ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཆེ་དགྲ་ལྷས་མལ་གྲོ་གུང་དཀར་རྫོང་དང་སྟག་རྩེ་ཆུས་སུ་བརྟག་ཞིབ་གནང་བ།

2018-04-23 སངས་སྐྱབས་ཀྱིས་བསྒྲིགས།
           ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་མལ་གྲོ་གུང་དཀར་རྫོང་དང་སྟག་རྩེ་ཆུས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་རྫོང་རིམ་པའི་བཙོག་ཆུ་གཙང་གསིང་ལས་དོན་ལ་གཙོ་གནད་དུ་བརྟག་ཞིབ་གནང་བ་རེད།
           ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
           ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དུས་དང་རྣམ་པ་ཀུན་དུ་ཆེ་དགྲ་ལྷས་དོ་ཁུར་ཆེ་ཤོས་གནང་བའི་གནད་དོན་ཞིག་རེད། ཆེ་དགྲ་ལྷ་དང་བཅས་པ་སྔ་རྗེས་སུ་གླིང་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དང་། མཉམ་ལས་ཁང་། ཁེ་ལས་བཅས་སུ་ཕེབས་ནས། ཐོན་སྐྱེད་སྒྲུབ་རིམ་ལ་གཟིགས་པ་དང་། གཉེར་སྐྱོང་བྱེད་སྟངས་སྐོར་འདྲི་བ། འཕེལ་རྒྱས་སྐོར་གླེང་བ་བཅས་དང་འབྲེལ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་ཡང་གནང་བ་རེད། ལས་མི་ལྷག་ཆུང་ལ་འབྲེལ་ཡོད་ཕྱོགས་ཁག་གི་རོགས་སྐྱོར་དང་ཁོང་རང་ཉིད་ཀྱི་འབད་བརྩོན་འོག་ལྗོངས་ཡོངས་ཀྱི“ལྔ་གཅིག”ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ལ་གྱུར་པ་དང་། ལོ་རབས་90པའི་རྗེས་སུ་སྐྱེས་པའི་གཞོན་ནུ་ཟླ་བ་དོན་གྲུབ་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱས་པས་སྐད་གྲགས་ཅུང་ཆོད་པ་བཅས་མཁྱེན་རྗེས་ཆེ་དགྲ་ལྷས་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་དཔེ་མཚོན་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་མང་ཚོགས་དབུལ་པོའི་འདུ་ཤེས་སྒྱུར་རྒྱུར་ཁྲིད་སྟོན་བྱེད་པ་དང་ལས་ཞུགས་ལས་གཏོད་ཀྱི་ཡིད་ཆེས་དང་བརྩོན་སེམས་ཆེ་རུ་བཏང་ནས་དཀའ་སྤྱད་ངལ་རྩོལ་བརྒྱུད་ཕྱུག་འགྱུར་ལམ་བུ་དང་བདེ་སྐྱིད་ལམ་བུའི་ཐོག་སྐྱོད་དགོས་ཞེས་གསུངས་པ་རེད། 
           ཆེ་དགྲ་ལྷས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་འགག་རྩ་ཡིན་པས། ཁྲོམ་ར་ཕྱོགས་སྟོན་དུ་བྱེད་པ་དང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གནད་སྨིན་ཤུགས་འདོན་ཐད་ནུས་ཤུགས་འདོན་པ་དང་ཐོན་ལས་དབུལ་སྐྱོར་ཐད་ནུས་ཤུགས་བཏོན་ནས་གཅིག་སྡུད་འོས་འཚམ་གྱི་རྩ་དོན་གཞིར་བཟུང་། ཕུགས་ཀྱི་འཆར་འགོད་ལ་དམིགས་པ་དང་། ཐོན་ལས་ཀྱི་བཀོད་ཇུས་ལེགས་སུ་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་བ། ཐོན་ལས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་དང་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་བརྒྱབ་སྟེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུར་རམ་འདེགས་བྱེད་དགོས་པ་དང་།  དབུལ་སྐྱོར་དེ་བློ་སྐྱོར་དང་རིག་སྐྱོར་གཉིས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དེ་ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་། ཁེ་ཕན་གྱི་སྦྲེལ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྩལ་ནུས་གསོ་སྦྱོང་ཐད་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཁར། ཐོན་ལས་གླིང་ཁུལ་དང་། སྣེ་འདྲེན་ཁེ་ལས། དཔལ་འབྱོར་མཉམ་ལས་ཁང་། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་བརྒྱུད་མང་ཚོགས་རྣམས་ས་ཞིང་བརྒྱུད་བཤུག་དང་། མ་རྐང་ནང་ཞུགས་པ། ལས་ཞུགས་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། འཕེལ་རྒྱས་ནང་ཞུགས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ལས་ཞུགས་དེ་བས་ལ་རྒྱ་ལྡན་པ་དང་འཚོ་བ་དེ་བས་སྤུས་དག་ཅིག་ཏན་ཏིག་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 
           མལ་གྲོ་གུང་དཀར་རྫོང་སྣོད་བཅུད་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་སྟག་རྩེ་ཆུས་བཙོག་ཆུ་གཙང་གསིང་བཟོ་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་ཆེ་དགྲ་ལྷས་རྣམ་གྲངས་འཁོར་སྐྱོད་དང་འཛུགས་སྐྲུན་གྱི་འཕེལ་རྒྱས་གནས་ཚུལ་ཕྱོགས་ཡོངས་ནས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་བཙོག་ཆུ་གཙང་གསིང་གི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཞིབ་ཕྲའི་ལས་དོན་ཞིག་ཡིན་པ་དེར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗང་མདོག་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས། “སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་ཁོར་ཡུག་ལྟ་ཞིབ་བསུ་བའི་ལས་དོན་གོ་སྐབས་སུ་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འདིང་བ། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད། དཔེ་སྟོན་སྔོན་ལ་ལག་བསྟར། གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་པ་མ་ཟད། ཞན་ཁ་གསབ་པ། ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་འཛུགས་སྐྲུན་བྱེད་པ། བཙོག་ཆུར་དོ་དམ་དང་ཐག་གཅོད་ཡག་པོ་བྱེད་པ། བཙོག་ཆུ་གཙང་གསིང་བྱས་རྗེས་སླར་ཡང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་མཐོའི་ཁྱད་ཆོས་དང་འཚམ་པ་དང་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་བཙོག་ཆུ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ། མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག