ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དམིགས་བསལ་ཐོན་ལས་ལེགས་པར་སྤྱད། ཁྱད་ལྡན་ཐོན་ལས་དར་ཞིང་རྒྱས།

2018-05-16 བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར།
—— རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།
           བོད་ལྗོངས་གནམ་ས་ལྗང་མདོག་བཏུང་བཅའ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ནང་འདྲེན་བྱས་པའི་འཇར་མན་གྱི་ཁེ་ལང་སི་སྦི་རག་ལྕགས་ཀྲིན་གྱི་ཐོན་སྐྱེད་སྒྲུབ་རིམ་བཞིན་རང་འགུལ་ཅན་གྱི་ཐོན་སྐྱེད་བྱས་པར་ནས་ཀྱི་སྦི་རག་ཆུ་ཚོད་རེར་ལྕགས་ཀྲིན་ཁྲི་3.6ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་ཅིང་། འདི་ནི་ཀུང་སི་དེའི་ཐོན་སྐྱེད་སྒྲུབ་རིམ་གྱི་ཟུར་ཞིག་ཡིན་པ།
འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མྱུར་བ།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་ལ་འཁེལ་བའི“ཐོན་ལས་དང་པོ་ཆུ་ཚད་ཐོག་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་ལ་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་འཆར་འགོད་བྱེད་པ་དང་། སྤུས་ཚད་མཐོར་གཏོང་དང་ཕན་ནུས་འཕར་བར་དམ་འཛིན་བྱས་པས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད།
           བོད་ཀྱི་ཆུའི་སྙན་གྲགས་གང་སར་ཁྱབ་ཅིང་། རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐད་སྔ་ཕྱི་བར་གསུམ་དུ་“ཁྲོམ་རས་གཙོ་ཁྲིད་དང་། སྲིད་གཞུང་གིས་ཁྲིད་སྟོན། ཁེ་ལས་ཀྱིས་བྱེད་པོ”བཅས་ཀྱི་རྩ་དོན་གཞིར་བཟུང་། “སྤུས་ཚད་མཐོ་བ་དང་། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ། མཉམ་ལས་གཉིས་ཁེ”བཅས་ཀྱི་བསམ་བློ་ལྟར་བྱེད་ཐབས་ནུས་ལྡན་སྤྱད་ནས་རང་བྱུང་འཐུང་ཆུའི་ཁེ་ལས་འཕེལ་རྒྱས་མགྱོཌ་སུ་བཏང་བས། “བོད་ཀྱི་ཆུ་བཟང”གི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་ཁྲོམ་རའི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད།
           མིག་སྔའི་བར་ལྗོངས་ཡོངས་སུ་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་35ཡོད་པ་དང་། ཐོན་སྐྱེད་སྒྲུབ་རིམ་ཁག་40ལྷག་ཙམ་བསྐྲུན་པར་སྤྱིའི་ཐོན་ནུས་ཏུན་ཁྲི་353ཇུས་འགོད་བྱས་པ་དང་། ལས་རིགས་ཀྱི་སྤྱིའི་ཐོན་སྐྱེད་ལག་རྩལ་དང་བཟོ་རྩལ་གྱི་ཚད་གཞི་རྒྱལ་ནང་གི་ཆུ་ཚད་འབྲིང་མཐོར་སླེབས་པ་རེད། རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་ཐོན་འབབ་དེ་2013ལོར་ཏུན་ཁྲི་10ཡང་མི་ཟིན་པ་ནས་2017ལོར་གཞི་ཁྱོན་ལྡན་པའི་ཁེ་ལས་ཀྱི་ཐོན་འབབ་ཏུན་ཁྲི་69ཟིན་ནས་དུས་མཚུངས་ལས་28.6%འཕར་ཡོད། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཐད་ཀྲུང་གོའི་གྲགས་ཅན་ཚོང་རྟགས་1དང་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་2ཡོད་ཅིང་། རང་བྱུང་འཐུང་ཆུའི་ཐོན་ལས་ཀྱིས་མི་5000ཡན་ཐད་ཀར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་མི་ཁྲི་2ཙམ་བར་བརྒྱུད་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ཀྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ།
           རྩ་བ་བརྟན་པོ་བྱུང་ཚེ་གཞི་ནས་ཡལ་ག་རྒྱས་ཐུབ། བོད་ནི་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་ཡིན་པ་དང་ཕུན་སུམ་ཚོགས་པའི་སྨན་སྤྱོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དང་དེ་བཞིན་གཏེར་རྒྱུའི་ཐོན་ཁུངས་ཡོད་ཅིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་གཞུང》ནང་བཅུག་པའི་རིགས་188ཙམ་ཟིན་ཡོད།
