ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་པར་དུ་བླངས།

2018-04-18 རྡོ་རྗེས་བསྒྲིགས།
འདི་ནི་བསོད་ནམས་དབང་ཕྱུག(གཡོན་གྱི་དྲུག་པ)གི་ཁྱིམ་མི་མཉམ་འཛོམས་ཀྱི་འདྲ་པར་ཡིན་པ།
འདི་ནི་བསོད་ནམས་དབང་ཕྱུག་དང་ཡང་ཚ་མཉམ་དུ་བརྒྱབ་པའི་པར་ཡིན་པ།
ལེ་ཚན་གཏོད་པའི་གཏམ།
          མི་རབས་བཞི་འཛོམས་ནི་སྲོལ་རྒྱུན་ཀྲུང་གོ་བས་ཁྱིམ་རྒྱུད་འཛིན་པའི་འདུན་པ་ཞིག་ཡིན་ལ་སྔར་ནས་མི་རྣམས་ཀྱིས་དགའ་པོ་བྱེད་པའི་ཁྱིམ་ཚང་སྐྱོང་སྟངས་ཤིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཀྲུང་གོ་གསར་པར་བགྲང་བྱ་དྲུག་ཅུ་ལྷག་ཙམ་རིང་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་ལེགས་སུ་སོང་སྟེ་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་གང་སར་མཐོང་རྒྱུ་ཡོད་པ་མ་ཟད། མི་རབས་ལྔ་འཛོམས་ཀྱི་ཁྱིམ་ཚང་ཡང་དེ་ཙམ་མཐོང་དཀོན་པ་ཞིག་མིན་པ་སྨོས་ཅི། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་གྱི་བོད་ལའང་མཐོང་རྒྱུ་ཡོད།
          སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་བོད་གསར་རྙིང་བསྡུར་བའི་དྲིལ་བསྒྲགས་བྱེད་སྟངས་གསར་དུ་གཏོད་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“བོད་ཀྱི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་པར་ལེན་ཐོ་འགོད”ཅེས་པའི་ཆེད་སྒྲིག་ལེ་ཚན་འདོན་རྒྱུ་དང་། དེའི་དམིགས་ཡུལ་ནི་ཞིང་འབྲོག་པའི་ཁྱིམ་ཚང་དཀྱུས་མའི་དགའ་སྤྲོའི་རྣམ་པ་བཀོད་དེ་དེང་རབས་བོད་ཀྱི་ཞིང་འབྲོག་པའི་བདེ་སྐྱིད་འཚོ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱུང་བའི་གྲུབ་འབྲས་ཆེན་པོ་དང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ལེགས་པར་མངོན་པར་བྱ་རྒྱུ་དེ་ཡིན།
          མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་སྡོད་པའི་བསོད་ནམས་དབང་ཕྱུག་གིས་རང་ཉིད་ཀྱི་ཕ་མ་གཉིས་པོར་དད་གུས་ཆེན་པོ་བྱེད་ཀྱི་ཡོད། ཕ་མ་གཉིས་ཀྱིས་ཕྲུ་གུ་དགུ་གསོས་པའི་ནང་ཁོང་ནི་རྒན་ཤོས་ཡིན་པ་དང་། ཕ་མ་གཉིས་པོས་ཁྱིམ་ཚང་བསྐྱངས་ཏེ་བུ་ཕྲུག་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་དཀའ་ལས་ཇི་འདྲ་བརྒྱབ་པ་ཁོང་གིས་མིག་མཐོང་ལག་ཟིན་བྱུང་ཡོད། སྤྱི་ཚོགས་རྙིང་པར་བསོད་ནམས་དབང་ཕྱུག་གི་ཕ་མ་གཉིས་པོ་ནི་རུ་ཐོག་གི་ལྷུན་གྲུབ་ཆོས་སྡེ་དགོན་པའི་འབྲོག་པ་ཁྲལ་པ་ཡིན་པ་དང་། རའི་ཁུ་ལུ་འཐོག་རྒྱུར་མཁས་སྟབས་ཉེ་འཁོར་གྱི་འབྲོག་པ་མང་པོས་ཁོང་གཉིས་ལ་རོགས་པ་བྱེད་རོགས་ཞུ་ཡི་ཡོད། བསོད་ནམས་དབང་ཕྱུག་གི་བཟའ་ཟླ་གུ་རུ་སྒྲོལ་མའི་ཁྱིམ་ལ་བོགས་མ་དང་ཁྲལ་འུ་ལག་ལྕི་བའི་རྐྱེན་གྱིས་ཁྱིམ་ཚང་གུད་ནས་གཞན་གྱི་ཕྱུགས་འཚོ་བར་ཕྱིན་ཏེ་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་གུ་རུ་སྒྲོལ་མའི་ཁྱིམ་ལ་ལུག་དང་ནོར་སོགས་བགོ་བཤའ་ཐོབ་པ་དང་། ཁུ་ལུ་འཐོག་པའི་ནམ་དུས་སུ་སླེབས་རིམ་བཞིན་བསོད་ནམས་དབང་ཕྱུག་ཕ་བུ་གཉིས་གུ་རུ་སྒྲོལ་མའི་ཁྱིམ་གྱི་ཕ་མ་རང་ཁྱིམ་ལ་རོགས་པ་བྱེད་པར་འབོད་ཀྱི་ཡོད། རྒན་རྒོན་གྱིས་ཐག་བཅད་པར་བརྟེན་ཁོང་གཉིས་མཉམ་དུ་འཇིག་རྟེན་མཐུན་འཇུག་ལ་ཞུགས་ནས་ད་བར་འཚོ་བ་བསྐྱལ་ནས་བསྡད་པ་རེད།
          བསོད་ནམས་དབང་ཕྱུག་དང་གུ་རུ་སྒྲོལ་མ་བཟའ་ཚོ་གཉིས་ལ་ཕྲུ་གུ་10ཡོད། ད་ཆ་གཞི་རིམ་གྱི་ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་ཆེས་ཆེར་ལེགས་སུ་སོང་ནས་ཕྲུ་གུ་ཚོས་བསོད་ནམས་དབང་ཕྱུག་བཟའ་ཚོ་གཉིས་ཚེ་མཇུག་བདེ་བར་འཁོད་ཆེད་རྒན་རྒོན་རྫོང་གྲོང་ལ་སྡོད་དུ་བཅུག་ཡོད། ཡང་ཚ་དག་བདེ་ཐང་ངང་འཚར་ལོངས་བྱུང་ནས་རིག་གནས་ཡོད་པ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན་ཞིག་ཏུ་འགྱུར་རྒྱུ་ནི་བཟའ་ཚོ་གཉིས་པོའི་འདུན་པ་ཆེ་ཤོས་དེ་རེད།
འབྲེལ་ཡོད་རྩོམ་ཡིག