན་རྫས་ཐོན་སྐྱེད་ཀྱི་བྱ་རིམ་རྣམས་དྲིལ་བསྒྲགས་པར་རིས་བཟོ་བར་འཆར་གཞི་བཟོ་བ།ཚོང་གཉེར་ཚབ་བྱེད་སོགས་ཀྱི་བྱེད་ཐབས་ཇེ་མང་དུ་བཏང་ནས་བྲིན་ཚོང་གི་ལམ་ཁ་ཆེ་རུ་བསྐྱེད་པ་མ་ཟད། ད་དུང་རྩྭ་རའི་ཕྱུགས་རིགས་ཀྱི་ཤོང་ཚད་འདང་ངེས་ཡོད་པའི་ཆ་རྐྱེན་ལ་གཞིགས་ནས་དབུལ་ཐར་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ་ཕྱུགས་ཟོག་300ཉོ་བའི་འཆར་གཞི་བཟོས་པ་དང་། གྲོང་ཚོའི་དབུལ་པོ་60ལྷག་འབྲི་གཡག་གསོ་བའི་རྣམ་གྲངས་ནང་ཞུགས་ཤིང་ཡོང་སྒོ་མང་དུ་འཕར་ཏེ་སྔ་མོ་ཞིག་ནས་དབུལ་ཐར་བྱུང་བར་སྐུལ་འདེད་བྱས།
             མཐའ་མར། མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་བཞིན། དབུལ་ཐར་གྱི་ལས་ཀར་གྲུབ་འབྲས་རགས་ཙམ་ཐོབ། 2017ལོའི་ཆུ་ནག་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པར་བྱ་དགའ་སྤྲོད་པའི་སྐབས་སུ། ལོ་ན་60ལྷག་ཙམ་ལ་སླེབས་པའི་ཏང་ཡོན་རྒན་གྲས་ནོར་བུས་“ཏང་གི་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་ལ་བརྟེན་ནས། ང་ཚོས་རྣམ་གཡེང་མེད་ཅིང་ལས་ལ་འབད་ན། འབྱོར་ཕྱུག་ལྡན་པའི་འཚོ་བ་ནི་རོལ་ཐུབ་ངེས་རེད”ཅེས་གསུངས།
རི་མོ་ནི་2017ལོའི་ཆུ་ནག་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན།
             ཆུ་ནག་གྲོང་ཚོའི་ནང་གི་བཅའ་སྡོད་ལས་བྱེད་པའི་ཁྲོད་བཤད་ཚུལ་འདི་འདྲ་ཞིག་ཁྱབ་ཀྱིན་ཡོད་དེ། “གྲོང་ཚོས་གྲོང་ཚོ་ལ་བལྟ་བ་དང་། ཁྱིམ་ཚང་གིས་ཁྱིམ་ཚང་ལ་བལྟ་བ། མང་ཚོགས་ཀྱིས་ལས་བྱེད་པར་བལྟའོ།།”དེ་ནི་ཁོང་ཚོའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ཏེ། གྲོང་ཚོར་བཅའ་སྡོད་བྱས་ནས་ཟླ་བ་གསུམ་ལྷག་རིང་གྲོང་ཚོའི་ནང་གི་བཅའ་སྡོད་ལས་བྱེད་པ་རྣམས་ཀྱིས་རྒྱུན་པར་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ། ཁ་བཤད་ལག་ལེན་གང་ཅིའི་ཐད་ནས་ཡུལ་མི་རྣམས་ལ་བག་ཆགས་བཟང་པོ་ཞིག་འཇོག་རྒྱུར་ཁག་ཐེག་བྱེད་བཞིན་ཡོད།
             དུད་ཁྱིམ་རེ་རེར་བཅར་འདྲི་དང་།རོགས་ཁྲིད་གྲོང་ཚོའི་“ཨུ་ལྷན་གཉིས”ཀྱིས་གྲོང་གསེབ་ཀྱི་ལས་དོན་དོ་དམ་ལས་ཀ་ལེགས་པོར་སྒྲུབ་པ། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ། འབྲོག་ཁྱིམ་གྱི་དཔེ་ཁང་ལེགས་སྒྲིག་བྱེད་པ། ཆུ་འདྲེན་སྒྲིག་ཆས་བཟོ་བ། ཁོར་ཡུག་གཙང་སྦྲ་བྱེད་པ། གྲོང་མིས་ཁྱིམ་སྤྱོད་གློག་ཆས་སྤྱོད་པར་མཛུབ་ཁྲིད་བྱེད་པ། དཀའ་ངལ་ཡོད་པའི་རྒན་བྱིས་ལ་འཚམས་འདྲི་བྱེད་པ་སོགས་དོན་ཕྲན་ཚེགས་མང་པོས་ཡུལ་མི་རྣམས་ལ་གྲོང་ཚོའི་ནང་གི་བཅའ་སྡོད་ལས་བྱེད་པ་རྣམས་ཀྱི་བསམ་བློ་གཅིག་མཐུན་གྱིས་མཐའ་གཅིག་ཏུ་ལས་ཀ་བསྒྲུབ་པ་དང་། འབུར་ཐོན་གཙོ་གནད་རིགས་ལ་ཤུགས་ཆེན་རྒྱག་པ། ཆོས་ཉིད་ལ་གཞིགས་ནས་ཚན་རིག་དང་མཐུན་པར་བསྒྲུབ་པ། ལག་ཡངས་ཤིང་སྣེ་ཁྲིད་པའི་ལས་ཀའི་བྱེད་སྟངས་རྣམས་ཀུན་གྱིས་མཐོང་བས། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་རྣམས་ཀྱི་སེམས་ཀྱང་འདི་ལྟར་ཇེ་ཉེ་ནས་ཇེ་ཉེར་ཕྱིན་པ་རེད།
             ཡུལ་མི་རྣམས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ལ་རང་ཉིད་ཀྱིས་བཟོས་པའི་ཟས་རིགས་སྤྲོད་པའམ། ཡང་ན་ད་ལོའི་ལུ་གུ་སྐྱེ་བའི་གནས་ཚུལ་ཁོང་ཚོར་ཁ་བརྡ་བྱེད་པ། ཡང་ན་ཕྲུ་གུའི་སྦྱངས་འབྲས་ཡར་རྒྱས་བྱུང་བའི་གཏམ་བཟང་བཤད་པ་སོགས་ཁོང་ཚོ“ནང་མི”བཞིན་དུ་བློ་སེམས་གཏོད་ཀྱིན་ཡོད།གཏམ་དཔེར་ཡང་། སྙིང་རུས་ཅན་གྱི་མི་རྣམས་ལ།། ཉིན་བཞིན་ཟླ་བཞིན་ཡར་རྒྱས་འབྱུང་། །ཞེས་པ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2018ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཡང“བདེ་སྐྱིད་ཡོད་ཚད་ཀྱི་འབྱུང་ཁུངས་ནི་འབད་བརྩོན་ཡིན།”ཞེས་གསུངས་ཡོད། བྱང་ཐང་ནི་མ་གཞི་ནས་གནམ་གཤིས་རྩུབ་ཅིང་། ལམ་གྱིས་ཆོད་ལ། འགྲིམ་འགྲུལ་མི་བདེ་ཡང་། གནས་འདིའི་མི་རྣམས་ཀྱིས་དུས་རབས་ཀྱི་གོམ་འགྲོས་བསྙེག་སྟེ་བདེ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱེད་པའི་ཆོད་སེམས་ནི་སུས་ཀྱང་འགོག་ཐབས་བྲལ་བ་ཞིག་རེད།
རི་མོ་ནི་ཡུལ་མིའི་ཚོགས་ཆེན་ལ་ཞུགས་པའི་མང་ཚོགས་ཡིན།
             དགུན་ཟླ་རིང་མོ་ཕར་ལ་བསྐྱེལ་ནས་དཔྱིད་ཀྱི་བདག་མོར་བསུ་མ་བྱེད། དེ་ཡང་ཨུ་རུ་སུའི་སྙན་ངག་པ་པར་མོང་ཐེས་“ང་ནི་ཕུགས་བསམ་གྱི་ཆེད་དུ་འཇིག་རྟེན་འདིར་ཡོང་བ་ཡིན”ཞེས་པ་ལྟར། ཆུ་ནག་གྲོང་ཚོའི་གཏམ་རྒྱུད་ཀྱིས་ང་ཚོར་བསྟན་དོན། དུས་བསྟུན་མདུན་སྐྱོད་ཡོད་པའི་ཚེ། ང་ཚོའི་འཚོ་བ་ལ་ད་གཟོད་འོད་སྣང་དང་རེ་བས་ཁེངས། དུས་བསྟུན་མདུན་སྐྱོད་ཡོད་པའི་ཚེ། ང་ཚོ་ཚང་མ་ལ་ད་གཟོད་གྲུབ་འབྲས་དང་ཡིད་ཆེས་སྔར་བས་མང་བ་ཐོབ། དུས་བསྟུན་མདུན་སྐྱོད་ཡོད་པའི་ཚེ། ང་ཚོ་ཚང་མས་ད་གཟོད་དབུལ་ཐར་ཕྱུག་འགྱུར་གྱི་དམིགས་ཡུལ་མངོན་དུ་འགྱུར། དུས་བསྟུན་མདུན་སྐྱོད་ཡོད་པའི་ཚེ། ང་ཚོ་ཚང་མས་ཅིས་ཀྱང་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གསར་དུ་བསྐྲུན་ནུས་པ་རེད།
འབྲེལ་ཡོད་རྩོམ་ཡིག