           2017ལོར་རྒྱལ་ཁབ་ཀྱི་རྒྱུན་མཁོའི་སྨན་རྫས་ཀྱི་དཀར་ཆག་ཁྲོད་བོད་སྨན་རིགས་50ཟིན་ཞིང་། མིག་སྔར་ལྗོངས་ཡོངས་སུ་སྨན་རྫས་བཟོ་སྐྲུན་ཁེ་ལས་ཁྱོན་23(བོད་སྨན་ཐོན་སྐྱེད་ཁེ་ལས་17)ཡོད་པ་ཚང་མར་GMPགསར་པའི་དཔང་རྟགས་ཁས་ལེན་ཐོབ་ཡོད། ལྗོངས་ཡོངས་ཀྱི་བོད་སྨན་སྤུས་རྟགས་ཐོན་རྫས་22ལ་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་དང་ཐོན་རྫས་2ལ་རྒྱལ་ཁབ་ཀྱི་གྲགས་ཅན་ཚོང་རྟགས་ཐོབ་ཡོད། 2017ལོར་ལྗོངས་ཡོངས་ཀྱི་སྨན་རྫས་བཟོ་སྐྲུན་ལས་རིགས་ལ་བཟོ་ལས་ཀྱི་འཕར་མའི་རིན་ཐང་སྒོར་དུང་ཕྱུར་7.75མངོན་འགྱུར་བྱུང་ནས་དུས་མཚུངས་ལས་8.1%འཕར་ཡོད།
ལག་ཤེས་བཟོ་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ།
           མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་གི་རིག་གནས་ཡིན་ཞིང་། རང་ལྗོངས་ཀྱིས་སྤུས་ཚད་རིམ་སྤོར་དང་། སྤུས་རྟགས་གཏོད་པ། བཟོ་རྩལ་ལེགས་གཏོང་། ཚད་གཞི་ཚད་ལྡན། ཤེས་ལྡན་པས་རྒྱུན་འཛིན་སོགས་ལ་དམིགས་ནས་མི་རིགས་ལག་ཤེས་བཟོ་ལས་གསར་གཏོད་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ལག་ཤེས་བཟོ་ལས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
           མིག་སྔའི་བར་རང་ལྗོངས་ཀྱི་མི་རིགས་ལག་ཤེས་ཐོན་རྫས་ཀྱི་རིགས་2000ལྷག་ཙམ་ཟིན་པ་དང་ཐོན་རྫས་600ལྷག་ཙམ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་སྤུས་ལེགས་ཐོན་རྫས་སུ་བདམས་ཏེ་སྤུས་རྟགས་ཀྱི་རིན་ཐང་རིམ་བཞིན་མངོན་ཡོད། 2017ལོར་ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་མི་རིགས་ལག་ཤེས་བཟོ་ལས་ཁེ་ལས་280ལྷག་ཙམ་ཟིན་པ་དང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12བྱུང་བ། ལག་ཤེས་བཟོ་ལས་ནང་ཞུགས་པའི་མི་གྲངས་ཁྲི་8ཟིན་པ། ཁེ་ལས་ཀྱིས་མི་གྲངས་8000ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བཅས་བྱས་པ་རེད།
བཟའ་བཅའ་དང་འཛུགས་སྐྲུན་རྒྱུ་ཆ་སོགས་ཐོན་ལས་ཀྱི་སྟོབས་ཤུགས་གསར་པ་འཕེལ་བ།
           ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་སྐྱེ་དངོས་ཐོན་ལས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་དེ་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། ཐོན་སྐྱེད་བཟོ་རྩལ་སྔོན་ཐོན། ཐོན་ཁུངས་གསར་སྤེལ་གྱི་ལེགས་ཆ་བཅས་ལྡན་པའི་ཞིང་ཕྱུག་ཐོན་ཟོག་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཐོན་ཟོག་གི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ས་མཐོའི་ཁྱད་ལྡན་བཟའ་བཅའི་ཐོན་ཟོག་ཐོན་སྐྱེད་ཀྱི་རྟེན་གཞི་དང་ཐོན་ལས་ཁུལ་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ“ལྷ་སའི་སྦི་རག”དང་། “ཉི་འོད་སྐྱེ་དངོས”སོགས་ལས་སྣོན་བྱེད་ཤུགས་ཆེ་བ་དང་། ཐོན་ཟོག་གི་ཟུར་སྣོན་རིན་ཐང་མཐོ་བ། ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་གང་ཐུབ་བྱས་པར་ས་མཐོའི་ཁྱད་ལྡན་བཟའ་བཅའི་ཐོན་ཟོག་ཐོན་ལས་ལ་གཞི་ཁྱོན་རགས་ཙམ་ཆགས་ཡོད། མིག་སྔའི་བར་ནས་ལས་སྣོན་ཞིབ་ཚགས་དང་ས་གཙང་བདེ་ཐང་སོགས་ཁྱབ་ཁོངས་ལ་ཀྲུང་གོའི་གྲགས་ཅན་ཚོང་རྟགས་14དང་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་107ཡོད། 2017ལོར་ལྗོངས་ཡོངས་ཀྱི་ཞིང་ཞོར་བཟའ་བཅའ་ལས་སྣོན་བཟོ་ལས་ལ་བཟོ་ལས་ཀྱི་འཕར་མའི་རིན་ཐང་སྒོར་དུང་ཕྱུར་0.9བྱུང་བ་དང་། བཟའ་བཅའ་བཟོ་སྐྲུན་ལས་རིགས་ལ་བཟོ་ལས་ཀྱི་འཕར་མའི་རིན་ཐང་སྒོར་དུང་ཕྱུར་1.8བྱུང་བ་རེད།  
འབྲེལ་ཡོད་རྩོམ་ཡིག