ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པེ་ཅིང་འཐུས་མི་ཚོགས་པས་བོད་དུ་དབུལ་སྐྱོར་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

2018-04-19 སངས་སྐྱབས་ཀྱིས་བསྒྲིགས།
           ཟླ་4ཚེས་15ཉིན་ནས་17ཉིན་བར། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅི་ཉིང་གིས་པེ་ཅིང་གྲོང་ཁྱེར་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་དབུལ་སྐྱོར་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། པེ་ཅིང་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལུའུ་ཡན་དང་། ཙེང་དབན་མིང་། པད་མ་དབང་འདུས། འཇམ་དཔལ་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པའམ་ཡང་ན་རྟོག་ཞིབ་ནང་ལྷན་དུ་ཕེབས་ཡོད་པ་རེད།
           ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་ཁྲེན་ཅི་ཉིང་དང་ལྷན་དུ་བཞུགས་མོལ་གནང་སྟེ་དབུལ་སྐྱོར་བོད་སྐྱོར་ལས་ཀའི་ཇུས་ཆེན་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད།
           ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྲེན་ཅི་ཉིང་དང་བཅས་པས་བོད་དུ་དབུལ་སྐྱོར་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་དང་། པེ་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བོད་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེ་བ་དང་། བོད་ཀྱི་བརྟན་ལྷིང་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་དང་བོད་ཀྱི་བདེ་འཇགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ཡོད། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐུགས་ལ་བཅངས་གནང་སྟེ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གཏན་འཁེལ་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཏེ་ཀྲུང་དབྱང་གིས་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པར”རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་ཁག་གཅིག་གཏན་འཁེལ་གནང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པའི་ཐོག་བཞག་སྟེ་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་གསར་སྣོན་བཅས་བྱས་ཡོད་ཅེས་གསུངས་པ་རེད།
           ཝུའུ་དབྱིང་ཅེས་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ལྷ་སར་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་པ། ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་བྱས་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ནུས་ཡོད་རྒུས་གཞོལ་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ཡོད། པེ་ཅིང་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་བརྩེ་སེམས་ཟབ་མོ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་ནམ་ཡང་གནས་ངེས་རེད་ཅེས་གསུངས་པ་རེད།
           ཝུའུ་དབྱིང་ཅེས་མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་དེ་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ཡིན་པས་དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་པོ་ཡོད། ང་ཚོས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛད་ཇུས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། པེ་ཅིང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་གཅེས་སྤྲས་ལྷག་པར་བྱེད་པ། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པ་དང་བྱས་རྗེས་འཇོག་པའི་ནང་རང་ཉིད་ཞུགས་པའི་སྙིང་སྟོབས་ལ་བརྟེན་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། པེ་ཅིང་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་ལེགས་ཆ་སྔར་བས་འདོན་སྤེལ་དང་། བོད་སྐྱོར་བསམ་ཕྱོགས་གསར་གཏོད། བོད་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལྷ་སའི་སློབ་གསོ་དང་སྨན་བཅོས་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཁྱད་ལྡན་ཐོན་ལས། སྤྱི་པའི་ཞབས་ཞུ། གྲོང་ཁྱེར་དོ་དམ་སོགས་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། བོད་སྐྱོར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཟོལ་མེད་ཀྱི་རེ་བ་འཆང་གི་ཡོད་ཅེས་གསུངས་པ་རེད།
           ཁྲེན་ཅེ་ཉིང་གིས་བོད་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་བྱས་པས། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་བྱུང་བ། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་བ། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པ། རིམ་ཁག་ལས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་ཡོད་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
           ཁྲེན་ཅི་ཉིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་ཁས་ལེན་གནང་བའི་བརྗིད་ཆེའི་དམ་བཅའ་ཞིག་རེད། པེ་ཅིང་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། བོད་སྐྱོར་ལས་དོན་དང་ལྷག་པར་དུ་ཁ་གཏད་དབུལ་སྐྱོར་གྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས་ཀྱི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ནུས་འཕེལ་བར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ལྷ་སར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཟླ་4ཚེས་16ཉིན་གྱི་ཕྱི་དྲོ། པེ་ཅིང་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་གྱི་དབུལ་སྐྱོར་ལས་དོན་ལ་རོགས་སྐྱོར་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཁྲེན་ཅི་ཉིང་གིས་ལམ་བར་དུ་བརྟག་ཞིབ་བྱས་པ་བརྒྱུད་ང་ཚོས་ལྷ་ས་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྒྲོལ་ལ་དམ་འཛིན་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་བསམ་པའི་ཉམས་འགྱུར་ཡག་པོ་མངོན་པ་གཏིང་ཟབ་ཚོར་བྱུང་། ལྷ་སར་དགའ་འོས་པའི་གྲུབ་འབྲས་འདི་འདྲ་ཐོབ་པར་ང་ཚོས་སྙིང་དབུས་ནས་ཡིད་སྨོན་དང་དགའ་ཚོར་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། བོད་ཀྱི་དབུལ་སྒྲོལ་ལས་དོན་དེ་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་ཡོད། པེ་ཅིང་གིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་གནང་བའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་དང་ང་ཚོས་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ཆེས་ཕུལ་བྱུང་གི་ཚད་གཞིར་གཞིགས་ཏེ་ཚད་ཤིང་འཛུགས་པ་དང་རང་དཔེ་གཞན་སྟོན་བྱས་ནས་རོགས་སྐྱོར་གྱི་གཙོ་གནད་དེ་དབུལ་སྒྲོལ་འགག་སྒྲོལ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་ཐད་བཞག་སྟེ་ཆོད་སེམས་དེ་བས་ཆེ་བ་དང་། བྱ་ཐབས་དེ་བས་གནད་སྨིན། སྤྱོད་ཚུལ་དེ་བས་ནན་པ་བཅས་ལ་བརྟེན་ནས་ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་ཀྱིས་བློ་རྩེ་གཅིག་སྒྲིམ་དང་། ལྷག་བསམ་རྣམ་དག ནུས་ཤུགས་ཡོད་རྒུ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་གྱི་ལེའུ་གསར་པ་བརྩམ་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཁྲེན་ཅི་ཉིང་གིས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མུ་མཐུད་ཨང་དང་པོར་བཞག་སྟེ་དབུལ་སྒྲོལ་བརྟན་པོ་ཡོང་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་། དབུལ་པོ་བསྐྱར་ལོག་བྱ་རྒྱུའི་སྔོན་འགོག་ལས་དོན་ལ་དེ་བས་སྣང་ཆེན་བྱེད་པ། འབབ་འཕར་རྒྱུན་མཐུད་ཡོང་བར་དེ་བས་སྣང་ཆེན་བྱེད་པ། ལམ་སྲོལ་བཙུགས་ཡོད་མེད་དང་། རྣམ་གྲངས་གནད་སྨིན་བྱུང་ཡོད་མེད། མང་ཚོགས་བློ་ཡིད་ཚིམ་པོ་བྱུང་ཡོད་མེད་བཅས་བོད་སྐྱོར་དབུལ་སྐྱོར་ལས་དོན་ལ་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩི་བ་བཅས་བྱས་ནས་ཡུལ་དེའི་མང་ཚོགས་དུས་བཀག་ནང་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱེད་དགོས་པ་སྟེ། གཅིག་ནས་གནད་སྨིན་ངང་དམིགས་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་ཐུབ་མེད་པའི་མི་འབོར་དང་དེ་བཞིན་དབུལ་སྒྲོལ་གྱི་མཚམས་སུ་སླེབས་པའི་མི་འབོར་དབུལ་པོར་དམིགས་པ་དང་གནད་སྨིན་བབ་བསྟུན་ངང་དབུལ་སྐྱོར་རྣམ་གྲངས་མཛོད་བཙུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་100%ཐུབ་པ་བྱེད་པ་དང་། གཉིས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་མཐོང་ཆེན་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་དང་མུ་མཐུད་འགག་སྒྲོལ་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་ཏེ་སྤུས་འབོར་གཉིས་ལྡན་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱེད་པ་དང་ཆབས་ཅིག དབུལ་པོ་བསྐྱར་ལོག་སྔོན་འགོག་ཐད་སྔར་ལས་ལྷག་པའི་མཐོང་ཆེན་བྱས་ནས་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱེད་པ། གསུམ་ནས་སྣོད་བཅུད་དབུལ་སྒྲོལ་གྱི་རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་སྟེ་དབུལ་སྐྱོར་རོགས་སྐྱོར་ཁྲོད་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་སྔོན་ཚུད་ཀྱི་གནས་བབ་ཐོག་བཞག་ནས་དབུལ་སྐྱོར་གསར་སྤེལ་དང་སྣོད་བཅུད་འཛུགས་སྐྱོང་གཉིས་ཕན་ཡོང་བ་བྱེད་པ། བཞི་ནས་ལྗང་མདོག་ཐོན་ལས་ལ་དབུལ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་ལྷ་སའི་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་ཐབས་མང་ཉམས་སྤྱོད་ཀྱིས་ཡུལ་དེའི་ཐོན་ལས་ལ་སྤུས་རྟགས་གཏོད་པ་དང་ཁྲོམ་ར་རྒྱ་ཆེར་གཏོང་རོགས་བྱེད་པ། ལྔ་ནས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཟབ་ཏུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་རིང་མི་རིགས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག